འཕྲིན་ཕྲན་ཚོགས་པ་བཙུགས་ནས་རྒྱན་སྐུགས་པ་དེའང་ “ཤོ་ར་འཛུགས་གཉེར་གྱི་ནག་ཉེས་”སུ་བརྩི་ཆོག

ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


ལྷན་རྒྱས་ཁམས་བཟང་། ང་ནི་ཁྲིམས་རྩོད་པ་ལྷ་མོ་ཡིན། དེ་རིང་ངས་འཆད་བྱ་ནི་“ཤོ་ར་འཛུགས་གཉེར་གྱི་ནག་ཉེས་”ཡིན། ཉེས་མིང་འདི་ལས་ང་ཚོས་གོ་དོན་རྟོགས་ཐུབ་ཀྱི་རེད། སྤྱིར་བཏང་ང་ཚོས་བལྟས་ན་ས་གནས་ཞིག་གི་དངོས་སུ་མི་གཞན་ལ་རྒྱན་སྐུགས་རྩ་འཛུགས་བྱས་ན་ད་གཟོད་“ཤོ་ར་འཛུགས་གཉེར་གྱི་ནག་ཉེས་”སུ་བརྩི་བཞིན་ཡོད་པ་རེད།

འདི་ང་ཚོ་ཚང་མས་ཤེས་ཚོད་རེད།

འོན་ཀྱང་ངས་དེ་རིང་བཤད་རྒྱུའི་གྱོད་དཔེ་དེ་ཅུང་ཙམ་མི་འདྲ་བ་ཞིག་ཡིན། གྱོད་དཔེ་དེ་ཉིད་ཆེས་མཐོའི་ཁྲིམས་ཁང་གི་མཛུབ་སྟོན་གྱོད་དཔེ་རེད། མཛུབ་སྟོན་གྱོད་དཔེ་ཞེ་ན། རིམ་པ་ཁག་གི་ཁྲིམས་ཁང་དུ་རིགས་འདི་འདྲའི་གྱོད་གཞིའི་གནས་ཚུལ་བྱུང་ན། ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་བྱ་ཐབས་དེར་དཔྱད་བསྡུར་བྱེད་ཆོག་པ་དེ་རེད།

འོ་ན་གྱོད་དཔེ་འདི་ཅི་འདྲ་རེད་ཟེར་ན། ཞང་ག་གེ་མོས་(ཁྲིམས་ཆད་བཅད་ཟིན་པ།)2015ལོའི་ཟླ་9པ་ནས་2015ལོའི་ཟླ་11པའི་བར་དུ། ཧང་ཀྲུའུ་གྲོང་ཁྱེར་ཞའོ་ཧྲན་ཁུལ་དུ་འགུལ་སྐྱོད་བྱེད་སྐབས། ཞུ་སྦྱོར་ཕྱི་མ་བ་གཞན་4དང་སོ་སོའི་ལྷན་དུ་ཁེ་བཟང་བཟའ་རྒྱུ་དམིགས་ཡུལ་དུ་བཟུང་ནས། མི་གཞན་གདན་འདྲེན་ཞུས་ནས་འཕྲིན་ཕྲན་ཚོགས་པ་བཙུགས་ཏེ། མི་གཞན་ལ་འཕྲིན་ཕྲན་ཚོགས་པའི་ནང་དུ་ཁུག་དམར་འཕྲོག་པའི་བྱེད་ཐབས་སྤྱད་དེ་རྒྱན་སྐུགས་རྩ་འཛུགས་བྱས་པ་རེད།

དུས་སྐབས་དེའི་ནང་དུ། ཞང་ག་གེ་མོ་ཕུད་གཞན་གྱི་ཞུ་སྦྱོར་ཕྱི་མ་བ་གཞན་4པོས་སོ་སོ་ནས་ཞང་ག་གེ་མོར་རྒྱན་སྐུགས་ཁུག་དམར་ཚོགས་པའི་ནང་དུ་ཁུག་དམར་བསྐུར་རོགས་བྱས་པ་དང་། རྒྱན་སྐུགས་ཁུག་དམར་བསྐུར་གྲངས་ལ་གཞིར་བཟུང་ནས་ཁེ་བཟང་རག་ཐབས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་། གདན་ཞུས་མི་སྣ་བརྒྱུད་དེ་འཕྲིན་ཕྲན་ཚོགས་པར་ཞུགས་པ་དང་། འཕྲིན་ཕྲན་ཚོགས་པ་བེད་སྤྱད་དེ་ཚོད་འཛིན་དོ་དམ་བྱེད་པ་དང་ཁུག་དམར་འཕྲོག་པའི་བྱེད་ཐབས་ཀྱིས་རྒྱན་སྐུགས་བྱེད་པ་དང་། རྒྱན་སྐུགས་སྒྲིག་སྲོལ་བཟོ་བ། དུས་ཡུན་ངེས་ཅན་ཞིག་གི་ནང་དུ་རྒྱུན་མ་ཆད་པར་རྒྱན་སྐུགས་བྱ་འགུལ་སྤེལ་བ་དེ། ཉེས་ཁྲིམས་དོན་ཚན་སུམ་བརྒྱ་དང་གསུམ་པའི་ནང་གསེས་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་པའི“ཤོ་ར་འཛུགས་གཉེར་གྱི་ནག་ཉེས་”སུ་བརྩི་བ་རེད།

ཞུ་སྦྱོར་ཕྱི་མ་བ་4པོ་མི་གཞན་དང་མཉམ་དུ་ཤོ་ར་འཛུགས་གཉེར་བྱས་ཏེ། ཚང་མ་ཤོ་ར་འཛུགས་གཉེར་གྱི་ནག་ཉེས་གྲུབ་ཡོད་པར་མ་ཟད་ནག་ཉེས་ཚབས་ཆེན་འདུག གྱོད་དཔེ་འདི་རུ་འཕྲིན་ཕྲན་ཚོགས་པ་བརྒྱུད་ནས་ཤོ་ར་འཛུགས་རྒྱུ་བརྗོད་ཡོད་པ་དང་། ད་ལྟའི་དུས་སུ་ཤོ་ར་འཛུགས་གཉེར་བྱེད་སྟངས་ཐབས་ཤེས་འདྲ་མིན་སྣ་ཚོགས་ཡོད་དེ། དཔེར་ན་མི་ལ་ལས་ཤོ་ར་འཛུགས་གཉེར་ལ་རྩ་འཛུགས་བྱེད་པ་དང་། མི་གཞན་ཞིག་གིས་ནང་དུ་ཞུགས་མེད་རུང་། ཉེས་སྤྱོད་དེར་སྒོར་མོའི་མ་དངུལ་གཏོང་བ་ལྟ་བུ། འདི་ལྟ་བུའི་གནས་ཚུལ་ཀྱང་“ཤོ་ར་འཛུགས་གཉེར་གྱི་ནག་ཉེས་”སུ་བརྩི་ཤོས་ཆེ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1