༄༅།།ཚེ་རིང་བཟང་མོ།

བཀྲ་ཤིས་རྣམ་རྒྱལ་གྱིས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-22


——ཀྲུང་གོ་གསར་པའི་བོད་རིགས་ཞབས་བྲོའི་སློབ་གསོ་མཁས་ཅན་རབས་དང་པོ།

བཀྲ་ཤིས་རྣམ་རྒྱལ་གྱིས་བྲིས་ཤིང་པར་མཁོ་འདོན་བྱས།

        སྤྱི་ལོ་1943ལོར། བོད་ལྗོངས་ལྷ་སར་འཁྲུངས་པའི་ཚེ་རིང་བཟང་མོ་ལགས་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རིམ་པ་གཉིས་པའི་དགེ་རྒན་ཆེན་མོ་དང་། ཀྲུང་གོ་གསར་པའི་བོད་རིགས་ཀྱི་ཞབས་བྲོའི་སློབ་གསོ་པ་མི་རབས་དང་པོ། མི་རིགས་ཞབས་བྲོའི་སྒྱུ་རྩལ་རིག་ཚན་གྱི་རྨང་གཞི་འདིང་མཁན་དང་རིག་ཚན་གྱི་སྣེ་ཁྲིད་པ་བཅས་རེད།

        ཀྲུང་གོ་གསར་པ་དབུ་བརྙེས་ནས་ཡུན་རིང་མ་སོང་བར། གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ལས་དོན་པ་ཁག་གཅིག་གསོ་སྐྱོང་བྱ་དགོས་པའི་འཆར་གཞི་བཏོན་གནང་བས། གསོ་སྦྱོང་གི་ལས་འགན་དེ་ཀྲུང་དབྱང་མི་རིགས་སློབ་གླིང་(ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དེ་སྔའི་མིང་)ལ་སྤྲད།
        1957ལོར། ཚེ་རིང་བཟང་མོ་བོད་ལྗོངས་གླུ་གར་ཚོགས་པ་དང་མཉམ་དུ་པེ་ཅིན་དུ་འཁྲབ་སྟོན་ལ་ཡོང་བ་དང་། འཁྲབ་སྟོན་མཇུག་འགྲིལ་རྗེས། ཚེ་རིང་བཟང་མོ་དང་བོད་ལྗོངས་ནས་ཡོང་བའི་འཁྲབ་སྟོན་པ་ཆུང་གྲས་29་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞབས་བྲོ་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་བྱེད་པར་བཏང་བས་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཞབས་བྲོའི་ཆེད་ལས་ཀྱི་བོད་རིགས་སློབ་མ་ཁག་དང་པོར་གྱུར།
        ཚེ་རིང་བཟང་མོ་སྐབས་དེར་ལོ་12ལས་སོན་མེད་མོད། འོན་ཀྱང་རང་ཉིད་ཀྱི་བརྩོན་འགྲུས་དང་ལྷན་སྐྱེས་ལ་བརྟེན་ནས། སྤྱི་ལོ་1962ལོར་སྦྱངས་འབྲས་ཕུལ་དུ་བྱུང་བའི་ཐོག་ནས་མཐར་ཕྱིན་རྗེས་སློབ་གྲྭ་དེ་རང་དུ་མི་རིགས་ཞབས་བྲོའི་ཆེད་ལས་དགེ་རྒན་གནང་། དགེ་རྒན་གྱི་ཕྱག་ལས་གནང་རྗེས། ཁོང་གིས་མི་རིགས་གཞན་དག་ལ་ཞབས་བྲོ་སློབ་ཁྲིད་བྱེད་པའི་ཐད་དཔྱད་གཞིར་འཛིན་རུང་བའི་སྒྱུ་རྩལ་སློབ་གླིང་ཡོད་དེ། ཁྲའོ་ཞན་རིགས་ཀྱིས་ཡན་པན་སྒྱུ་རྩལ་སློབ་གླིང་དཔྱད་གཞིར་འཛིན་ཆོག་པ་དང་། ཡུ་གུར་རིགས་ཀྱིས་ཤིན་ཅང་སྒྱུ་རྩལ་སློབ་གླིང་མིག་དཔེར་འཛིན་ཆོག ཡིན་ནའང་། བོད་རིགས་ལ་དཔྱད་གཞིར་འཛིན་རུང་བའི་སྒྱུ་རྩལ་སློབ་གླིང་གཅིག་ཀྱང་མེད་པ་ཤེས།
        ལོ་རབས་བདུན་ཅུ་པའི་དུས་འགོར། ཚེ་རིང་བཟང་མོ་དང་ཁྱོ་ག་དོན་འགྲུབ་རྡོ་རྗེ་གཉིས་ནས་བོད་རིགས་འདུས་སྡོད་ཁུལ་དུ་དམངས་གཞས་འཚོལ་བསྡུ་དང་རྩོམ་སྒྲིག་བྱེད་པར་བསྐྱོད་པ་དང་ཆབས་ཅིག་དཀའ་ཚེགས་ལྡན་པའི་སློབ་དེབ་རྩོམ་སྒྲིག་གི་ལས་ལ་གཞོལ།

       དགེ་རྒན་གྱི་ཕྱག་ལས་གནང་ནས་ལོ་ངོ་57སོང་རིང་། ཀྲུང་གོའི་བོད་རིགས་ཀྱི་བུད་མེད་ཞབས་བྲོ་མཁས་ཅན་དང་། མི་རིགས་ཀྱི་ཞབས་བྲོའི་སྒྱུ་རྩལ་རིག་ཚན་འཕེལ་རྒྱས་ཀྱི་རྨང་གཞི་འདིང་མཁན། རིག་ཚན་སྣེ་ཁྲིད་པ་སོགས་ཡིན་པའི་ཆ་ནས། དུས་ཡུན་རིང་པོའི་ནང་སློབ་ཁྲིད་ཀྱི་འཐབ་ས་དང་པོར་ཕྱག་ལས་གནང་བ་དང་། སྒྱུ་རྩལ་ཉམས་ལེན་གཏིང་ཟབ་གནང་བ། མི་རིགས་ཞབས་བྲོའི་སློབ་གསོའི་བྱ་བཞག་ལ་ཚེ་གང་རིང་སེམས་ནུས་ཡོད་ཚད་ཕུལ་བ། རྒྱལ་ཕྱི་ནང་དུ་ཤུགས་རྐྱེན་ལྡན་པའི་ཞབས་བྲོ་མཁས་ཅན་དང་ཕུལ་བྱུང་གི་དགེ་རྒན་ཁག་གཅིག་གསོ་སྐྱོང་གནང་ཡོད། ད་ལྟ། ཁོང་ཚོ་ནི་ཡུལ་གྲུ་སོ་སོའི་ཞབས་བྲོའི་སློབ་གླིང་ཁག་གི་སློབ་ཁྲིད་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།

        ནམ་རྒྱུན་དགེ་རྒན་ཁོང་གིས་གསུངས་མང་ཤོས་ནི། ང་ལ་ད་ལྟའི་གྲུབ་འབྲས་འདི་འདྲ་ཐོབ་དོན་ནི། ང་རང་བོད་རིགས་ཡིན་པས་ཡིན། ཏང་དང་སྲིད་གཞུང་གིས་ང་ཚོར་གཟིགས་སྐྱོང་སྲིད་ཇུས་མང་པོ་གནང་བས་ང་ཚོའི་བོད་ཀྱི་ཞབས་བྲོའི་སྒྱུ་རྩལ་དང་། ཐ་ན་རིག་གནས་ཧྲིལ་པོ་གོང་འཕེལ་སྔར་ལས་ལྷག་པ་བྱུང་ཡོད། དེ་བས། ངས་ཚབ་བྱེད་ཐུབ་པ་དེའང་ངའི་མི་རིགས་ཡིན་ལ། ངའི་ཡོད་ཚད་ཚང་མའང་ངའི་མི་རིགས་ལ་དབང་བ་ཡིན་ཞེས་པ་དེ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1