༄༅།།དག་ཡིག་ཁྲོད་ཀྱི་འབྲི་ཚུལ་གཞན་ཞེས་པའི་བྱུང་བ་དང་ བེད་སྤྱོད་ཀྱི་འཕེལ་ཕྱོགས་གླེང་བ།

རྟ་མགྲིན་སྐྱབས། སྒྲོལ་དཀར་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 05-22



རྟ་མགྲིན་སྐྱབས། སྒྲོལ་དཀར་སྐྱིད།
[གནད་བཏུས] རྩོམ་འདིར་སྐད་ཆའི་སྒྲ་གདངས་འགྱུར་ཚུལ་གྱི་གཞུང་ལུགས་ལ་བརྟེན་ནས། དག་ཡིག་ཁྲོད་ཀྱི་འབྲི་ཚུལ་གཞན་ཞེས་པ་ཕལ་མོ་ཆེ་ནི་སྒྲ་གདངས་ཀྱི་ལོ་རྒྱུས་རིམ་འགྱུར་ལས་བྱུང་བ་དང་། དེ་ལ་བྱེ་བྲག་གི་བྱུང་ཚུལ་མི་འདྲ་བའི་རྣམ་གྲངས་དུ་མ་ཡོད་པ་དང་། ཉུང་ཤས་ཤིག་ནི་ཚེག་ཁྱིམ་གྱི་མཐུད་ཀློག་གམ་སྒྲའི་སྡེབ་སྦྱོར་གྱི་དབང་གིས་བྱུང་བ་ཡིན་པ་བཅས་ཞིབ་མོར་བསྟན་ཅིང་། དོན་ལ་ཁྱད་པར་ཕྲ་མོ་ཙམ་ཡང་མེད་པའི་འབྲི་ཚུལ་མི་འདྲ་བ་འདི་དག་ནི་སྐད་ཡིག་བེད་སྤྱོད་ཀྱི་གེགས་སུ་གྱུར་ཡོད་པས། དེ་དག་ལས་གང་ཞིག་གཅིག་གྱུར་གྱི་འབྲི་སྟངས་སམ་ཚད་ལྡན་དུ་འཛིན་པའི་ཐབས་ལམ་ལ་དོན་གཞན་དུ་མི་འཁྲུལ་ན་ཡིག་ཟོར་ཡང་བ་ལེན་པ་དང་། དེང་དུས་བེད་སྤྱོད་ཀྱི་ཁྱབ་རྒྱ་ཆེ་བའི་འབྲི་ཚུལ་ལེན་པ། ཡུལ་སྐད་ལ་བརྟགས་ཏེ་འབྲི་ཚུལ་བདམས་པ། དོན་གཞན་ལ་མི་འཇུག་པའི་འབྲི་ཚུལ་ལེན་པ། གཡར་མིང་ཡིན་ན་མ་ཡིག་ལ་ཉེ་བ་ལེན་པ་བཅས་ཐབས་ལྔ་ཡོད་པར་བརྗོད་ཡོད།
[གནད་ཚིག] དག་ཡིག འབྲི་ཚུལ་གཞན། བྱུང་ཚུལ་གྱི་རྒྱུ་མཚན། ཚད་ལྡན་དུ་ལེན་ཐབས།
        བོད་ཡིག་སློབ་ཁྲིད་དང་བེད་སྤྱོད་ཀྱི་སྐབས་མིང་མང་པོ་ཞིག་ལ་འབྲི་ཚུལ་གཉིས་རེ་འབྱུང་བཞིན་ཡོད་དེ། དོན་གཅིག་སྟོན་པའི་མིང་ལ་དགེ་རྒན་དང་སློབ་མའི་འབྲི་སྟངས་མི་གཅིག་པའམ། དགེ་རྒན་ཕན་ཚུན་གྱི་འབྲི་སྟངས་མི་གཅིག་པ། ཡུལ་ཕྱོགས་མི་འདྲ་བའི་འབྲི་སྟངས་མི་གཅིག་པ་ལྟ་བུ་རེད། གལ་ཏེ། འབྲི་སྟངས་མི་འདྲ་བ་ཐམས་ཅད་ཁོང་དུ་ཆུད་པའི་དགེ་རྒན་ཞིག་མིན་ན། སློབ་མའི་སྦྱོང་གཞིའམ་རྩོམ་ཡིག་སོགས་ལ་མཛུབ་སྟོན་དང་དག་བཅོས་བྱེད་དུས་ཀྱང་རང་སྣང་ལྟར་ཐག་བཅད་དེ་མིང་ལ་ལའི་འབྲི་ཚུལ་གཞན་རྣམས་ནོར་འཁྲུལ་ཅན་དུ་བརྩིས་པའམ། ཡང་ན་རང་གིས་ཐག་གཅོད་མ་ཐུབ་པར་རྒྱུན་དུ་མིང་མཛོད་གྲོགས་སུ་བསྟེན་དགོས་པའི་སྣང་ཚུལ་མཆིས་སོ། ། འབྲི་ཚུལ་གཞན་ཞེས་པ་ནི་དོན་གང་ཞིག་སྟོན་པའི་མིང་ཡི་གེར་འབྲི་དུས་མིང་གཞི་མགོ་འདོགས་འཕུལ་རྟེན་དབྱངས་བཅས་ལས་གཅིག་གཉིས་ཤིག་ལ་ཆད་ལྷག་ཡོད་པའམ་མི་འདྲ་བར་གྱུར་པ་དེ་རེད། འབྲི་ཚུལ་གཞན་དེ་དག་གིས་དོན་གྱི་ཁྱད་པར་ཕྲ་མོ་ཙམ་ཡང་མི་འབྱེད་པས། དེ་དག་ནི་སྐད་ཡིག་ཚད་ལྡན་དུ་མི་འགྱུར་བའི་གནད་འགག་ཅིག་སྟེ། སློབ་ཁྲིད་དང་། རྩོམ་སྒྲིག དཔེ་སྐྲུན། བརྡ་འཕྲིན་སོགས་སྐད་ཡིག་བེད་སྤྱོད་སྐབས་སྟབས་མི་བདེ་བ་བཟོ་བས། དེས་བོད་ཡིག་གི་ནུས་པ་ཇེ་ཆུང་དུ་གཏོང་བཞིན་འདུག དེའི་ཕྱིར་དགོས་མེད་ཀྱི་འབྲི་ཚུལ་གཞན་དེ་དག་ནི་གཅིག་གྱུར་ཚད་ལྡན་དུ་གཏོང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་ཞིག་གོ ། ཡིན་ནའང་། ད་ལྟ་བོད་ཀྱི་སྐད་ཡིག་ལ་མཚོན་ན་སྤྱིའི་ཆ་ནས་བཀས་བཅད་བྱེད་མཁན་མེད་ལ། ཡོད་དུ་ཆུག་ཀྱང་ས་གནས་སོ་སོར་ལག་བསྟར་བྱེད་དཀའ་བའི་གནས་ཚུལ་ནི་ཀུན་ལ་གསལ་ལོ། ། དེའི་ཕྱིར་བོད་ཀྱི་སྐད་ཡིག་ཚད་ལྡན་ཅན་དུ་འགྲོ་དགོས་ན། མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་གི་འཐེན་འཁྱེར་མེད་པར་བློ་གཟུ་བོར་གནས་ཏེ་མིང་བརྡ་གང་ཞིག་ཁྱབ་ཆེ་བ་དང་། གང་ཞིག་བོད་སྐད་ཀྱི་སྤྱིའི་འཕེལ་ཕྱོགས་དང་མཐུན་པར་ཡོད་པ་དེ་དག་རྒྱུན་དུ་བེད་སྤྱོད་པའི་གོམས་གཤིས་ཤིག་དགེ་སློབ་ཚང་མར་ཆགས་ན། བོད་ལ་ཚད་ལྡན་གྱི་སྐད་ཡིག་ཅིག་ངང་གིས་གྲུབ་ཐུབ་པར་སྙམ། དེའི་ཕྱིར་འདིར་དག་ཡིག་དང་མིང་མཛོད་ཁྲོད་འབྲི་ཚུལ་གཞན་ཞེས་པ་མང་པོ་ཞིག་བྱུང་ཡོད་པ་དེ་དག་གི་རྒྱུ་མཚན་ཅི་ཡིན་པ་དང་། ཚད་ལྡན་གྱི་ཕྱོགས་སུ་ཇི་ལྟར་འགྲོ་ཐུབ་པ་སོགས་ཀྱི་སྐོར་གླེང་བར་འདོད་དོ། །དེ་ཡང་འདིར《དག་ཡིག་གསར་བསྒྲིགས》གཞིར་བཟུང་ནས་དབྱེ་ཞིབ་བྱས་པ་ན། དག་ཡིག་འདིའི་ཁྲོད་སྤྱིར་བཏང་དུ“འབྲི་ཚུལ་གཞན”ཞེས་པའི་བརྡ་ཆད་ཀྱིས་དོན་གཅིག་ལ་ཡི་གེ་འབྲི་སྟངས་མི་འདྲ་བ་གཉིས་པའམ་གསུམ་པ་ཡོད་པར་བསྟན་ཡོད་ལ། མཚམས་ལ་ལར“དང་འདྲ”ཞེས་པའི་ཚིག་གིས་ཀྱང་བསྟན་ཡོད། དཔེར་ན། ཀ་ཆ་ཞེས་པའི་མིང་གི་འགྲེལ་པར་ཀ་ཅའི་འབྲི་ཚུལ་གཞན་ཞེས་བཀོད་པ་དང་། རྐ་ལག་ཅེས་པའི་མིང་གི་འགྲེལ་པར་རྐང་ལག་དང་འདྲ་ཞེས་བཀོད་པ་ལྟ་བུ། 《དག་ཡིག་གསར་བསྒྲིགས》སུ་འབྲི་ཚུལ་གཞན་བཀོད་པའི་མིང་བསྡོམས་པས་བདུན་བརྒྱ་ཡས་མས་ཤིག་བྱུང་འདུག་ལ། ཀྲོའུ་ཅི་ཝུན་གྱིས་རགས་རྩིས་བྱས་པ་ན《བོད་རྒྱ་ཚིག་མཛོད་ཆེན་མོ》རུ་འབྲི་ཚུལ་གཞན་སྟོང་གཅིག་དང་བརྒྱ་ལྷག་མཆིས་པར་བཤད།①དེ་དག་བྱུང་བའི་རྒྱུ་མཚན་ཅི་ཡིན་ལ་རྟོག་དཔྱོད་བཏང་བ་ན། སྤྱིའི་ཆ་ནས་སྒྲ་གདངས་ཀྱི་ལོ་རྒྱུས་ཀྱི་རིམ་འགྱུར་ལས་འབྲི་ཚུལ་གཞན་བྱུང་བ་དང་། སྒྲའི་སྡེབ་སྦྱོར་གྱི་དབང་གིས་འབྲི་ཚུལ་གཞན་བྱུང་བ་བཅས་གཉིས་སུ་བསྡུ་ཆོག་པར་སྙམ། རྒྱུ་མཚན་ཞིབ་མོ་འོག་ཏུ་འཆད་པར་བྱའོ། །

དང་པོ། སྒྲ་གདངས་ཀྱི་ལོ་རྒྱུས་ཀྱི་རིམ་འགྱུར་ལས་འབྲི་ཚུལ་གཉིས་རེ་བྱུང་བ་ཞིབ་ཏུ་བཤད་པ།
        སྐད་ཆའི་སྒྲ་གདངས་དང་། ཐ་སྙད། བརྡ་སྤྲོད་བཅས་གྲུབ་ཆ་སོ་སོ་དུས་ཚོད་ཀྱི་འགྲོས་དང་བསྟུན་ཏེ་རིམ་གྱིས་རྣམ་པ་གཞན་དུ་འགྱུར་བཞིན་ཡོད་ལ། ཁྱད་པར་དུ་ཁྱབ་ཡུལ་གྱི་ས་ཁོངས་རྒྱ་ཆེ་བའི་སྐད་རིགས་ཤིག་ལ་མཚོན་ན་ཡུལ་སྐད་མེད་མི་སྲིད་ཅིང་། ཡུལ་སྐད་སོ་སོའི་གྲུབ་ཆའི་འགྱུར་ལྡོག་གི་ཚད་དང་རྣམ་པ་མི་འདྲ། བོད་སྐད་ནི་མདོ་དབུས་མཐོ་སྒང་གི་ནུབ་མཐའ་ནས་ཤར་མཐའ་དང་། བྱང་མཐའ་ནས་ལྷོ་མཐའ་རུ་ཁྱབ་པས་ཁྱབ་ཡུལ་གྱི་ས་ཁོངས་རྒྱ་ཆེ་ལ། མདོ་དབུས་མཐོ་སྒང་གི་མཐའ་དབུས་ཀུན་ཏུ་རི་རྒྱུད་མང་པོ་དང་ཆུ་རྒྱུད་མང་པོ་བསྟར་ནས་ཡོད་ཅིང་། མི་རྣམས་ཕན་ཚུན་འགྲོ་འོང་ལ་སྟབས་མི་བདེ་བས། ཡུལ་དུས་དང་བསྟུན་ནས་ཡུལ་ལུང་གི་སྐད་ཆ་འདྲ་མིན་སྣ་ཚོགས་བྱུང་ཡོད། སྔོན་ཆད་བཙན་པོའི་སྐབས་སུ་དབང་ཆ་གཅིག་བསྡུས་ཡིན་པས་རྒྱལ་པོས་བཀས་བཅད་དེ། མིང་སྟོང་ཕྲག་དགུ་ལྷག་བསྡུས་པའི་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ་གཏན་ལ་ཕབ། མཁས་པ་ཚང་མས་དེ་ལ་བརྟེན་ནས་བསྟན་བཅོས་བསྒྱུར་པ་དང་། བོད་སིལ་བུའི་རྗེས་ཀྱི་ལོ་ཙཱ་བ་དག་གིས་ཀྱང་ཕལ་ཆེར་དེ་བཞིན་དུ་བྱས་མོད། སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོའི་ནང་དུ་བོད་སྐད་ཀྱི་ཐ་སྙད་མ་འདུས་པ་གང་མང་མང་ཞིག་ཡོད་ལ། བོད་སིལ་བུའི་དུས་ནས་བཟུང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ་པའི་བཀས་བཅད་མ་བྱུང་བས། མཁས་པ་རྣམས་ཀྱིས་བསྟན་བཅོས་རྩོམ་སྐབས་ཡུལ་སྐད་ཀྱི་ཐ་སྙད་བེད་སྤྱད་པ་དང་། ཡུལ་སྐད་ཀྱི་སྒྲ་གདངས་ཁྱད་ཆོས་ལྟར་བྲིས་པ་མང་དུ་བྱུང་ལ། མི་རབས་ཕྱི་མ་དག་གིས་སྔོན་གྱི་མཁས་པས་ཡུལ་སྐད་ལྟར་བྲིས་པའི་མིང་བརྡ་དེ་དག་ལས་གང་ཞིག་དག་པ་དང་། གང་ཞིག་མི་དག་པར་བརྩི་བའི་གཞི་འཛིན་སའི་བཀས་བཅད་ཀྱི་མིང་མཛོད་སོགས་ནི་ཅི་ཡང་མེད་པས། དེ་བཞིན་དུ་བཞག་ལ་དེ་བཞིན་དུ་བེད་སྤྱད་པས། མིང་དང་ཐ་སྙད་གཅིག་ལ་ཡི་གེ་འབྲི་སྲོལ་མི་འདྲ་བ་འགའ་རེ་བྱུང་བ་རེད། སྤྱིར་བོད་སིལ་བུའི་དུས་ནས་དུས་རབས་བཅུ་དགུ་པའི་བར་དག་ཡིག་གི་བསྟན་བཅོས་རབ་དང་རིམ་པ་བྱུང་མོད། དེ་དག་ཏུ་བསྡུས་པའི་མིང་བརྡ་ནི་ཉུང་ངུ་ཞིག་ལས་མེད་དོ། ། དུས་རབས་བཅུ་དགུ་པ་ནས་བཟུང་དེང་རབས་ཀྱི་མིང་མཛོད་བྱུང་བའི་མགོ་བརྩམས་པ་དང་། དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་བོད་ཡིག་གི་མིང་མཛོད་ཚད་ལྡན་དང་གཏན་ཆགས་སུ་གྱུར་པ་རེད། དེ་དག་ལས《དག་ཡིག་གསར་བསྒྲིགས》དང《བོད་རྒྱ་ཚིག་མཛོད་ཆེན་མོ》གཉིས་ནི་བོད་ཡིག་བེད་སྤྱོད་མཁན་ཚང་མས་བོད་ཡིག་བེད་སྤྱོད་ཀྱི་ཚད་གཞི་ཞིག་ཏུ་འཛིན་བཞིན་ཡོད་དོ། ། 《དག་ཡིག་གསར་བསྒྲིགས》ཀྱི་སྒྲིག་པ་པོས་སྔོན་གྱི་མཁས་པའི་བརྩམས་ཆོས་དག་ན་དོན་གཅིག་ལ་ཡི་གེ་འབྲི་སྲོལ་གཙོ་བོ་གཉིས་བྱུང་ན། ཅིག་ཤོས་ནི་འབྲི་ཚུལ་གཞན་ཞེས་པའི་ཁོངས་སུ་བསྡུས་འདུག འབྲི་ཚུལ་གཞན་ཞེས་པ་ཕལ་མོ་ཆེ་ནི་སྐད་ཆའི་ལོ་རྒྱུས་ཀྱི་འགྱུར་བ་ལས་བྱུང་བའི་ཡུལ་སྐད་ཀྱི་སྒྲ་ཇི་བཞིན་དུ་བཞག་པ་ལས་བྱུང་འདུག

གཅིག མགོ་འཕུལ་ཉམས་པས་འབྲི་སྲོལ་གཉིས་བྱུང་བ།
        ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་བཟོ་བའི་སྐབས་ཁོང་གིས་སྒྲ་ཚན②རིག་པའི་རིགས་ལམ་ལྟར། སྔོན་འཇུག་ལྔ་དང་མགོ་ཅན་གསུམ་གྱི་རྣམ་གཞག་མཛད་ལ། མགོ་འཕུལ་དེ་དག་སྦྱར་ཡུལ་གྱི་མིང་གཞི་མི་འདྲ་བ་དང་བསྟུན་ནས་སྒྲ་ཚན་གྱི་འགྱུར་གཟུགས་ཀྱང་ཁ་ཤས་ཡོད་པ་ནི། ད་ལྟའི་ལ་དྭགས་ཀྱི་སྐད་དང་།སྦལ་ཏིའི་སྐད། ཨ་མདོའི་འབྲོག་སྐད་སོགས་ཀྱི་ཁྱད་ཆོས་ལ་བརྟགས་ན་སླ་མོར་ཤེས་ཐུབ། ཡིན་ནའང་།ལོ་ངོ་བརྒྱ་ཕྲག་གཅིག་གཉིས་སམ་དུ་མ་འགོར་ན་སྐད་ཆའི་སྒྲ་གདངས་ལ་འགྱུར་བ་ངེས་ཅན་ཞིག་འབྱུང་བ་ནི་ཆོས་ཉིད་ཅིག་རེད། དབུས་གཙང་གི་ས་ཆ་ལ་མཚོན་ན། དུས་རབས་བཅུ་གཉིས་པ་ཡས་མས་ནས་བཟུང་འཕུལ་རྟེན་གྱི་སྒྲ་ཟུར་ཆག་ནས་གཅིག་ཏུ་གྱུར་པ་མང་པོ་ཡོད་དེ། ས་སྐྱ་པཎྜི་ཏས་མཛད་པའི《དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ》ཡི“འདྲ་འམ་སྙམ་པ་རྣམས་དམིགས་བསལ་སོ་སོར་ཕྱེ་བའི་རབ་ཏུ་བྱེད་པ་སྟེ་དྲུག་པ”ཞེས་པ་རུ“ར་རྐ་ད་དཀའ་ས་སྐ་རྣམས། ། ཆུ་ལམ་མི་ནུས་ལྕེ་ཡི་ཡུལ། ། བ་འོག་བཀའ་ནི་རྒྱལ་བའི་གསུང་། །ར་རྒོ་ས་སྒོ་བ་བགོ་བ། ། རི་དྭགས་སྒོ་སྲུང་གོས་གྱོན་ཏེ། ། བ་འོག་ས་བསྒོ་བཀའ་བསྒོ་འོ། །”③ཞེས་གསུངས་པ་ལྟར་ཡིན་ལ། དུས་ད་ལྟ་དབུས་གཙང་སྐད་དུ་སྔོན་འཇུག་འ་དང་མ་ཡི་སྒྲ་གདངས་ཀྱི་རྗེས་ཤུལ་འགའ་ཞིག་ལུས་ཡོད་པ་མ་གཏོགས། མགོ་འཕུལ་གྱི་སྒྲ་ཕལ་ཆེར་མེད་ཅེས་བརྗོད་ཆོག་པ་རེད། དེ་བཞིན་དུ་ཁམས་སྐད་དུའང་མགོ་འཕུལ་གྱི་སྒྲ་ཕལ་ཆེ་བ་ཉམས་ཡོད་དེ། སྐལ་བཟང་འགྱུར་མེད་ཀྱིས་བརྩམས་པའི《བོད་ཀྱི་ཡུལ་སྐད་རྣམ་བཤད》དུ་ཁམས་སྐད་ལ་མིང་གཞི་བ་ད་ག་ཛ་བྲ་དྲ་གྲ་ཇ་བྱ་གྱ་བཅས་ཀྱི་སྔོན་དུ་འཕུལ་ཡིག་འ་མ་གཉིས་འཇུག་པའི་ཚེ། དེ་དག[mb]དང་། [nd]དང་། [ŋg]དང་།[nʣ]དང་། [ndʐ]དང་། [ȵʥ]བཅས་སུ་གསལ་བྱེད་འདུས་མ་རུ་སྒྲ་འབྱུང་བ་མ་གཏོགས། མགོ་འཕུལ་གཞན་རྣམས་འཇུག་པའི་ཚེ་གསལ་བྱེད་འདུས་མ་རུ་མི་འབྱུང་བར་བསྟན་ཡོད།④ཨམ་སྐད་ལ་མཚོན་ན་འབྲོག་སྐད་འགའ་ཞིག་ཏུ་མགོ་འཕུལ་མང་པོ་ཞིག་གི་སྒྲ་གདངས་ཉམས་མེད་དེ། ཧྭ་ཁན་གྱིས་བསྒྲིགས་པའི《ཨམ་སྐད་ཀྱི་མིང་ཚོགས》ཞེས་པར། མཚོ་སྔོན་པོའི་ནུབ་བྱང་ཕྱོགས་ཀྱི་ཐེམ་ཆེན་རྫོང་དང་རྨ་ཆུའི་ལྷོ་རྒྱུད་ཀྱི་ཁྱུང་མཆུ་རྫོང་གི་འབྲོག་སྐད་དུ་མགོ་ཅན་ར་སྒྲ་ཇི་བཞིན་དུ་འབྱིན་པ་སོགས་མགོ་འཕུལ་གྱི་སྒྲ་མི་འདྲ་བའི་སྒྲ་ཚན་དྲུག་ཡོད་པར་བསྟན་ཡོད།⑤ཡིན་ནའང་། སྔོན་གྱི་དུས་སུ་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ནི་དབུས་གཙང་ཡིན་ལ། མདོ་དབུས་ཁམས་གསུམ་གྱི་སློབ་གཉེར་པ་ཚང་མ་དབུས་གཙང་དུ་ཕེབས་ནས་ནང་དོན་རིག་པ་གཙོ་བོར་བྱས་ཏེ་སློབ་གཉེར་གནང་བ་རེད། བསྟན་བཅོས་རྩོམ་སྐབས་མཁས་པ་ལ་ལས་མགོ་འཕུལ་གྱི་སྒྲ་ཐོན་པའི་ཡུལ་སྐད་དམ་གནའ་དུས་ཀྱི་ཡི་གེ་འབྲི་སྟངས་ལྟར་བྱས་ཤིང་། ཁ་ཅིག་གིས་དབུས་གཙང་གི་ཡུལ་སྐད་ལྟར་མགོ་འཕུལ་ཟུར་ཉམས་པ་ལྟར་བྲིས་པས་དོན་གཅིག་ལ་འབྲི་ཚུལ་གཉིས་བྱུང་བ་རེད། 《དག་ཡིག་གསར་བསྒྲིགས》སུ་མགོ་ཅན་ཉམས་པ་ལས་བྱུང་བའི་འབྲི་ཚུལ་གཞན་བཞི་བཅུ་ཙམ་དང་། སྔོན་འཇུག་ཉམས་པ་ལས་འབྲི་ཚུལ་གཞན་བྱུང་བ་བརྒྱ་ཙམ་བསྟན་འདུག དེ་དག་ལས་དཔེར་མཚོན་ཙམ་བཀོད་ན་གཤམ་གསལ་ལྟར།

1. མགོ་ཅན་ཉམས་པ།


《དག་ཡིག་གསར་བསྒྲིགས》སུ། མགོ་ཅན་ཡོད་མེད་ཀྱི་འབྲི་ཚུལ་གཞན་བཞི་བཅུ་ཙམ་བྱུང་བའི་ཁྲོད་དུ་ས་མགོ་ཅན་ཉི་ཤུ་ལྷག་ཡོད་པ་དང་། ལ་མགོ་ཅན་ལྔ་ཡས་མས་ལས་མི་འདུག དེ་ནི་སྤྱིར་བོད་ཡིག་གི་ཁྲོད་དུ་མགོ་ཅན་གསུམ་ལས་ས་མགོ་ཅན་གྱི་ཡི་གེ་ནི་ཆེས་མང་བ་དང་། ལ་མགོ་ཅན་གྱི་ཡི་གེ་ནི་ཆེས་ཉུང་བ་ཡིན་པས་སོ། །

2. སྔོན་འཇུག་ཉམས་པ།
        འཕུལ་ཡོད་མེད་ཀྱི་འབྲི་ཚུལ་གཞན་ནི《དག་ཡིག་གསར་བསྒྲིགས》སུ་བརྒྱ་ལྷག་བྱུང་བའི་ཁྲོད་དས་འཕུལ་ཅན་བཅུ་ཙམ་ལས་མེད་ལ། ག་བ་མ་གསུམ་གྱི་འཕུལ་ཅན་ཉི་ཤུ་ཙམ་རེ་དང་། འས་འཕུལ་ཅན་བཞི་བཅུ་ཙམ་བྱུང་འདུག དེའི་རྒྱུ་མཚན་ནི་བོད་ཡིག་གི་འས་འཕུལ་གྱི་སྒྲ་ཚན་ལ་འགྱུར་གཟུགས་འགའ་ཞིག་ཡོད་པས། འས་འཕུལ་ཅན་གྱི་ཡི་གེ་ནི་འཕུལ་ཡིག་ཅན་གཞན་ལས་གྲངས་མང་བས་སོ། །

གཉིས། མགོ་འཕུལ་མི་འདྲ་བའི་འབྲི་སྲོལ་གཉིས་བྱུང་བ།
        མགོ་འཕུལ་མི་འདྲ་བའི་འབྲི་སྲོལ་གཉིས་བྱུང་བ་ལ། རྐེད་དང་སྐེད་གཉིས་དོན་གཅིག་གི་འབྲི་ཚུལ་དུ་གྱུར་པ་ལྟ་བུ་མགོ་ཅན་བརྗེ་རེས་བྱེད་པའི་རིགས་དང་།འཁར་བ་དང་མཁར་བ་གཉིས་དོན་གཅིག་གི་འབྲི་ཚུལ་དུ་གྱུར་པ་ལྟ་བུ་འཕུལ་ཡིག་བརྗེ་རེས་བྱེད་པའི་རིགས་དང་། དགུ་ཚིགས་དང་རྒུ་ཚིགས་གཉིས་དོན་གཅིག་གི་འབྲི་ཚུལ་དུ་གྱུར་པ་ལྟ་བུ་འཕུལ་ཡིག་དང་མགོ་ཅན་བརྗེ་རེས་བྱེད་པ་སྟེ་རྣམ་པ་མི་འདྲ་བ་གསུམ་བྱུང་འདུག དེ་དག་ཀྱང་ལོ་རྒྱུས་སྟེང་རྩོམ་པ་པོ་རྣམས་ཀྱིས་དུས་སྐབས་གང་གི་ཡུལ་ལུང་གང་ཞིག་གི་སྐད་ཆ་ལྟར་བསྟན་བཅོས་བརྩམས་པའི་དབང་གིས་བྱུང་བ་སྟེ། བོད་ཀྱི་གནའ་བོའི་སྐད་དུ་མགོ་ཅན་སོ་སོའི་སྒྲ་གདངས་དང་འཕུལ་ཡིག་སོ་སོའི་སྒྲ་གདངས་ཐ་དད་པ་ཡིན་པ་ནི་རྒྱལ་རོང་གི་སྐད་དུ་རྟ་སྒ་ལ[rta zga]དང་།ལྔ་ལ[lŋa]དང་། གཅན་གཟན་ལ[hʨan ɦzan]ཟེར་བ་དང་། སྦལ་ཏིའི་སྐད་དུ་སྐར་མ་ལ[skar ma]དང་།སྒོ་ལ[zgo]ཟེར་བ་དང་། ཨ་མདོའི་འབྲོག་སྐད་ཁ་ཤས་སུ་སྔོན་འཇུག་ག་བ་མ་འ་བཅས་ཀྱི་སྒྲ་སོ་སོར་ཡོད་པ་སོགས་ཀྱིས་ཤེས་ཐུབ་མོད། བོད་ཡུལ་དབུས་ལ་མཚོན་ན་དུས་རབས་བཅུ་གཉིས་པ་ཡས་མས་ཀྱི་དག་ཡིག་ལ་བལྟས་ན། མགོ་ཅན་རྣམས་ཀྱི་སྒྲ་གདངས་གཅིག་ཏུ་གྱུར་པ་དང་། འཕུལ་ཡིག་དང་མགོ་ཅན་གྱི་སྒྲ་གདངས་གཅིག་ཏུ་གྱུར་པ། འཕུལ་ཡིག་ཕན་ཚུན་སྒྲ་གདངས་གཅིག་ཏུ་གྱུར་པའི་གནས་ཚུལ་བྱུང་ཡོད་པ་ནི་ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》དང་། ས་སྐྱ་པཎྜི་ཏས་མཛད་པའི《དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ》སོགས་ལས་ཤེས་ཐུབ་པ་དང་། ད་ལྟའི་ཡུལ་སྐད་ཀྱི་དབང་དུ་བཏང་ན། དབུས་གཙང་དང་ཁམས་ཕྱོགས་ཀྱི་ཡུལ་སྐད་ཕལ་ཆེ་བར་འས་འཕུལ་གྱི་སྒྲ་མ་གཏོགས་མགོ་ཅན་དང་འཕུལ་ཡིག་གཞན་གྱི་སྒྲ་ཚང་མ་ཉམས་ཡོད་པ་དང་། ཨ་མདོའི་ཕྱོགས་ཀྱི་ཡུལ་སྐད་རེ་འགའ་ན། ར་མགོའི་སྒྲ་གདངས་གསལ་བོར་འདོན་པ་དང་། འཕུལ་ཡིག་ལྔ་པོའི་སྒྲ་གདངས་སོ་སོར་འདོན་པ་ཡོད་མོད། སྤྱིར་བཏང་དུ་མགོ་ཅན་ཚང་མ་སྒྲ་ཟུར་ཆག་ནས་གཅིག་ཏུ་གྱུར་པ་དང་། མགོ་འཕུལ་གྱི་སྒྲ་གདངས་གཅིག་ཏུ་གྱུར་པ། བས་འཕུལ་གྱི་སྒྲ་ཉམས་པ། མས་འཕུལ་དང་འས་འཕུལ་གྱི་སྒྲ་གདངས་གཅིག་ཏུ་གྱུར་པ་སོགས་སྐད་ཆའི་ལོ་རྒྱུས་ཀྱི་འགྱུར་བའི་དབང་གིས་ཡུལ་སྐད་སོ་སོ་དང་དུས་སྐབས་སོ་སོའི་སྐད་གདངས་ལ་འགྱུར་ལྡོག་ཚད་མི་འདྲ་བ་སྣ་ཚོགས་བྱུང་བས་སོ། ། དེ་དག་ལས་དཔེར་མཚོན་ཙམ་བཀོད་ན་གཤམ་གསལ་ལྟར།

1. མགོ་ཅན་བརྗེ་རེས་བྱེད་པ།

        མགོ་ཅན་བརྗེ་རེས་བྱེད་པ་ནི《དག་ཡིག་གསར་བསྒྲིགས》སུ་ཉི་ཤུ་ཙམ་བྱུང་འདུག་ལ། དེ་དག་ཕལ་ཆེར་ར་མགོ་དང་ས་མགོ་བརྗེ་རེས་བྱེད་པ་ཡིན་ལ། ལ་མགོ་ཅན་གཉིས་གསུམ་ཙམ་མ་གཏོགས་མེད་དོ། །
2. འཕུལ་ཡིག་བརྗེ་རེས་བྱེད་པ།
        འཕུལ་ཡིག་བརྗེ་རེས་བྱེད་པ་ནི《དག་ཡིག་གསར་བསྒྲིགས》སུ་ལྔ་བཅུ་ཙམ་བྱུང་འདུག དེའི་ཁྲོད་འས་འཕུལ་དང་མས་འཕུལ་བརྗེ་རེས་བྱེད་པ་ཉི་ཤུ་ལྷག་དང་། གས་འཕུལ་དང་བས་འཕུལ་བརྗེ་རེས་བྱེད་པ་ཉི་ཤུ་ལྷག་ཡོད་པ་མ་གཏོགས། འཕུལ་ཡིག་བརྗེ་རེས་ཀྱི་རྣམ་པ་གཞན་ནི་གཉིས་གསུམ་ཙམ་ལས་མེད་དོ། ། གས་འཕུལ་དང་བས་འཕུལ་ནི་ཨམ་སྐད་ཀྱི་ལུང་སྐད་ཕལ་མོ་ཆེར་ཁྱད་པར་ངེས་ཅན་ཡོད་པས། དེ་གཉིས་བརྗེ་རེས་བྱེད་པ་ནི་དབུས་གཙང་གི་ཡུལ་སྐད་ཀྱི་དབང་དུ་སོང་བར་ངེས་སོ། །

3. འཕུལ་ཡིག་དང་མགོ་ཅན་བརྗེ་རེས་བྱེད་པ།
        འཕུལ་ཡིག་དང་མགོ་ཅན་བརྗེ་རེས་བྱེད་པ་ནི《དག་ཡིག་གསར་བསྒྲིགས》སུ་བཞི་བཅུ་ཙམ་བྱུང་འདུག དེའི་ཁྲོད་དས་འཕུལ་དང་མགོ་ཅན་བརྗེ་རེས་བྱེད་པ་ཉི་ཤུ་ལྷག་དང་། གས་འཕུལ་དང་མགོ་ཅན་བརྗེ་རེས་བྱེད་པ་བཅུ་ལྷག་ཡོད་པ་མ་གཏོགས། བ་མ་འ་གསུམ་གྱི་འཕུལ་ཅན་ནི་མགོ་ཅན་དང་བརྗེ་རེས་བྱེད་པ་ནི་ཧ་ཅང་ཉུང་ངུ་ལས་མེད་ལ། བརྒྱ་ཆའི་དགུ་བཅུ་ཡན་གྱི་མིང་གཞིའི་ཡི་གེ་ནི་སྒྲ་ལྡན་ཏེ་མོ་ཡིག་ཡིན་ནོ། །

གསུམ། དབྱངས་ཡིག་མི་འདྲ་བའི་འབྲི་སྲོལ་གཉིས་བྱུང་བ།
        དབྱངས་ཡིག་མི་འདྲ་བའི་འབྲི་སྲོལ་གཉིས་བྱུང་ནི་སྒྱེད་པུ་དང་སྒྱིད་པུ། འཁེལ་དང་འཁལ། ཐ་གུ་དང་ཐི་གུ་ལྟ་བུ་རེད། 《དག་ཡིག་གསར་བསྒྲིགས》སུ་དབྱངས་ཡིག་མི་འདྲ་བའི་འབྲི་ཚུལ་གཉིས་རེ་ཅན་དྲུག་ཅུ་ལྷག་བྱུང་འདུག དེ་ལས་སྒྲའི་འགྱུར་ལྡོག་གི་ཆོས་ཉིད་ངེས་ཅན་ལྡན་པ་ནི་ཨི་ཨུ་ཕན་ཚུན་བརྗེས་པ་དང་། ཨི་ཨེ་ཕན་ཚུན་བརྗེས་པ། ཨུ་ཨོ་ཕན་ཚུན་བརྗེས་པ། ཨ་ཨེ་ཕན་ཚུན་བརྗེས་པ་བཅས་རེད། རྒྱུ་མཚན་ནི་ཡུལ་སྐད་འགའ་ཞིག་ཏུ་དབྱངས་ཨི་ཨུ་གཉིས་ལ་རྗེས་འཇུག་མེད་པའི་སྐབས་སྒྲ་གཅིག་ཏུ་གྱུར་ནས“[ə]”ཞེས་འདོན་པས་དེ་གཉིས་ཕན་ཚུན་བརྗེས་པ་དང་། དབྱངས་ཨི་ཨེ་གཉིས་ལས་ཨི་ནི་ལྕེ་གནས་མཐོ་བ་དང་། ཨེ་ནི་ལྕེ་གནས་མཐོ་ཙམ་ཡིན་པའི་ཁྱད་པར་ཙམ་མ་གཏོགས་དབྱངས་དེ་གཉིས་ཀྱི་ལྕེ་གནས་སྔ་གཞུག་དང་། མཆུའི་རྣམ་པ་བཅས་ཡོངས་སུ་མཚུངས་པས་ཕན་ཚུན་བརྗེས་པ་དང་། ཨུ་ཨོ་གཉིས་ཀྱང་མཆུ་སྒོར་སྒོར་གྱི་ལྕེ་གནས་གཞུག་མའི་དབྱངས་ཡིན་ལ། ཁྱད་པར་ནི་ཨུ་ནི་ལྕེ་གནས་མཐོ་བ་དང་ཨོ་ནི་ལྕེ་གནས་མཐོ་ཙམ་ཡིན་པ་མ་གཏོགས་ཁྱད་པར་མེད་པས་ཕན་ཚུན་བརྗེས་པ་དང་། ཨ་ཨེ་ཕན་ཚུན་བརྗེས་པ་ནི་རྗེས་འཇུག་གམ་འདོགས་ཅན་གྱི་དབང་གིས་ཡུལ་སྐད་འགའ་ཞིག་ཏུ་དེ་གཉིས་ཀྱི་སྒྲ་གདངས་གཅིག་ཏུ་གྱུར་པ་བཅས་རེད། ཆོས་ཉིད་མེད་པ་ནི་བྱ་ཚིག་འགའ་ཞིག་གི་དབྱངས་ཨ་ཨོ་གཉིས་ཕན་ཚུན་བརྗེས་པ་སོགས་རེད། དེ་དག་ལས་དཔེར་མཚོན་ཙམ་བཀོད་ན་གཤམ་གསལ་ལྟར།
བཞི། མིང་གཞི་མི་འདྲ་བའི་འབྲི་སྲོལ་གཞན་བྱུང་བ།

        སྤྱིར་བོད་ཀྱི་གནའ་བོའི་སྐད་དུ་མིང་གཞི་མི་འདྲ་བའི་སྒྲ་གདངས་ཀྱང་མི་འདྲ་བ་ནི་རྩོད་མེད་ཅིག་རེད། ཡིན་ནའང་སྐད་ཆའི་ལོ་རྒྱུས་ཀྱི་འགྱུར་བའི་དབང་གིས་གསལ་བྱེད་རྐྱང་པའམ་སྦྲགས་མ་འགའ་ཞིག་གི་སྒྲ་གདངས་ལ་འགྱུར་བ་བྱུང་སྟེ། འགའ་ཞིག་སྒྲ་གདངས་ཕན་ཚུན་གཅིག་ཏུ་གྱུར་པ་རེད། དེའི་འགྱུར་ལྡོག་གི་ཁྱད་ཆོས་ལ་ཡུལ་སྐད་སོ་སོའི་ཁྲོད་དུ་མངོན་ཚུལ་མི་འདྲ་བ་ཡོད་མོད། ཐུན་མོང་གི་ཁྱད་ཆོས་ནི་ཐུན་མིན་གྱི་ཁྱད་ཆོས་ལས་མང་ལ། སྐད་ཆའི་འགྱུར་ལྡོག་གི་སྤྱིའི་ཁ་ཕྱོགས་ནི་ཡོངས་སུ་མཚུངས་པ་རེད། དེ་ལྟར་མིང་གཞི་ཕན་ཚུན་གྱི་སྒྲ་གདངས་གཅིག་ཏུ་གྱུར་པས་དོན་གཅིག་སྟོན་པ་ལ་མིང་གཞི་མི་འདྲ་ཡང་སྒྲ་འདྲ་བའི་མིང་གཉིས་ཀྱི་འབྲི་སྲོལ་བྱུང་བ་རེད། འབྲི་ཚུལ་གཞན་འདི་རིགས་ནི《དག་ཡིག་གསར་བསྒྲིགས》སུ་བརྒྱ་ལ་ཉེ་བ་བྱུང་འདུག དེ་ཡང་སྒྲ་འདྲ་བར་གྱུར་པའི་ཆོས་ཉིད་ལྟར་རིགས་བཀར་ན། རིགས་གཙོ་བོ་རྣམས་གཤམ་གསལ་ལྟར།

1. གསལ་བྱེད་སྡེ་བ་གཅིག་གི་དང་པོ་དང་གསུམ་པ་སྟེ། མིང་གཞི་ཕོ་ཡིག་དང་མོ་ཡིག་ཕན་ཚུན་བརྗེས་པ་སོགས་མིང་གཞི་སྒྲ་ལྡན་དང་སྒྲ་མེད་བརྗེས་པའི་འབྲི་སྲོལ་གཞན་བྱུང་བ།
        སྤྱིར་ཐོན་མིས་ཡི་གེ་གསར་དུ་བཟོ་སྐབས། གསལ་བྱེད་སྡེ་བ་མགོ་མ་ལྔ་ཡི་ཡི་གེ་དང་པོ་སྟེ། ཀ་སོགས་ཕོ་ཡིག་ནི་སྒྲ་མེད་སྲོག་ཆུང་དང་ཡི་གེ་གསུམ་པ་སྟེ། ག་སོགས་མོ་ཡིག་ནི་སྒྲ་ལྡན་སྲོག་ཆུང་གི་གསལ་བྱེད་ཡིན་མོད། སྐད་ཆའི་འགྱུར་བའི་དབང་གིས་ཨམ་སྐད་དང་ཁམས་སྐད་གཉིས་སུ་མིང་གཞི་རྐྱང་པའི་སྐབས་ཕོ་ཡིག་དང་མོ་ཡིག་གཉིས་ཀ་སྒྲའི་ངོ་བོ་སྒྲ་མེད་སྲོག་ཆུང་དུ་གཅིག་ཏུ་གྱུར་ཡོད་ལ། དབུས་གཙང་གི་སྐད་དུ་མགོ་འཕུལ་ཡོད་སྐབས་མིང་གཞི་དེ་གཉིས་ཀྱི་སྒྲའི་ངོ་བོ་སྒྲ་མེད་སྲོག་ཆུང་དུ་གཅིག་ཏུ་གྱུར་ཡོད་པ། དེ་ལྟ་བུའི་འགྱུར་ལྡོག་གི་དབང་གིས་གསལ་བྱེད་སྡེ་བ་གཅིག་གི་དང་པོ་དང་གསུམ་པ་སྟེ། མིང་གཞི་ཕོ་ཡིག་དང་མོ་ཡིག་ཕན་ཚུན་བརྗེས་ཏེ་འབྲི་ཚུལ་གཞན་བྱུང་ཞིང་། སྡེ་བ་གཅིག་མིན་ནའང་སྒྲའི་སྐྱེ་གནས་མཐུན་པའི་མིང་གཞི་སྒྲ་ལྡན་རྣམས་སྒྲ་མེད་ལ་བརྗེས་ཏེ་འབྲི་ཚུལ་གཞན་བྱུང་བའང་མང་པོ་ཡོད། དཔེར་ན།
2. མིང་གཞི་འ་དང་ཨ་ཕན་ཚུན་བརྗེས་པའི་འབྲི་སྲོལ་གཞན་བྱུང་བ།

        འ་ནི་སྤྱིར་གསལ་བྱེད་ཅིག་ཡིན་མོད། སྒྲ་གདངས་ལ་ལོ་རྒྱུས་ཀྱི་འགྱུར་བ་བྱུང་སྟེ་ཡུལ་སྐད་ཕལ་མོ་ཆེར་འ་ཡིག་ཀློག་སྐབས་གསལ་བྱེད་ཀྱི་ངོ་བོ་ནས་དབྱངས་ཀྱི་ངོ་བོར་གྱུར་ཡོད་པ་རེད། དེའི་ཕྱིར་འ་དང་ཨ་ཕན་ཚུན་བརྗེས་པའི་འབྲི་སྲོལ་གཞན་བྱུང་། དཔེར་ན།
3. མགོ་འདོགས་འཕུལ་གསུམ་སོ་སོ་ཅན་ནམ་མཉམ་འདུས་ཅན་དག་གི་སྒྲ་གདངས་གཅིག་ཏུ་གྱུར་པས་མིང་གཞི་མི་འདྲ་བའི་འབྲི་སྲོལ་གཞན་བྱུང་བ།

གོང་དུ་གླེང་བ་བཞིན་སྤྱིར་ཐོན་མིས་ཡི་གེ་གསར་དུ་བཟོ་སྐབས། མགོ་འདོགས་འཕུལ་གསུམ་དང་མིང་གཞི་དང་བཅས་པའི་སྒྲ་སོ་སོ་བ་ཡིན་མོད། ལོ་མང་པོ་འགོར་བ་ན་སྐད་ཆའི་སྒྲ་གདངས་ལ་འགྱུར་ལྡོག་བྱུང་སྟེ། མིང་གཞི་གཅིག་ལ་མགོ་ཅན་གསུམ་པོའི་སྒྲ་གདངས་གཅིག་ཏུ་གྱུར་པ་དང་། མིང་གཞི་གཅིག་ལ་མགོ་ཅན་དང་འཕུལ་ཡིག་གི་སྒྲ་གདངས་གཅིག་ཏུ་གྱུར་པ། མིང་གཞི་མི་འདྲ་ཡང་མགོ་འདོགས་ཀྱི་དབང་གིས་སྒྲ་གདངས་གཅིག་ཏུ་གྱུར་པ་སོགས་མང་པོ་ཡོད། དཔེར་ན། དབུས་གཙང་སྐད་དུ་ཅ་གཅའ་བཅའ་ལྕ་པྱ་དཔྱ་སྤྱ་བཅས་ཀྱི་སྒྲ་གདངས་གཅིག་ཏུ་གྱུར་པ་དང་། མཇའ་འཇའ་རྗ་ལྗ་བརྗ་འབྱ་སྦྱ་བཅས་ཀྱི་སྒྲ་གདངས་གཅིག་ཏུ་གྱུར་པ་དང་། དབུས་སྐད་དང་ཁམས་སྐད་གཉིས་ཀར་མཉའ་རྙ་སྙ་མྱ་དམྱ་རྨྱ་བཅས་སྒྲ་གདངས་གཅིག་ཏུ་གྱུར་པ་དང་། ཨམ་སྐད་ཀྱི་རོང་མ་འབྲོག་གི་སྐད་དུ་མཇའ་འཇའ་མགྱ་འགྱ་འབྱ་རྣམས་སྒྲ་གདངས་གཅིག་ཏུ་གྱུར་པ་དང་། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཕལ་མོ་ཆེར་ཀྲ་བཀྲ་ཏྲ་པྲ་རྣམས་ཀྱི་སྒྲ་གདངས་གཅིག་ཏུ་གྱུར་པ་ལྟ་བུ། དེ་ལྟ་བུའི་འགྱུར་ལྡོག་གི་དབང་གིས་མིང་གཞི་མི་འདྲ་བའི་འབྲི་སྲོལ་གཞན་བྱུང་བ་རེད། དཔེར་ན།

4. མིང་གཞི་སྲོག་ཆེན་དང་སྲོག་ཆུང་བརྗེས་པའི་འབྲི་ཚུལ་གཞན།

        བོད་ཀྱི་ཡུལ་སྐད་སོ་སོར་མཚོན་ན་སྒྲའི་སྡེབ་སྦྱོར་གྱི་དབང་གིས་ཚེག་ཁྱིམ་གཉིས་པར་སྒྲའི་ཞན་འགྱུར་བྱུང་ནས། མིང་གཞིའི་གསལ་བྱེད་སྲོག་ཆེན་རྣམས་སྲོག་ཆུང་དུ་འགྱུར་བ་ནི་རྒྱུན་མཐོང་གི་ཁྱད་ཆོས་རེད། ཡིན་ནའང་སྲོག་ཆེན་དང་སྲོག་ཆུང་གཉིས་སྒྲ་གདངས་གཅིག་ཏུ་འགྱུར་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ནི་ཕལ་ཆེར་མེད་པར་སྣང་། འོན་ཀྱང་འབྲི་ཚུལ་གཞན་ཞེས་པའི་ཁྲོད་ན་མིང་གི་ཚེག་ཁྱིམ་དང་པོར་སྲོག་ཆུང་དང་སྲོག་ཆེན་བརྗེས་པའི་རྣམ་པ་ཡང་རེ་འགའ་ཡོད་དེ། དཔེར་ན། ཁྲུང་ཁྲུང་ལ་ཀྲུང་ཀྲུང་དང་། ཅི་ལ་ཆི་དང་། འཐུངས་ལ་བཏུངས་དང་། འཕྲལ་བ་ལ་དཔྲལ་བ་ཞེས་འབྲི་ཚུལ་གཞན་འབྱུང་བ་ལྟ་བུའོ། །

5. མིང་མཐའ་དང་ཆུང་བ་སྟོན་པའི་རྐྱེན་འུ་སོགས་ལ་འབྲི་ཚུལ་གཞན་བྱུང་བ།

        མིང་མཐའ་འདྲེན་ཚུལ་ཐད་ཡུལ་སྐད་ལ་ལར་མིང་གི་རྗེས་འཇུག་གིས་རང་དང་སྒྲའི་འབྱིན་སྟངས་མཐུན་པའི་མིང་མཐའ་དྲངས་ཤིང་། ཡུལ་སྐད་ལ་ལར་མིང་གི་རྗེས་འཇུག་གིས་རང་དང་སྒྲའི་སྐྱེ་གནས་མཐུན་པའི་མིང་མཐའ་དྲངས་པས། ཡུལ་སྐད་ཀྱི་རྣམ་པ་ཇི་ལྟ་བ་བཞིན་ཡི་གེར་བཀོད་པས་མིང་མཐའ་མི་འདྲ་བའི་འབྲི་ཚུལ་གཞན་བྱུང་བ་རེད། དཔེར་ན། རྙིང་བ་དང་རྙིང་མ། གཏེང་བ་དང་གཏེང་མ། དམ་པོ་དང་དམ་མོ། ཡ་པོ་དང་ཡ་བོ། ནུ་བོ་དང་ནུའོ། མདག་པ་དང་མདག་མ་ལྟ་བུའོ། ། དེ་བཞིན་དུ་ཆུང་བ་སྟོན་པའི་རྐྱེན་འུ་སོགས་ལའང་དེའི་རྣམ་པ་ཡོད་དེ། དཔེར་ན། ཤོག་བུ་དང་ཤོག་གུ ། གྲུ་གུ་དང་གྲུ་བུ། རིལ་བུ་དང་རི་ལུ་ལྟ་བུའོ། །

ལྔ། ཡང་འཇུག་ས་ཡོད་མེད་ཀྱི་འབྲི་ཚུལ་གཞན་བྱུང་བ།
        སློབ་དཔོན་ཐོན་མིས་ཡི་གེ་གསར་དུ་བཟོ་བའི་སྐབས་རྗེས་འཇུག་ས་དང་། ཡང་འཇུག་ས་ཡི་སྒྲ་གདངས་ནི་ས་སྒྲ་ཇི་བཞིན་དུ་ཐོན་ངེས་པ་ནི་ད་ལྟའི་སྦལ་ཏིའི་སྐད་དང་། རྒྱལ་རོང་སྐད་སོགས་ལ་བརྟགས་ན་གསལ་བོར་ཤེས་ཐུབ་པ་ལྟར་རེད། ཡིན་ནའང་རིམ་བཞིན་བོད་ཀྱི་དབུས་རྒྱུད་ཀྱི་སྐད་དུ་ཡང་འཇུག་ད་ས་ཡི་སྒྲ་གདངས་ཡལ་བར་གྱུར་པས། ཡིག་ཐོག་ཏུ་འགའ་ཞིག་གིས་སྔར་སྲོལ་རྒྱུན་འཛིན་དང་འགའ་ཞིག་གིས་ཁ་སྐད་ལྟར་བྱས་པས། ཡང་འཇུག་ཡོད་མེད་ཀྱི་འབྲི་ཚུལ་སྣ་ཚོགས་བྱུང་། རྗེས་སུ་ཡང་འཇུག་ད་ནི་ཁ་སྐད་ཀྱི་རྣམ་གཞག་ལྟར་འབྲི་སྲོལ་མེད་པར་གྱུར་མོད། ཡང་འཇུག་ས་ནི་སྔར་སྲོལ་བཞིན་བྱས་ཏེ་མ་དོར་བར་འདུག དེ་ནི་སྔོན་གྱི་དུས་སུ་ཡང་འཇུག་ད་འཇུག་པའི་ཐ་སྙད་ནི་ལྟོས་བཅས་ཀྱིས་ཉུང་བ་དང་། ཡང་འཇུག་ས་ཐོབ་པའི་ཐ་སྙད་ནི་ཅུང་མང་བའི་དབང་གིས་ཡིན་པར་སྣང་། གང་ལྟར་ཁ་སྐད་ལྟར་བྱས་མ་བྱས་ཀྱི་དབང་གིས་ད་ལྟའི་བོད་ཡིག་གི་འབྲི་སྲོལ་དུ། ཡང་འཇུག་ས་ཡོད་མེད་ཀྱི་འབྲི་ཚུལ་གཞན་ནི་ཅུང་མང་པོ་ཞིག་ཡོད་དེ། 《དག་ཡིག་གསར་བསྒྲིགས》སུ་ཀྲུམ་དང་ཀྲུམས། ཁུམ་དང་ཁུམས། འགྲེམ་དང་འགྲེམས་སོགས་དྲུག་ཅུ་ལྷག་ཡོད་དོ། །
        གོང་དུ་བཀར་བའི་རྣམ་གྲངས་འདི་དག་ནི་དག་ཡིག་ཁྲོད་དུ་བྱུང་བའི་གྲངས་ཀ་ཅུང་མང་བའི་རིགས་ལ་དབྱེ་ཞིབ་བྱས་པ་ཙམ་མ་གཏོགས། ཡོད་ཚད་དེ་དག་ཏུ་འདུ་མི་ཐུབ་སྟེ། སྐད་སྒྲའི་ལོ་རྒྱུས་ཀྱི་འགྱུར་བའི་དབང་གིས་བྱུང་བའི་འབྲི་ཚུལ་གཞན་ལ་ད་དུང་ཝ་བཏགས་ཡོད་མེད་ཀྱི་འབྲི་ཚུལ་གཞན་དང་། གཡར་མིང་སྐོར་ཞིག་ལ་འབྲི་ཚུལ་གཞན་ཡོད་པ་སོགས་རྒྱུ་མཚན་དང་གནས་ལུགས་ཤོད་ཐུབ་པ་དང་མི་ཐུབ་པ་ཅི་རིགས་ཡོད་དོ། །

གཉིས་པ། སྒྲའི་སྡེབ་སྦྱོར་རམ་མཐུད་ཀློག་གི་དབང་གིས་བྱུང་བའི་འབྲི་ཚུལ་གཞན།
        མིང་རྒྱུ་འདུས་ཏེ་འདུས་མིང་ངམ་རྗེས་གྲུབ་ཀྱི་མིང་གྲུབ་སྐབས། ངག་ཐོག་ཏུ་མིང་རྒྱུ་སྔ་གཞུག་གི་སྒྲས་ཕན་ཚུན་ཤུགས་རྐྱེན་ཐེབས་ཏེ་སྒྲ་འཕེལ་བ་དང་། སྒྲ་འཕྲི་བ། སྒྲ་གཞན་འགྱུར། སྒྲ་ཞན་འགྱུར། སྒྲ་འདྲ་བར་འགྱུར་བ་བཅས་ཀྱི་འགྱུར་ལྡོག་འབྱུང་ཞིང་། བསྟན་བཅོས་རྩོམ་མཁན་དག་གིས་མིང་དེ་དག་ཡིག་ཐོག་ཏུ་འགོད་དུས་འགྱུར་ལྡོག་བྱུང་བ་དང་མ་བྱུང་བ་གཉིས་ཀ་བཀོད་པས། མིང་གཅིག་ལ་འབྲི་ཚུལ་མི་འདྲ་བ་གཞན་བྱུང་བ་རེད། དེ་དག་ལས་དག་ཡིག་ཏུ་བྱུང་བ་ཅུང་མང་བའི་རིགས་ནི་གཤམ་གསལ་ལྟར།

གཅིག སྒྲ་འཕྲི་བ་ལས་བྱུང་བའི་འབྲི་ཚུལ་གཞན།
        དག་ཡིག་ཁྲོད་ཀྱི་སྒྲ་འཕྲི་བ་ཕལ་ཆེ་བ་ནི་མིང་རྒྱུ་སྔ་མའི་རྗེས་འཇུག་དང་མིང་རྒྱུ་ཕྱི་མའི་མིང་གཞི་གཉིས་སྒྲ་གཅིག་ཏུ་གྱུར་ཚེ། སྒྲ་འདྲ་བ་གཉིས་བསྟུད་མར་ཁ་ནས་འབྱིན་དཀའ་བས། མིང་རྒྱུ་སྔོན་མའི་རྗེས་འཇུག་གི་སྒྲ་ཉམས་པར་གྱུར་པ་རེད། དེ་ནི་སྒྲའི་སྡེབ་སྦྱོར་གྱི་དབང་གིས་སྒྲ་འཕྲི་བར་གྱུར་པའོ། ། སྒྲ་འཕྲི་བ་ལས་བྱུང་བའི་འབྲི་ཚུལ་གཞན་ནི《དག་ཡིག་གསར་བསྒྲིགས》སུ་ཉི་ཤུ་ལྷག་བྱུང་འདུག དཔེར་ན། བབ་བླ་དང་བ་བླ། བེག་གེ་དང་བེ་གེ དབྱུག་གུ་དང་དབྱུ་གུ། སྨྱུག་གུ་དང་སྨྱུ་གུ། ཅན་ནེ་དང་ཅ་ནེ་ལྟ་བུའོ། །

གཉིས། སྒྲ་ཞན་འགྱུར་ལས་བྱུང་བའི་འབྲི་ཚུལ་གཞན།
        བོད་ཀྱི་ཡུལ་སྐད་སོ་སོར་རྟོག་དཔྱོད་བྱས་ན། སྒྲའི་སྡེབ་སྦྱོར་གྱི་དབང་གིས་སྒྲ་ཞན་འགྱུར་འབྱུང་བ་དེ་འདུས་མིང་གི་ཚེག་ཁྱིམ་གཉིས་པར་ཡོད་དེ། དེ་ལ་ཚེག་ཁྱིམ་གཉིས་པའི་སྔོན་འཇུག་ཉམས་པར་འགྱུར་བ་དང་། ཚེག་ཁྱིམ་གཉིས་པའི་མིང་གཞི་སྲོག་ཆེན་རྣམས་སྲོག་ཆུང་དུ་འགྱུར་བ། སྒྲ་མེད་རྣམས་སྒྲ་ལྡན་དུ་འགྱུར་བ་བཅས་ནི་རྒྱུན་མཐོང་གི་ཁྱད་ཆོས་རེད། དེ་ལས་ཡིག་ཐོག་ཏུ་བཀོད་པའི་རིགས་ནི་མིང་གཞི་སྲོག་ཆེན་ནི་སྲོག་ཆུང་དུ་འགྱུར་བ་དང་། ཕོ་ཡིག་དང་མ་ནིང་གི་ཡི་གེ་སྟེ་སྒྲ་མེད་རྣམས་མོ་ཡིག་སྟེ་སྒྲ་ལྡན་གྱི་ཡི་གེར་འགྱུར་བའི་རིགས་རེད། 《དག་ཡིག་གསར་བསྒྲིགས》སུ་སྒྲ་ཞན་འགྱུར་ལས་བྱུང་བའི་འབྲི་ཚུལ་གཞན་སུམ་ཅུ་ལྷག་བྱུང་འདུག དཔེར་ན། ཀ་ཆ་དང་ཀ་ཅ། སྐྱ་ཀ་དང་སྐྱ་ག ཁུར་ཚ་དང་ཁུར་ཙ། རྒྱང་འཕེན་དང་རྒྱང་པན། ཅོ་ཐོ་དང་ཅོ་ཏོ། ལིང་ཐོག་དང་ལིང་ཏོག སེར་ཁ་དང་སེར་ཀ་ལྟ་བུའོ། །

གསུམ་པ། འབྲི་ཚུལ་གང་ཞིག་ཚད་ལྡན་དུ་བརྩི་འོས་པའི་རང་ལུགས་འཇོག་པ།
        སྐད་རིགས་ཤིག་ཏུ་མིང་གཉིས་སམ་དེ་ལས་མང་བ་ཞིག་གི་དོན་ལ་ཕྱོགས་གང་ནས་བརྟགས་ཀྱང་ཁྱད་པར་ཕྲ་མོ་ཙམ་ཡང་མེད་པར་དོན་གཅིག་ཁོ་ན་སྟོན་པ་ནི། སྐད་ཆའི་ཉོག་དྲ་དང་སྐད་ཆ་བེད་སྤྱོད་ལ་སྟབས་བདེ་མི་ཡོང་བའི་གནད་འགག་ཅིག་སྟེ། 《སྐད་བརྡ་རིག་པའི་སྤྱི་བཤད》དུ།“དོན་འདྲ་མཚུངས་ཀྱི་མིང་བཀོལ་སྤྱོད་བྱས་ན་སྐད་ཆའི་ནང་དུ་རྙོག་དྲ་མང་དུ་འགྲོ་བ་མ་གཏོགས། སྐད་ཆ་ཕུན་སུམ་ཚོགས་པ་དང་ཞིབ་ཚགས་ཇེ་ཆེར་འགྲོ་བར་ཕན་མི་ཐོགས།”⑥ཞེས་བསྟན་ཡོད། དེའི་ཕྱིར་དོན་གཅིག་ལ་འབྲི་ཚུལ་ཁ་ཤས་ཡོད་ན། དེ་དག་ལས་འབྲི་ཚུལ་གཅིག་ཁོ་ན་ཚད་ལྡན་དུ་བརྩིས་ཏེ་གཞན་རྣམས་བེད་མ་སྤྱད་ན་འགྲིག དཔེར་ན། རྒྱ་ཡིག་ལ་སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི《ཐུན་མོང་དུ་སྤྱོད་པའི་ཚད་ལྡན་རྒྱ་ཡིག་གི་རེའུ་མིག》ཅེས་པ་རྒྱལ་ཡོངས་སུ་ལག་བསྟར་བྱ་དགོས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་གཅོད་བྱས་པ་ལྟ་བུའོ། ། རེའུ་མིག་དེར་ཡིག་འབྲུ་8105བསྡུས་ཡོད་དེ། དེར་དེང་དུས་ཀྱི་སྤྱི་ཚོགས་སུ་བེད་སྤྱད་དགོས་པའི་རྒྱུན་བཀོལ་དང་རྒྱུན་བཀོལ་མ་ཡིན་པའི་ཡི་གེ་ཚང་མ་འདུས་པ་རེད། འོ་ན། བོད་ཡིག་ལ་འབྲི་ཚུལ་གཞན་ཞེས་པ་སྟོང་གཅིག་ལྷག་ཡོད་པ་ནི། གནད་དོན་ཆེན་པོ་ཞིག་ཅི་ལ་མིན། དེ་དག་ལ་ཚད་ལྡན་གྱི་རེའུ་མིག་ཅིག་གཏན་འཁེལ་བྱ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་རེད། འོག་ཏུ་བོད་ཡིག་ཏུ་དོན་གཅིག་ལ་འབྲི་ཚུལ་འགའ་ཞིག་ཡོད་པ་ལས་གང་ཞིག་ཚད་ལྡན་དུ་ལེན་པའི་ཐབས་ལམ་འགའ་གླེང་བར་བྱའོ། །

གཅིག དོན་གཞན་དུ་མི་འཁྲུལ་ན་ཡིག་ཟོར་ཡང་བ་ལེན་པའི་ཐབས།
        སྐད་ཆའི་ལོ་རྒྱུས་ཀྱི་འགྱུར་བའི་དབང་གིས་བྱུང་བའི་མགོ་འཕུལ་ཉམས་པ་དང་། རྗེས་ཡང་འཇུག་ཉམས་པ། སྒྲའི་སྡེབ་སྦྱོར་གྱི་དབང་གིས་རྗེས་འཇུག་ཉམས་པ་སོགས་ནི་ཡི་གེ་ཟུར་ཆག་པའི་སྐོར་རེད། སྤྱིར་བཤད་ན་ཐོག་མའི་སྒྲ་གདངས་སམ་ཡི་གེ་འབྲི་ཚུལ་ནི་ཟུར་མ་ཉམས་པ་དག་ཡིན་པ་ནི་སྨྲ་མ་དགོས་མོད། སྐད་ཆ་ནི་ནམ་ཡང་འཕེལ་རྒྱས་བྱུང་ནས་སྟབས་བདེའི་ཕྱོགས་སུ་འགྲོ་བཞིན་ཡོད་ལ། ཡི་གེ་ནི་སྐད་ཆའི་རྗེས་སུ་སྙེགས་ནས་བསྒྱུར་བཅོས་དང་འཐུས་ཚང་དུ་གཏང་དགོས་པ་ནི་འཛམ་གླིང་གི་སྤྱི་ལུགས་རེད། དེའི་ཕྱིར་ཚད་ལྡན་གྱི་ཡི་གེ་སྒྲིག་དུས་ཡིག་ཟོར་ཡང་བ་འདེམས་པ་ནི་སྐད་ཆ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་བསྟུན་པ་རེད། དཔེར་ན། རྐོང་བུ་དང་ཀོང་བུ་གཉིས་ལས་ཀོང་བུ་འདེམས་པ་དང་། གཟེགས་མ་དང་ཟེགས་མ་གཉིས་ལས་ཟེགས་མ་འདེམས་པ། འགྲེམས་དང་འགྲེམ་གཉིས་ལས་འགྲེམ་འདེམས་པ་དང་། དབྱུག་གུ་དང་དབྱུ་གུ་གཉིས་ལས་དབྱུ་གུ་འདེམས་པ་ལྟ་བུའོ། ། དེ་ལྟར་མ་བྱས་ན། ཁ་སྐད་དང་ཡིག་སྐད་ཀྱི་བར་ཐག་ཇེ་རིང་དུ་ཕྱིན་ནས་ཡི་གེ་བེད་སྤྱོད་པར་སྟབས་མི་བདེ། ཡིན་ནའང་། ཡི་གེ་ཟོར་ཡང་བ་དེ་དོན་གཞན་དུ་འཁྲུལ་ཉེན་ཆེ་ན་ཟུར་མ་ཆག་པ་བདམས་ན་འགྲིག་སྟེ། དཔེར་ན། སྨིག་རྒྱུ་དང་མིག་རྒྱུ་གཉིས་ལས་མིག་རྒྱུ་ཚད་ལྡན་དུ་ལེན་པའམ། ཤ་སྟག་དང་ཤ་དག་གཉིས་ལས་ཤ་དག་ཚད་ལྡན་དུ་བླངས་ན་དོན་གཞན་དུ་འཁྲུལ་འགྲོ་བ་ལྟ་བུའོ། །

གཉིས། དེང་དུས་བེད་སྤྱོད་ཀྱི་ཁྱབ་རྒྱ་ཆེ་བའི་འབྲི་ཚུལ་ལེན་པའི་ཐབས།
        དོན་གཅིག་ལ་ཡི་གེ་འབྲི་ཚུལ་འགའ་རེ་ཡོད་པ་རྣམས་མགོ་འཕུལ་མི་འདྲ་བ་དང་། མིང་གཞི་མི་འདྲ་བ། དབྱངས་མི་འདྲ་བ་སོགས་སྣ་ཚོགས་ཡོད་པ་དག་ལས། དེང་དུས་བེད་སྤྱོད་ཀྱི་ཁྱབ་རྒྱ་གང་ཞིག་ཆེ་ན་དེ་ཚད་ལྡན་གྱི་འབྲི་ཚུལ་དུ་ལེན་པ་ནི། སྐད་ཡིག་གཅིག་གྱུར་རམ་ཚད་ལྡན་དུ་གཏོང་བའི་ནང་དོན་གལ་ཆེ་ཤོས་ཤིག་རེད། དབུ་བ་དང་ལྦུ་བ་གཉིས་ལས་ད་ལྟ་རྒྱུག་ཆེ་བ་ནི་ལྦུ་བ་ཡིན་པ་དང་། འཐུད་དང་མཐུད་གཉིས་ལས་ད་ལྟ་རྒྱུག་ཆེ་བ་ནི་མཐུད་ཡིན་པ་དང་། སྲིད་བྱུས་དང་སྲིད་ཇུས་གཉིས་ལས་ད་ལྟ་བོད་སྤྱི་ལ་ཁྱབ་པ་ནི་སྲིད་ཇུས་ཡིན་པ་ལྟ་བུའོ། ། དེང་དུས་གཞོན་སྐྱེས་ཁ་ཅིག་གིས་རྩོམ་རིག་བརྩམས་ཆོས་སུ་མི་ལ་མྱི་དང་། སྨྱུ་གུ་ལ་སྙུ་གུ་ཞེས་འབྲི་བ་ལྟ་བུ་ནི། དེང་དུས་ཀྱི་བོད་སྤྱི་ལ་བྲིན་པའི་འབྲི་ཚུལ་མ་ཡིན་པར་བརྡ་རྙིང་འབའ་ཞིག་ཡིན་པས་དེ་དག་དོར་བར་བྱ་འོས། གཞོན་རབས་པ་ཚང་མས་མིང་ཚིག་གང་ཞིག་བེད་སྤྱོད་པའི་ཡུལ་ཁམས་རྒྱ་ཆེ་བ་དང་བེད་སྤྱོད་མཁན་གྱི་མི་གྲངས་མང་བ་དེ་ཚད་ལྡན་དུ་བརྩིས་ཏེ་བེད་སྤྱད་ན་སྤྱི་སྐད་ཆགས་པ་ལ་ཕན་ནོ། །

གསུམ། ཡུལ་སྐད་ལ་བརྟགས་ཏེ་འབྲི་ཚུལ་བདམས་པའི་ཐབས།
        དོན་གཅིག་ལ་འབྲི་ཚུལ་ཁ་ཤས་ཡོད་པ་ནི་ཡུལ་སྐད་གང་ཞིག་ཏུ་སྒྲ་འདྲ་བའི་མིང་བྱུང་བ་ལ་བརྟེན་པ་ཡིན་ཏེ། དཔེར་ན། ཨམ་སྐད་དང་ཁམས་སྐད་ཀྱི་ལུང་སྐད་ཁག་ཅིག་ཏུ་དབྱངས་ཨི་ཨུ་གཉིས་ལ་རྗེས་འཇུག་མེད་ན་སྒྲ་གདངས་གཅིག་ཏུ་གྱུར་པས། གི་གུ་ཤ་ཞེས་པ་ལ་གུ་གུ་ཤ་དང་། བྱི་རུ་ལ་བྱུ་རུ་དང་། རྗུད་པ་ལ་རྗིད་པ་ཞེས་བྲིས་པ་ལྟ་བུ་རེད། ཡིན་ནའང་དབུས་སྐད་དུ་དབྱངས་ཨི་ཨུ་གཉིས་ཀྱི་ཁྱད་པར་གསལ་བོར་ཡོད་པས། དེ་ལྟ་བུའི་འབྲི་ཚུལ་གཉིས་བྱུང་དོན་མེད། དེའི་ཕྱིར་དབྱངས་ཡིག་དང་འབྲེལ་བའི་འབྲི་ཚུལ་གཞན་ནི་དབུས་སྐད་དང་བསྟུན་ནས་ཚད་ལྡན་གྱི་འབྲི་ཚུལ་བདམས་ན་འགྲིག མགོ་འཕུལ་གྱི་སྐོར་ནས་ཁམས་དང་ཨ་མདོའི་ཡུལ་སྐད་ལྟར་བླངས་ན་འགྲིག་སྟེ། དཔེར་ན། གཅོང་རོང་དང་ཅོང་རོང་། གནམ་གང་དང་ནམ་གང་ལྟ་བུ་ལ་མཚོན་ན། ཡིག་ཟོར་ཡང་བའི་ཁྱད་ཆོས་ལྟར་ཅོང་རོང་དང་ནམ་གང་བདམས་དགོས་ཀྱང་། དེ་ལྟར་བྱས་ན་ཨ་མདོའི་ཁ་སྐད་དང་བར་ཐག་རིང་བར་གྱུར་འགྲོ། དེ་ལས་ལྡོག་སྟེ་གཅོང་རོང་དང་གནམ་གང་ཚད་ལྡན་དུ་བཞག་ན། ཨ་མདོའི་ཁ་སྐད་དང་མཐུན་ལ། སྤྱིར་དབུས་ཁམས་གཉིས་སུ་སྔོན་འཇུག་ག་ཡོད་མེད་ཀྱི་སྒྲ་གདངས་ལ་ཁྱད་པར་མེད་པས། ཡུལ་སྐད་དེ་གཉིས་ལའང་མི་མཐུན་པ་མེད། དེ་བཞིན་དུ་དཔེར་ན། སྟོར་ཁུང་དང་གཏོར་ཁུང་གཉིས་ལས་གཏོར་ཁུང་བདམས་ཤིང་། རྙང་བ་དང་གཉང་བ་གཉིས་ལས་གཉང་བ་བདམས་ན་སྒྲ་གདངས་ཀྱི་ཆ་ནས་བོད་སྤྱི་ལ་མཐུན་པ་རེད།

བཞི། དོན་གཞན་ལ་མི་འཇུག་པའི་འབྲི་ཚུལ་ལེན་པའི་ཐབས།
        དོན་གཅིག་ལ་འབྲི་ཚུལ་མི་འདྲ་བ་གཉིས་ཡོད་པ་ལས། འབྲི་ཚུལ་ཅིག་ཤོས་ནི་དོན་གཞན་དུ་འཇུག་པ་ཡོད་ཅིང་། ཅིག་ཤོས་ནི་དོན་གཞན་དུ་འཇུག་པ་མེད་ན། དོན་གཞན་ལ་མི་འཇུག་པའི་འབྲི་ཚུལ་དེ་ཚད་ལྡན་གྱི་འབྲི་ཚུལ་དུ་བླངས་ན་འགྲིག དེ་ལྟར་བྱས་ན་དོན་གྱི་གོལ་ས་མི་འབྱུང་བར་ཕན། དཔེར་ན། སྐད་ཆ་རྣ་ལ་གསལ་པར་འབྱོར་བ་ལ་ཐིངས་ཟེར་བ་དང་། དེའི་འབྲི་ཚུལ་གཞན་ལ་ཐེངས་ཞེས་ཀྱང་འབྲི་མོད། ཐེངས་ནི་བྱ་བ་གང་ཞིག་ཡང་དང་བསྐྱར་དུ་བྱུང་བའི་ཁ་གྲངས་ལ་འཇུག་པས། ཐིངས་དང་ཐེངས་གཉིས་ལས་ཐིངས་ནི་ཚད་ལྡན་གྱི་འབྲི་ཚུལ་དུ་གཏན་འཁེལ་བྱས་ན་འགྲིག་པ་ལྟ་བུའོ། ། དེ་བཞིན་དུ་དཔེར་ན། ཐོབ་པའི་དོན་ལ་ཐེམས་དང་ཐེམ་གཉིས་ཀ་འབྲི་བ་ལས་ཚད་ལྡན་དུ་ཐེམས་ལེན་པ་དང་། ཆུ་བུར་གྱི་དོན་ལ་ལྦུ་བ་དང་དབུ་བ་གཉིས་ཀ་འབྲི་བ་ལས་ལྦུ་བ་ཚད་ལྡན་དུ་བླངས་ན་འགྲིག་པ་ལྟ་བུའོ། །

ལྔ། གཡར་མིང་ཡིན་ན་མ་ཡིག་ལ་ཉེ་བ་ལེན་པའི་ཐབས།
        ཏུ་རུ་ཀ་དང་དུ་རུ་ཁ། ཏཱ་དབེན་དང་ཏ་དབེན་ལྟ་བུ་དག་ཡིག་ཁྲོད་དུ་སྔོན་གྱི་དུས་སུ་བྱུང་བའི་གཡར་མིང་དོན་གཅིག་ལ་འབྲི་ཚུལ་གཉིས་རེ་བྱུང་བ་འགའ་ཞིག་ཡོད་ལ། ཁྱད་པར་དུ་དུས་རབས་ཉི་ཤུ་པའི་དུས་མཇུག་ནས་བཟུང་བོད་ལ་རིག་ཚན་གསར་པ་ནང་འདྲེན་བྱེད་པའི་བརྒྱུད་རིམ་ཁྲོད་གཡར་མིང་ངམ་སྒྲ་བསྒྱུར་གྱི་མིང་མང་དུ་བྱུང་ཡོད་པ་ལ། དོན་གཅིག་ལ་འབྲི་ཚུལ་སྣ་ཚོགས་བྱུང་ཡོད། ཚད་ལྡན་གྱི་འབྲི་ཚུལ་གང་ཡིན་གཏན་འཁེལ་མ་བྱས་ན་སྐད་ཡིག་བེད་སྤྱོད་པ་ལ་སྟབས་མི་བདེ། དེའི་ཕྱིར་གཡར་མིང་གི་འབྲི་ཚུལ་གཅིག་གྱུར་དུ་གཏོང་བ་ནི། དག་ཡིག་གི་འབྲི་ཚུལ་ཚད་ལྡན་དུ་གཏོང་བའི་ནང་དོན་གྱི་ཆ་ཤས་གལ་ཆེན་ཞིག་རེད། གཡར་མིང་ཚད་ལྡན་དུ་འགོད་པའི་ཐབས་ནི་མ་ཡིག་ལ་ཉེ་བ་གང་ཡིན་གཏན་འཁེལ་བྱེད་པ་ནི་ཐབས་ལམ་ཉག་ཅིག་རེད། དཔེར་ན། རྒྱལ་ཁབ་དང་གྲོང་ཁྱེར་གྱི་མིང་བོད་ཡིག་ཏུ་སྒྲ་སྒྱུར་བྱས་པ་ལ། “北京”ཞེས་པ་ལ་པེ་ཅིན་དང་པེ་ཅིང་ཞེས་འབྲི་ཚུལ་གཉིས་ཡོད་པ་དང་། “伊朗”ཞེས་པའི་རྒྱལ་ཁབ་དེའི་མིང་ལ་དབྱི་རན་དང་དབྱི་ལང་ཞེས་འབྲི་ཚུལ་གཉིས་ཡོད་པ་དང་།“新德里”ཞེས་པ་ལ་ཏི་ལི་གསར་པ་དང་ལྡི་ལི་གསར་པ་གཉིས་སུ་འབྲི་བ་དང་། “希腊”ཞེས་པ་ལ་ཞི་ལ་དང་།ཀེ་རི་སེ། ཀི་རེ་སི་བཅས་སུ་འབྲི་བ་རྣམས་ལས། མ་ཡིག་ལ་སྒྲ་གདངས་ཀྱི་ཆ་ནས་ཐག་ཉེ་བ་ནི་པེ་ཅིང་དང་། དབྱི་རན། ལྡི་ལི་གསར་པ། ཀི་རེ་སི་བཅས་ཡིན་པ་ལྟ་བུའོ། །མདོར་ན། གོང་དུ་གླེང་ཟིན་པ་དག་ནི་སྐད་ཆའི་སྒྲ་གདངས་འགྱུར་ཚུལ་གྱི་གཞུང་ལུགས་གཞིར་བཟུང་ནས། མིང་གཅིག་ལ་འབྲི་ཚུལ་སྣ་ཚོགས་བྱུང་བར་དབྱེ་ཞིབ་བྱས་པ་ཙམ་མ་གཏོགས། བརྡ་སྤྲོད་ཀྱི་འགྱུར་ལྡོག་གི་གཞུང་ལུགས་གཞིར་བཟུང་ནས་དཔྱད་པ་ནི་མ་ཡིན་ནོ། ། ད་དུང་བོད་ཡིག་བེད་སྤྱོད་པའི་སྐབས་བྱ་བའི་མིང་གི་དུས་གསུམ་གྱི་ཡིག་གཟུགས་དང་། བྱ་བའི་མིང་ལ་བརྟེན་ནས་མིང་གཞན་གྲུབ་པ་དང་། ཚིག་ཕྲད་སྦྱོར་སྟངས་སོགས་ལའང་འབྲི་ཚུལ་དང་སྦྱོར་ཚུལ་མི་མཐུན་པའམ་གཅིག་གྱུར་མིན་པའི་སྐོར་མང་པོ་ཞིག་མཆིས་པ་དེས་ཀྱང་། བོད་ཡིག་བེད་སྤྱོད་དང་སློབ་སྦྱོང་ལ་སྟབས་མི་བདེ་བ་མང་དུ་བཟོས་འདུག དེའི་སྐོར་ནས་གཅིག་གྱུར་རམ་ཚད་ལྡན་གྱི་རེའུ་མིག་ཅིག་འགོད་དགོས་ན། བརྡ་ཀྱི་སྤྲོད་འགྱུར་ལྡོག་གི་གཞུང་ལུགས་རྒྱབ་རྟེན་གཙོ་བོར་བཟུང་ནས་ཞིབ་འཇུག་བྱ་འོས་སོ། །


དཔྱད་གཞིའི་ཡིག་ཆ།

[1] 《དག་ཡིག་གསར་བསྒྲིགས》(དག་བཅོས་མ)[Z] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ།
[2] མཁན་པོ་ཀུན་དགའ་བཟང་པོ། དཔལ་ལྡན་ས་སྐྱ་པའི་གསུང་རབ་ལས་སུམ་རྟགས་དང་དག་ཡིག [C] མི་རིགས་དཔེ་སྐྲུན་ཁང་། 2004ལོ།
[3] དུད་བླ་བུ་ཆུང་གིས་བསྒྲིགས། བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལིའི་ཕྲེང་བ། [C] མི་རིགས་དཔེ་སྐྲུན་ཁང་། 2012ལོ།
[4] ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། [C] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003ལོ།
[5] ཧྭ་ཁན་དང་བསོད་ནམས་ཚེ་རིང་། སྐད་བརྡ་རིག་པའི་སྤྱི་བཤད། [M] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1998ལོ།
[6] སུམ་བྷ་དོན་གྲུབ་ཚེ་རིང་། བོད་ཀྱི་ཡུལ་སྐད་རྣམ་བཤད། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོ།
[7] 华侃 藏语安多方言词汇 [M] 甘肃民族出版社,2002年。
[8] 格桑居冕 格桑央京 藏语方言概论 [M] 民族出版社,2002年。
[9] 瞿霭堂 谭克让 阿里藏语 [M] 中国社会科学出版社 1983年。
[10] 周季文 藏文拼音教材(拉萨音)[M] 民族出版社,1983年。
[11] 周季文 藏文异体词的整理 [J],民族语文,1992(2)
[12] 黄布凡 从巴尔蒂话看古藏语语音[J]中央民族大学学报 1994(4)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1