ཞི་ཅིན་ཕིང་ཧུའུ་པེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། མ་ལག་བསྐྱར་འཛུགས་ཧྲིལ་པོར་ཇུས་འགོད་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་འགོག་སྲུང་དྲ་བ་ཁྱོན་ཡོངས་ནས་ལེགས་གཏོང་དང་། དམ་གཏོང་། ནན་གཏོང་བྱ་དགོས་ཞེས་བསྟན་གནང་བ།
སྤྱི་ཚེས24ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཧུའུ་པེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། རིམས་ནད་ཚབས་ཆེན་དང་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་ཉེན་ཁ་འགོག་སེལ་བྱེད་པ་དེ་ནི། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་དང་ཆབ་སྲིད་ཧྲིལ་པོའི་བརྟན་ལྷིང་དང་འབྲེལ་བ་ཡོད། སྤྱི་ཡོངས་འཆར་འགོད་དང་། མ་ལག་བསྐྱར་འཛུགས། ཁྱོན་ཡོངས་མཐོར་གཏོང་བཅས་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་ལ་སྒྱུར་བཅོས་བྱེད་པ། རིམས་ནད་ཞིབ་དཔྱད་ཚད་ལེན་གྱི་སྔོན་བརྡ་དང་བབ་བསྟུན་ཁ་གཏད་གཅོག་པའི་ནུས་པ་ལེགས་སུ་གཏོང་བ། རིམས་ནད་ཚབས་ཆེན་གྱི་སྐྱོབ་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་བབ་བསྟུན་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་བ། སྒྲིག་གཞི་སྒྲིག་སྲོལ་གྱི་མཐོ་ཚད་ནས་འབྲེལ་བ་ཁ་གསལ་བཟོ་བ་དང་། འགན་འཁྲི་ནན་དུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་ཚོགས་རའི་ནང་ཕེབས་སྐབས། ཚང་མས་ཡར་བཞེངས་ནས། སྤྲོ་སེམས་རབ་ཏུ་འཁོལ་པོས་དགའ་བསུ་ཞུས་ཡོད།
ལུའོ་ཅེ་དང་། ཡན་ཀྲེ། ཀྲང་ཝུན་ཞི། སུང་ཆིང་ལི། ཡུས་ཁྲེང་བཅས་འཐུས་མི་ལྔས་ཁག་སོ་སོར་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དངོས་གཟུགས་དཔལ་འབྱོར་ལ་རོགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ནུས་པ་མཐོར་གཏོང་། དབུལ་ཕོངས་རི་ཁུལ་གྱི་འགྲིམ་འགྲུལ་ཆེན་མོའི་འཛུགས་སྐྲུན་དང་དབུལ་སྒྲོལ་ཐོན་ལས་འཕེལ་རྒྱས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྲོད་ཀྲུང་གོའི་ལམ་ལུགས་ཀྱི་བཟང་ཆ་མངོན་པ་སོགས་ཀྱི་གནད་དོན་ཐད་བསམ་འཆར་སྤེལ་གནང་བ་དང་། ཞི་ཅིན་ཕིང་གིས་འཐུས་མི་རྣམས་དང་སྤེལ་རེས་གཏིང་ཟབ་གནང་ཡོད།
འཐུས་མི་རྣམས་ཀྱི་གཏམ་བཤད་ནན་ཏན་ངང་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གཏམ་བཤད་སྤེལ་གནང་ཡོད། ཁོང་གིས་དང་ཐོག ཧུའུ་པེའི་མི་དམངས་དང་ཝུའུ་ཧན་མི་དམངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། བློས་གཏོང་ཡང་མང་པོ་བྱས་ཡོད་པས། ཝུའུ་ཧན་ནི་ངོ་གནོངས་མི་དགོས་པའི་དཔའ་བོའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཧུའུ་པེའི་མི་དམངས་དང་ཝུའུ་ཧན་མི་དམངས་ནི་ངོ་གནོངས་མི་དགོས་པའི་དཔའ་བོའི་མི་དམངས་ཡིན། མཚམས་འདིར། འདིར་བཞུགས་པའི་འཐུས་མི་རྣམས་པ་དང་། ཧུའུ་པེའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ལ། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། མིག་སྔའི་ཆར། ཕྱི་རྒྱལ་དུ་རིམས་ནད་འགོས་ཁྱབ་འགྲོ་བར་ནུས་ལྡན་གྱི་བཀག་འགོག་ཐུབ་མེད་པ་དང་། རྒྱལ་ནང་གི་ས་ཆ་ཁ་ཤས་སུ་རུབ་བསྡུས་རང་བཞིན་གྱི་རིམས་ནད་སྔར་བཞིན་ཐོན་མུས་ཡིན་པ། ཧུའུ་པེར་ཡང་ཁ་ཐོར་དུ་ཡོད་པའི་ནད་པ་རེ་འགའ་ད་དུང་ཐོན་བཞིན་པ། ནད་རྟགས་མེད་པའི་ནད་པ་ད་དུང་ཉིན་ལྟར་ཐོན་གྱི་ཡོད་ཅེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཁབ་རྩེ་ལྟ་བུའི་ཨི་ཁུང་ལས་ཀྱང་རླུང་ཆེན་པོ་ལྡང་སྲིད་པས། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་། དོ་ནན་པའི་ངང་ནས་བྱ་ཐབས་བཟུང་བ། ཡང་འབད་བསྐྱར་འབད་བྱེད་པ། ཕྱི་ནས་ནད་པ་འཛུལ་རྒྱུ་བཀག་འགོག་དང་ནང་དུ་ལྟག་ལོག་རྒྱག་རྒྱུ་སྔོན་འགོག་བྱེད་པའི་ལས་དོན་དམ་འཛིན་ལྷོད་མེད་བྱེད་པ་བཅས་ཀྱི་ཐོག་ནས། ཐོབ་པར་ལས་སླ་པོ་མིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་འདི་རྐང་རྗེས་ལག་སུབ་གཏན་ནས་བྱ་མི་རུང་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། རྒྱལ་ཡོངས་ཀྱི་རིམས་ནད་ཚབས་ཆེ་ཤོས་དང་། དོ་དམ་ཚོད་འཛིན་དུས་ཚོད་རིང་ཤོས་ཀྱི་ཞིང་ཆེན་ཡིན་པའི་ངོས་ནས། ཧུའུ་པེ་ཡི་དཔལ་འབྱོར་བསྐྱར་འཛུགས་ལ་དཀའ་ངལ་ཆེ་ཙམ་འཕྲད་ཡོད། དེ་དང་ཆབས་ཅིག ཧུའུ་པེའི་དཔལ་འབྱོར་དུས་ཡུན་རིང་པོའི་ནང་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་ལ་རྩ་བའི་ཆ་ནས་འགྱུར་བ་བྱུང་མེད་པ་དང་། ལོ་མང་རིང་གསོག་འཇོག་བྱས་པའི་ཕྱོགས་བསྡུས་བཟང་ཆ་ལ་འགྱུར་བ་བྱུང་མེད་པ། རྒྱལ་ཁབ་དང་ས་ཁོངས་འཕེལ་རྒྱས་ཁྲོད་ཀྱི་གནས་བབ་གལ་ཆེན་ལ་འགྱུར་བ་བྱུང་མེད། ཏང་ཀྲུང་དབྱང་གིས་ཧུའུ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་ཞིབ་འཇུག་གཏན་འཁེལ་བྱས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཧུའུ་པེའི་བློ་མཐུན་རྣམས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། བརྟན་པོའི་ཁྲོད་འཕེལ་རྒྱས་ཡོང་ཐབས་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ། དཀའ་སྤྱད་འབད་བརྩོན་བྱེད་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཧུར་སེམས་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་བརྒྱུད། ཧུའུ་པེའི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། ཧུའུ་པེའི་གལ་ཆེའི་ལས་འགན་ནི་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱི་ཡག་པོ་བསྒྲུབ་རྒྱུ་དེ་རེད། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པ་དང་། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གནད་འཕིགས་དང་ས་ཁོངས་ཁག་ཅིག་གི་བབ་བསྟུན་ཐག་གཅོད་གཉིས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གནད་འཕིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཞིབ་དཔྱད་ཚད་ལེན་བྱེད་པའི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། ཚོང་ལས་སླར་གསོ་དང་ཁྲོམ་ར་སླར་གསོ་གང་མགྱོགས་བྱེད་དགོས་པ་དང་། གཙོ་གནད་ཐོན་ལས་སྦྲེལ་ཐག་དང་སྣེ་ཁྲིད་ཁེ་ལས། གཙོ་གནད་མ་འཇོག་རྣམ་གྲངས་བཅས་ལ་གཞིགས་ནས་གནད་ལ་འཕིགས་པའི་ཇུས་འདོན་དགོས་པ། ཐོན་ལས་སྦྲེལ་ཐག་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་མཉམ་སྒྲུབ་བྱེད་པའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད་ཐག་གཅོད་བྱེད་རོགས་བྱེད་དགོས་པ། ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་འཕྲད་པའི་དོན་དངོས་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། གང་མགྱོགས་རིགས་ཁག་གི་འཛད་སྤྱོད་སྐུལ་སྤེལ་བྱ་ཐབས་འདོན་པ་དང་ལག་ལེན་བསྟར་ནས་ཐབས་བརྒྱ་ཇུས་སྟོང་གིས་རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཚད་གཞི་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། འགན་ལེན་དྲུག་གི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་དགོས་པ། གཞི་རྩའི་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབ་པ། མང་ཚོགས་ལ་སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ། ལས་ཞུགས་སོགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འགན་སྲུང་ལས་དོན་ལག་བསྟར་ཡག་པོ་བྱེད་པ། དབུལ་སྒྲོལ་མ་ཐུབ་པའི་མི་འབོར་གྱི་དབུལ་སྒྲོལ་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱེད་པ་བཅས་བྱས་ནས་རིམས་ནད་དབང་གིས་དབུལ་ཕོངས་ཆག་པ་དང་དབུལ་ལོག་ཐེབས་རྒྱུ་གཏན་འགོག་བྱེད་དགོས། རིམས་ནད་རྗེས་སུ་ཐོན་སྲིད་པའི་རྐྱེན་མང་མཉམ་ཐོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སེལ་དགོས་པ་དང་། དྲག་སྐྱེས་བྱུང་བའི་ནད་པར་སེམས་ཁམས་སློབ་གསོ་གཏོང་བའི་ལས་དོན་དང་འདས་པོའི་ཁྱིམ་མིར་སེམས་གསོ་གཏོང་བའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་པ། རིམས་ནད་དབང་གིས་གྱོང་གུན་ཕོག་པའི་མང་ཚོགས་ཀྱི་ལུགས་མཐུན་རེ་འདུན་ཐག་གཅོད་འོས་འཚམས་བྱེད་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཚན་པ་དང་། ཀྲུང་དབྱང་ཁེ་ལས་ནས་མུ་མཐུད་དེ་ཧུའུ་པེ་ཡི་རིམས་ནད་རྗེས་ཀྱི་བསྐྱར་དར་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྲིད་ཇུས་བྱ་ཐབས་ཁག་ཧུའུ་པེར་སྔ་ཙམ་དོན་འཁྱོལ་ཐུབ་པ་དང་། སྔ་ཙམ་ཕན་འབྲས་ཐོན་པ་བྱས་ནས་སྲིད་ཇུས་ཀྱི་བཟང་ཆ་གོང་འཕེལ་གྱི་བཟང་ཆར་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཐེངས་འདིའི་རིམས་ནད་ལ་ཁ་གཏད་གཅོག་སྐབས། རང་རྒྱལ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་དང་། སྨན་བཅོས་ཞབས་ཞུའི་མ་ལག་གིས་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད། འོན་ཀྱང་ད་དུང་ཞན་ཆ་དང་མི་འདང་བའི་ཆ་མང་པོ་ཞིག་ཐོན་ཡོད། ང་ཚོས་ལྷག་འདས་པའི་གནད་དོན་ལ་གཞིགས་ནས་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་འདང་བའི་ཆ་ཁ་གསབ་བྱེད་པ། སྟོང་པ་སྐོང་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། སྔོན་འགོག་བྱ་རྒྱུ་དེ་ནི་ཕན་པ་ཆེ་ཤོས་དང་ནུས་འབྲས་ཆེ་ཤོས་ཀྱི་བདེ་ཐང་གི་འཐབ་ཇུས་ཤིག་རེད། གནད་ལ་འཕིགས་ཤིང་ནུས་འབྲས་མཐོ་བའི་སྔོན་འགོག་བྱ་རྒྱུར་གཞི་ཚུགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཚན་པའི་འགན་ནུས་བཀོད་སྒྲིག་ལེགས་སྒྱུར་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྨན་བཅོས་དང་སྔོན་འགོག་གཉིས་མཉམ་སྒྲུབ་བྱེད་པའི་སྒྲིག་གཞི་གསར་དུ་གཏོད་པ། རིམ་ཁག་སྨན་བཅོས་ཚན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཤུགས་ཆེར་གཏོང་བ། འགོས་ནད་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་སྙན་སེང་ཞུ་བའི་འགན་འཁྲི་ལག་ལེན་བསྟར་རྒྱུར་ལྟ་སྐུལ་བྱེད་པ། རིམས་ནད་ཚོད་འཛིན་ཚན་པ་དང་གྲོང་ཁྱེར་དང་གྲོང་གསེབ། སྡེ་ཁུལ་བཅས་ཀྱི་མཉམ་འགུལ་ལས་དོན་སྒྲིག་གཞི་འཐུས་ཚང་འཛུགས་པ། ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགན་འཁྲིར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མཉམ་འགོག་མཉམ་འཛིན་བྱེད་པའི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། རིམས་ནད་ཀྱི་ཞིབ་དཔྱད་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུ་དེ་དུས་ཐོག་དང་གནད་ལ་འཁེལ་བ་བྱ་རྒྱུ་དེ་གཙོ་བོ་ཆེ་ཤོས་ཡིན་དགོས། རྒྱུ་རྐྱེན་གསལ་ཆ་མེད་པའི་རིམས་ནད་དང་ནམ་རྒྱུན་དང་མི་འདྲ་བའི་བདེ་ཐང་དོན་རྐྱེན་གྱི་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་ལེགས་བཅོས་བྱེད་པ་དང་། དཔྱད་དཔོག་ཞིབ་དཔྱད་ཚད་ལེན་གྱི་ཚོར་རྐྱེན་རང་བཞིན་དང་གནད་འཁེལ་རང་བཞིན་མཐོ་རུ་གཏོང་བ། རིག་ནུས་ཅན་གྱི་གནས་མང་སྔོན་བརྡའི་སྒྲིག་གཞི་འཛུགས་སྐྱོང་བྱེད་པ། ཐབས་ལམ་སྣེ་མང་གི་ཞིབ་དཔྱད་ཚད་ལེན་དང་སྔོན་བརྡའི་སྒྲིག་གཞི་འཐུས་ཚང་འཛུགས་པ། དུས་ཐོག་ཏུ་ཉེན་ཁར་ཞིབ་འཇུག་དང་བརྡར་གཅོད་བྱེད་པ། འགོ་ནད་སོགས་ཚབས་ཆེའི་རིམས་ནད་ལ་ཁ་གཏད་གཅོག་པའི་འཕྲལ་སྒྲུབ་ཐག་གཅོད་ནུས་པ་འཛུགས་སྐྱོང་དང་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱེད་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ལེགས་བཅོས་བྱེད་པ། དེང་རབས་ཅན་གྱི་རིམས་ནད་ཚོད་འཛིན་མ་ལག་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པའི་སྒྲིག་གཞི་འཛུགས་པ། འཐབ་ས་དང་པོའི་རིམས་ནད་ཚོད་འཛིན་མི་སྣའི་གཟི་བརྗིད་ཚོར་སེམས་དང་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། འཕྲལ་སྒྲུབ་དུས་བབ་འོག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་མི་སྣ་སྐུལ་སློང་ལན་ཆ་དང་། ས་ཁོངས་མཉམ་འགུལ། མི་སྣ་སྐོང་བསྡུ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། རིམ་པ་དབྱེ་བ་དང་། བང་རིམ་དབྱེ་བ། རིགས་དབྱེ་བ་བཅས་ཀྱི་རིམས་ནད་ཚབས་ཆེན་གྱི་སྐྱོབ་བཅོས་སྒྲིག་གཞི་འཐུས་ཚང་འཛུགས་པ། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་། ས་ཁོངས་སྨན་བཅོས་ལྟེ་གནས་སོགས་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རིམས་ནད་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་སྐྱོབ་བཅོས་ལམ་ལུགས་འཐུས་ཚང་འཛུགས་པ། ཚན་ཞིབ་འགག་གཏོར་མ་ལག་དང་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྲིག་བྱེད་པ། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྒྲུབ་དངོས་ཟོག་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་ཞེས་པ་དོན་འཁྱོལ་དམ་འཛིན་དང་ལེགས་པོ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། མ་ལག་ཆ་ཚང་བ་དང་། ཚན་རིག་ཚད་ལྡན། འཁོར་སྐྱོད་ནུས་མཐོ་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་གང་མགྱོགས་འཛུགས་པ་དང་། དབང་འགན་ཁ་གསལ་དང་། ལས་རིམས་ཚད་ལྡན། ལག་བསྟར་ནུས་ལྡན་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་འཛིན་སྒྲིག་གཞི་འཐུས་ཚང་འཛུགས་པ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་ཁྱབ་གདལ་གཏོང་བ། དམངས་ཡོངས་ཀྱི་ཁྲིམས་ཤེས་པ་དང་། ཁྲིམས་སྲུང་བ། ཁྲིམས་སྐྱོང་བ། ཁྲིམས་སྤྱོད་འདུ་ཤེས་དང་། སྤྱི་པའི་འཕྲོད་བསྟེན་ཉམས་ཉེན་གྱི་སྔོན་འགོག་ཚོད་འཛིན་འདུ་ཤེས་བཅས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དུས་རབས་གསར་པར་རྒྱལ་གཅེས་འཕྲོད་བསྟེན་བྱེད་སྒོ་སྤེལ་བར་སྔོན་འགོག་བྱ་རྒྱུས་གཙོ་བོ་བྱེད་པ་དང་། བྱ་ཐབས་གསར་གཏོད་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། སྤྱི་པའི་འཕྲོད་བསྟེན་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་ཤེས་བྱ་ཁྱབ་གདལ་ཤུགས་ཆེར་གཏོང་བ། ཤེས་དཔལ་བདེ་ཐང་དང་། སྦགས་མེད་ཁོར་སྲུང་གི་འཚོ་བ་སྐྱེལ་ཐབས་དར་སྤེལ་གཏོང་བ་བཅས་བྱས་ནས། ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་དོ་དམ་བྱེད་པའི་འདུ་ཤེས་དེ་ཉིད་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་མགྱོགས་མྱུར་གོང་འཕེལ་འགྲོ་བ་དང་། གྲོང་ཁྱེར་གྱི་མི་འབོར་གཅིག་བསྡུས་ཡིན་པའི་ཁྱད་ཆོས་ཀྱི་སྤྱི་པའི་འཕྲོད་བསྟེན་མ་ལག་གང་མགྱོགས་འཛུགས་པ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ད་ཆ། ཕྱིར་སྐྱོད་སྐབས་ཁ་རས་རྒྱག་པ་དང་། གད་སྙིགས་རིགས་ནས་དབྱུག་པ། སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་པ། བཟའ་རིགས་དབྱེ་ནས་སྤྱི་ཐུར་བེད་སྤྱོད་གཏོང་རྒྱུ་ཁྱབ་གདལ་གཏོང་བ། ན་ཚ་ལྟ་བར་དྲ་ཐོག་ནས་སྔོན་མངགས་བྱེད་པ་སོགས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོར་འགྱུར་བཞིན་ཡོད། བདེ་ཐང་དང་ཡ་རབས་ཀྱི་བྱེད་ཐབས་དེ་དག་མུ་མཐུད་ཁྱབ་གདལ་དང་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།