༄༅།།ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་སྐོར་ལ་དཔྱད་པ།

ཀླུ་མཚོ་རྒྱལ། * བན་ཤུལ་དཔལ་མཁར་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 05-26



ཀླུ་མཚོ་རྒྱལ། * བན་ཤུལ་དཔལ་མཁར་རྒྱལ།
[གནད་བཏུས] དཔྱད་རྩོམ་འདིར་གནའ་བོའི་ཞང་ཞུང་རྒྱལ་རབས་ཀྱི་སྒྲ་བླའི་རྒྱལ་མོ་མུ་ཙ་མེད་བྱ་བའི་སྐོར་གླེང་ཡོད་ཅིང་། སྔོན་ལ་སྒྲ་བླ་དེ་དང་འབྲེལ་བའི་ཞང་ཞུང་གི་གནས་ཚུལ་མདོར་བསྡུས་ཤིག་བཀོད་ཡོད་པ་དང་། དེ་ནས་སྒྲ་བླ་དེའི་སྐོར་ནི་བན་བོན་གྱི་ཡིག་ཚང་རྣམས་སུ་ཇི་ལྟར་འཁོད་པར་བརྟག་ཞིབ་ནན་ཏན་བྱས་ཏེ། སྒྲ་བླའི་རྒྱལ་མོ་མུ་ཙ་མེད་བྱ་བ་དེའི་ཁུངས་དངོས་གང་ཡིན་ལ་ཅུང་ཟད་ཞིབ་པར་དཔྱད་ཞིབ་དང་། དེ་ནས་སྒྲ་བླ་མུ་ཙ་མེད་བྱ་བའི་ཐ་སྙད་དམིགས་བསལ་བ་དེའི་གོ་དོན་དང་། གནའ་བོའི་ཞང་ཞུང་གི་སྐད་ལྟར་ཐ་སྙད་རྙིང་པ་དེའི་དོན་ལ་འགྲེལ་བཤད་བྱས་ཡོད་པ་དང་། དེ་ལྟ་བུའི་ངོ་བོར་ཡོད་པའི་ཞང་ཞུང་སྒྲ་བླའི་རྒྱལ་མོ་དེའི་ཐོག་དང་པོའི་གནས་རི་གང་ཡིན་པ་དང་། ཕྱིས་སུ་རྒྱ་གར་ནུབ་ཕྱོགས་ཀྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཞང་ཞུང་སྒྲ་བླའི་རྒྱལ་མོ་མུ་ཙ་མེད་ཀྱི་མཚན་བསྒྱུར་ནས་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཚོགས་ཁྲོད་དུ་སྐོང་འཐེན་བཅོས་སྒྲིག་བྱས་ཚུལ་དང་། དེ་ལྟར་བྱས་པའི་རྗེས་སུ་སྒྲ་བླའི་རྒྱལ་མོ་དེ་དིང་སང་གི་ཡུལ་གང་གི་གནས་རི་གང་ཞིག་ལ་སྤར་བ་དང་ཡུལ་དེའི་གནས་རི་དེ་ད་ལྟ་གང་ལ་ངོས་འཛིན་དགོས་ཚུལ་སོགས་བྲིས་ཡོད།
[གནད་ཚིག] ཞང་ཞུང་། སྒྲ་བླ། མུ་ཙ་མེད།

        མི་ལོ་སྟོང་ཕྲག་འགོར་བའི་གནའ་བོའི་རྒྱལ་རབས་དང་མི་སྡེ་སོགས་མཐར་ཆགས་སུ་འཇིག་ཟིན་པའི་རྗེས་སུ། སླར་ཡང་དེ་ཉིད་ཀྱི་བྱུང་བ་སོགས་འཚོལ་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བའི་གནས་ཤིག་ཡིན་མོད། གང་དེའི་སྐད་ཡིག་དང་རིག་གཞུང་ལ་འབྲེལ་བའི་དངོས་རྙིང་ཕྲན་བུ་དང་གནའ་བོའི་ས་མིང་སོགས་ཀྱིས་འཇིག་ཟིན་པའི་བརྗོད་བྱ་གང་དེའི་ཆ་ཤས་རྣམས་ལ་ཉམས་ཞིབ་ཀྱི་ཁུངས་སྣེ་འདོན་ནུས་པ་ཡིན། ཁུངས་སྣེ་དེ་ཉིད་འཚོལ་ཞིབ་དང་རྒྱས་འགྲེལ་བྱེད་ནུས་ན། འདས་ཟིན་པའི་བརྗོད་གཞི་གང་རུང་ལ་ངེས་པ་རྙེད་པའི་སྐབས་ཀྱང་ཡོད་པས། རིག་པ་འདི་རྣམས་ཤིན་ཏུ་གཅེས་པར་འཛིན་འོས་སོ་སྙམ།
        དེ་ལ་བོད་ཀྱི་ནུབ་ཕྱོགས་སུ་གནའ་བོའི་ཞང་ཞུང་བྱ་བའི་རྒྱལ་རབས་སྟོབས་ལྡན་ཞིག་གནས་ཡོད་པའི་ཚུལ་ནི། བོད་ཀྱི་བན་བོན་གྱི་ཡིག་ཆ་རྣམས་ལས་བཤད་པར་མ་ཟད། མཐའ་བཞིའི་མི་རིགས་ཁག་གི་རྒྱལ་རབས་ཡིག་ཚང་རྙིང་པ་རྣམས་སུའང་། དེའི་སྐོར་བཀོད་པ་མངོན་གསལ་དུ་མཐོང་རྒྱུ་ཡོད། ཡིན་ནའང་རྒྱལ་རབས་གང་དེའི་ངོ་བོའི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་དགོས་ན་ཧ་ཅང་དཀའ་ཁག་ཆེ་བ་ཞིག་ཡིན་མོད། འདིར་དེའི་སྐོར་ཅུང་ཟད་མདོར་བསྡུས་ཤིག་བཤད་ནས་སྐབས་བབ་ཀྱི་འཆད་བྱ་དངོས་ལ་འཇུག་པར་བྱ་རྒྱུ་ཡིན།
 གཅིག ཞང་ཞུང་གི་བྱུང་བ་མདོར་བསྡུས།
        ཞང་ཞུང་བྱ་བའི་ཡུལ་སྟོད་སྨད་རྣམས་ནི་དང་པོ་རྒྱལ་པོ་རྩེ① ཞེས་པ་ཞིག་གིས་བཟུང་ཞིང་། འདི་ནི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་རྣམས་ལས་ལྡེ་བརྒྱད་ཅེས་པའི་ནང་ཚན་གྱི་ལྡེ་སྣོལ་བའི་རིང་གི་ཡིན་ཞིང་། བཙན་པོ་ལྡེ་བརྒྱད་རྣམས་ཀྱི་དུས་སུ་མཐའི་བྲུ་ཤ②སོགས་འདུལ་བཅོམ་བྱས་པའི་གནས་ཚུལ་ལ་བརྟགས་ན། སྤུ་རྒྱལ་ནུབ་ཕྱོགས་ཀྱི་ཞང་ཞུང་རྒྱལ་རབས་ཀྱང་རང་དགར་སྡོད་པའི་སྐབས་མེད་པར་དཔྱད་ནུས་ལ། འདི་དུས་ནས་བཟུང་སྤུ་རྒྱལ་བཙན་པོ་དང་ཞང་ཞུང་རྒྱལ་པོ་རྣམས་ལས་བློ་དང་དཔའ་སྟོབས་ཆེ་བ་སྙ་ཤུར་མུ་སུ་རིང་ངེ་ཁོད③བྱ་བ་གཉིས་ཀྱི་བར་དུ་འགལ་རྐྱེན་བྱུང་ནས་རང་རང་གི་ཡུལ་དུ་མདའ་ཁ་གཏོད་རེས་བྱས་ཏེ་ཡུལ་གྲུ་བཅད་བཟུང་གི་ཚུལ་དུ་བསྡད་མྱོང་ཡོད་པར་བརྟག་ནུས་ལ། སྙ་ཤུར་མུ་སུའི་མི་རབས་ནི་ཞང་ཞུང་ལ་གྲགས་ཆེ་བ་ཡོད་སྟབས་བརྒྱ་ཕྲག་བདུན་པའི་དུས་སུའང་མུ་སུའི་རུས་རྒྱུད④ནི་ཞང་ཞུང་གི་ཡུལ་དུ་གདུང་མ་འགྱུར་བར་གནས་ཐུབ་ཡོད། དེ་ནས་རིམ་བཞིན་མི་རབས་བཅུ་གཅིག་ཙམ་ཕྱིན་པའི་དུས་སུ་ཞང་ཞུང་གི་རྒྱལ་པོ་རྣམས་ལས་དྲག་པོའི་སྟོབས་འབར་བ་སྙ་ཤུར་ལ་ཁྭ་གེད་རྩེ⑤བྱ་བ་བྱུང་ནས་ཞང་ཞུང་གི་ཡུལ་ལ་དབང་སྒྱུར་བཞིན་ཡོད། སྐབས་དེ་དུས་སུ་སྤུ་རྒྱལ་ཡུལ་དབུས་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་མཐའ་བཞིའི་རྒྱལ་ཕྲན་རང་རྐྱ་ཐུབ་པ་དག་རྣམ་པར་བཅོམ་ནས། ཐ་ན་རྒྱ་གར་དུའང་བྱེ་མའི་ནང་དུ་བཙན་གྱིས་ལྕགས་ཀྱི་ཕུར་བུ་བརྡབ་ནས་རྡོ་རིང་བསླངས་པ་དང་། ཆུ་བོ་གངྒཱའི་དཀྱིལ་དུ་རྡོའི་ཟམ་པ་བཙུགས་ནས་དྲག་པོའི་སྟོབས་ཤུགས་ཀྱི་དབུ་རྨོག་ནི་ཡ་གླིང་འཛིན་མར་ཁྱབ་བཞིན་པའི་སྒང་དེ་ཡིན།

        དེ་ནས་རེ་ཞིག་ཚེ་སྤུ་རྒྱལ་ནུབ་ཕྱོགས་ཀྱི་ཞང་ཞུང་ལ་དཔུང་འཇུག་གིས་དབང་བསྒྱུར་དམ་དྲག་བྱ་རྒྱུའི་དགོངས་པ་འཁོར་ཡོད་ཅིང་། ཐོག་མར་ཞང་བློན་ཆེན་པོ་ཁྱུང་པོ་སྤུང་སད་ཟུ་ཙེ་ཡིས་བྱེ་བྲག་བྱང་གི་ཞང་ཞུང⑥དབང་དུ་བསྡུས་ནས་བཙན་པོའི་ཕྱག་ཏུ་ཕུལ་བ་དང་། དེའི་འཕྲོར་འཇམ་པོའི་གཉེན་འབྲེལ་གྱི་ཆབ་སྲིད་ཐབས་ལམ་ལ་བརྟེན་ནས་བཙན་པོའི་སྲས་མོ་སད་མར་ཀར⑦བག་མར་བཏང་སྟེ་འདུལ་བར་བརྩམས་ནའང་། ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་སྙ་ཤུར་ལ་ཁྭ་གེད་རྩེ་ནས་སྤུ་རྒྱལ་གྱི་གཉེན་འབྲེལ་ཆབ་སྲིད་ལམ་ལུགས་དེ་རྩིས་མེད་དུ་བྱས་ནས་གོང་བཀུར་མ་བྱས་པའི་ཉེར་ལེན་ལས། ལྕེ་ཡི་གདུང་རབས⑧ཀྱི་དམག་གིས་འདུལ་བཅོམ་བྱས་ནས་སྤུ་རྒྱལ་བཙན་པོའི་མངའ་ཞབས་སུ་བཙན་གྱིས་བཅུག་སྟེ་ཞང་ཞུང་ཡོངས་རྫོགས་ལ་དབང་བསྒྱུར་བྱས་ཡོད།

 གཉིས། ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་ཁུངས་དགོད་པའི་སྐོར།
        ད་ནི་སྐབས་བབ་ཀྱི་འཆད་བྱ་དངོས་ནི། དེ་ལྟ་བུའི་ངོ་བོར་ཡོད་པའི་ཞང་ཞུང་རྒྱལ་རབས་ཀྱིས་བསྟེན་པའི་སྒྲ་བླ་མུ་ཙ་མེད་བྱ་བའི་སྐོར་དེ་ཡིན་ལ། སྒྲ་བླ་དེ་ནི་ཕྱི་ལོ་དུས་རབས་བདུན་པར་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་དུས་མཉམ་པའི་ཞང་ཞུང་གི་རྒྱལ་པོ་སྙ་ཤུར་ལ་ཁྭ་གེད་རྩེ་སྲིད་འཛིན་པའི་སྐབས་སུ། གེ་ཁོད་སུམ་བརྒྱ་དྲུག་ཅུའི་ནང་ནས་སྐྱིན་ཝེར་བའི་ལྷ་སྲིད་པ་ཡོངས་ཀྱི་མ་མོ་མུ་ཙ་མེད⑨བྱ་བ་དེ་ཡིན་ཞིང། དེ་ལྟར་ན་ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཞང་ཞུང་རྒྱལ་རབས་ཀྱི་སྒྲ་བླ་ཧ་ཅང་རྙིང་བའི་གྲས་ཤིག་ཡིན་པར་མ་ཟད། བོན་ལུགས་ལྟར་བྱས་ན་ཞང་ཞུང་བོན་གྱི་བསྟན་སྲུང་གཙོ་བོ⑩ ཞིག་ཀྱང་ཡིན་པར་གླེང་ཡོད།
        ལར་སྒྲ་བླ་ཞེས་པ་ནི་གནའ་བོའི་དུས་སུ་རྒྱལ་རབས་དང་མི་སྡེ་རྣམས་ཀྱིས་ཕ་མེས་ཀྱི་དུས་ནས་བཟུང་སྟེ་རང་ལ་སྲུང་སྐྱོབ་བྱེད་པའི་མི་མ་ཡིན་གྱི་རིགས་ཤིག་ལ་བྱ་ཞིང་། སྒྲ་བླ་གང་དེ་རི་བྲག་རྣམས་སུ་གནས་པར་བཤད་ནས། མི་སེར་ཕལ་བ་དང་དམག་སྡེ་ཆེན་པོ་དག་གིས་སྟེང་དུ་མདའ་གྲི་མདུང་གསུམ་བཙུགས་ནས་སྒྲ་བླའི་སྐུ་མཁར་རམ་གནས་རི་ཡིན་པར་ངོས་འཛིན་བྱས་ཏེ་དཔུང་བསྟོད་མཆོད་བཀུར་བྱེད་པའི་ལུགས་སྲོལ་ཡང་ཡོད། ཕྱིས་སུ་སྒྲ་བླའི་གོ་དོན་སྔ་མ་རྣམས་འགྱུར་ནས་དགྲ་བླ་དང་དགྲ་ལྷར་སོང་ནའང་མུ་མཐུད་དུ་མཆོད་བཀུར་གྱི་རྒྱུན་སོགས་བསྐྱངས་ཡོད་མོད། འདིར་དེའི་སྐོར་ཞིབ་པར་མི་གླེང་ལ། དོན་དངོས་སུ་སྒྲ་བླའི་གནས་རི་འདིའི་རིགས་ནི་མི་རབས་ཕྱི་མ་རྣམས་ལ་འདས་སོང་གི་རྒྱལ་རབས་སམ་མི་སྡེ་གང་དེའི་མངའ་རིས་ས་ཁྱོན་ལ་བརྟག་དཔྱད་བྱེད་པའི་མངོན་རྟགས་གལ་ཆེ་བ་ཞིག་ཏུ་གྱུར་ཡོད།
        ཞང་ཞུང་སྒྲ་བླ་མུ་ཙ་མེད་ནི་གནའ་བོའི་ཞང་ཞུང་རྒྱལ་རབས་དང་འབྲེལ་བའི་སྒྲ་བླ་གྲགས་ཆེ་བ་ཞིག་ཡིན་པ་དང་། ཞང་ཞུང་བ་རྣམས་ཀྱི་དད་མོས་དང་བསྙེན་བཀུར་བྱ་སའི་ཡུལ་དུ་གྱུར་ཡོད་པ་སོགས་ཀྱི་ངང་ཚུལ་ནི། མངའ་བདག་ཉང་ཉི་མ་འོད་ཟེར(༡༡༢༤ནས༡༡༩༢)གྱིས་གཏེར་ནས་བཞེས་པར་གྲགས་པའི《སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མ》རུ། ཞང་ཞུང་གི་དགྲ་བླ་མུ་ཙཱ་མེད ཅེས་ཁ་གསལ་དུ་བཀོད་ཡོད་པ་དང་།
བོན་གྱི་མཁས་དབང་མཉམ་མེད་ཤེས་རབ་རྒྱལ་མཚན(༡༣༥༦ནས༡༤༡༥)གྱིས་མཛད་པའི《གེ་ཁོད་སྤུ་གྲིའི་གཞུང》ལས། སྒྲ་བླའི་རྒྱལ་པོ་མུ་ཙ་མེད ཀྱི་བསྐང་གསོ་ཡོད་པ་དང་། ཡར་རྗེ་ཨུ་རྒྱན་གླིང་བས(༡༣༢༣ནས༡༣༦༠)གཏེར་ནས་བཞེས་པར་གྲགས་པའི《བཀའ་ཐང་སྡེ་ལྔ》ལས། ཞང་ཞུང་དགྲ་ལྷ་མུ་ཙ་མེདཅེས་པ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན(༡༤༡༥ནས༡༤༩༨)གྱིས་མཛད་པའི《ཉི་མའི་རིགས་ཀྱི་རྒྱལ་རབས》ལས། གུ་གེ་ཞང་ཞུང་གི་དགྲ་ལྷའི་རྒྱལ་མོ་མུ་ཙ་མེདཅེས་དང་། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི(༡༦༩༧ནས༡༧༥༥)བཀའ་འབུམ་ལས། ཞང་ཞུང་དགྲ་ལྷ་ཛ་མུན་མ ཞེས་འབྱུང་བ་རྣམས་གུང་བསྒྲིགས་ནས་བལྟས་ན། ཞང་ཞུང་དང་སྒྲ་བླ་མུ་ཙ་མེད་གཉིས་ནི་བདག་པོ་དང་ཡུལ་གྱི་འབྲེལ་བར་གནས་ཡོད་ཅིང་། སྒྲ་བླའི་ངོ་བོར་སོང་བ་དེས་ཀྱང་གསལ་པོར་ཤེས་ཐུབ་པ་ཡིན།

 གསུམ། ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་མིང་གི་གདགས་གཞིའི་སྐོར།
        ཞང་ཞུང་གི་སྒྲ་བླ་མུ་ཙ་མེད་བྱ་བའི་ཐ་སྙད་འདི་ནི། རྒྱ་དཀར་ནག་དང་བོད་དམ་ཞང་ཞུང་གི་སྐད་གང་ཡིན་སྐོར་ཧ་ཅང་དཔྱད་དཀའ་བ་ཞིག་ཡིན་སྟབས། དེའི་དོན་ལ་ཡང་དག་པའི་དཔྱད་བསྡུར་བྱེད་རྒྱུ་ནི་དཀའ་བའི་ངོ་བོར་ལུས་ཡོད། གང་ལྟར་སྒྲ་བླ་མུ་ཙ་མེད་བྱ་བའི་ཡི་གེའི་དག་ཆ་ཡང་མི་འདྲ་བ་འགའ་བྱུང་སྟེ། དཔེར་ན་མུ་ཙ་མེད ཛ་མུནམུཉྫ་མེད མུ་ཙཱ་མེད ཙ་མུན་མ མུ་ལ་ཙ་མེད ཅེས་སོགས་བྱུང་ཡོད་ཅིང་། ཐ་སྙད་དེ་དག་ལས་གནས་སྐབས་གང་ཞིག་ཡང་དག་མིན་ནི་ཧ་ཅང་ཁ་ཚོན་གཅོད་དཀའ་ནའང་། བོན་རྣམས་ཀྱི་ལུགས་ལྟར་ན། ཐ་སྙད་དེ་ནི་ཞང་ཞུང་གི་སྐད་ཡིན་ཏེ། ཡི་གེའི་དག་ཆ་ནི་མུ་ལ་ཙ་མེད་ཅེས་པ་ཡིན་ཞིང་། བོད་སྐད་དུ་ནམ་མཁའི་བུ་མོ་ཞེས་པའི་དོན་ཡིན་པར་འགྲེལ་བཞིན་ཡོད་ལ། དེའི་གཞི་འཛིན་སའི་དཔྱད་ཡིག་གི་ཁུངས་ནི་འདི་ལྟ་སྟེ། ཐོག་མར་མུ་ལ་ཞེས་པ་ནམ་མཁའི་དོན་དུ་འཇུག་ཚུལ་ནི། ཞུ་ཡས་ཉི་མ་གྲགས་པས(༡༦༡༦ནས)མཛད་པའི《ཞང་བོད་སྒྲ་སྡེབ》ན་མུ་ལ་ནི་ནམ་མཁའི་དོན ཡིན་པར་བཀོད་ཡོད་ལ། དེ་དང་མཐུན་པར《སྒྲའི་སྡེབ་སྦྱོར་མཐོང་བ་དོན་གསལ》བྱ་བར་ཡང་། མུ་ལ་ནམ་མཁའི་དོནཡིན་པར་བཀོད་ཡོད། དེ་བཞིན་དུ་མཁར་རྨེའུ་བསམ་གཏན་དང་ནཱ་ཀ་ནོར་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི《ཞང་ཞུང་དང་བོན་པོའི་བརྡ་རྙིང་ཚིག་མཛོད》དུའང་། མུ་ལ་ནམ་མཁའི་དོན དུ་འགྲེལ་ཡོད། དེ་ནས་ཙ་མེད་ཅེས་པའང《སྒྲའི་སྡེབ་སྦྱོར་མཐོང་བ་དོན་གསལ》བྱ་བར། ཙ་མེད་ནི་བུ་མོའི་དོན ཡིན་པར་བཀོད་ཡོད་ལ། 《ཏིང་དམར་གཡུ་རྩེ་ཡི་རྒྱུད་ལས》ལས་ཀྱང་། ཧྲི་ཙ་ཙ་མེད་སྨར་རོ ཞེས་པའི་སྐབས་ཀྱི་ཙ་མེད་ནི། བུ་མོའི་དོན་དུ་འཇུག་པར་བཤད་ལ། དེ་བཞིན་དུ་མཁར་རྨེའུ་བསམ་གཏན་དང་ནཱ་ཀ་ནོར་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི《ཞང་ཞུང་དང་བོན་པོའི་བརྡ་རྙིང་ཚིག་མཛོད》དུའང་། ཙ་མེད་ནི་བུ་མོའི་དོནདུ་འགྲེལ་ཡོད། ཡང་ལ་དྭགས་གློ་བོའི་ཕྱོགས་ཀྱི་མཁན་པོ་བཀྲ་ཤིས་བསྟན་འཛིན་གྱིས། སྔོན་ཞང་ཞུང་གི་སྐད་ལ་བུ་མོ་ལ་ཛ་སྨད་ཟེར ཞེས་འབྱུང་བ་རྣམས་གུང་བསྒྲིགས་ནས་དཔྱད་ན། མུ་ལ་དང་ཙ་མེད་བྱ་བ་རྣམས་ཞང་ཞུང་གི་བརྡ་རྙིང་ཞིག་ཡིན་པར་ངེས་ཤེས་འདྲོང་ཐུབ་པར་མ་ཟད། མུ་ལ་དང་ཙ་མེད་ཅེས་པའི་ཐ་སྙད་རྙིང་བ་འདི་གཉིས་མཚམས་སྦྱར་བྱས་ཏེ་བརྗོད་བྱ་སོ་སོ་རུབ་པར་བསྡུས་ན། ནམ་མཁའི་བུ་མོ་བྱ་བའི་དོན་དུ་འཇུག་པ་ཤིན་ཏུ་འགྲུབ་པར་བརྟེན་ཡིད་ཆེས་པར་རིགས་སོ་སྙམ་ལ། མདོར་ན་ཞང་ཞུང་སྒྲ་བླ་མུ་ལ་ཙ་མེད་བྱ་བའི་བརྡ་རྙིང་དེ་ཉིད་བོད་རྣམས་ཀྱིས་ཡི་གེར་འགོད་སྐབས་སུ། ཤིན་ཏུ་མགྱོགས་པར་བཀླག་དུས་སུ་ལ་སྒྲ་ཕྲལ་ཏེ་མུ་ཙ་མེད་ཅེས་བསྡུས་ནས་བཀླགས་པར་གསལ་ཞིང་། ཕྱིས་སུ་སྒྲ་དེ་ཉིད་གཏན་འཇགས་སུ་སོང་ནས་ཞང་ཞུང་བོན་ལུགས་ཀྱི་གནའ་བོའི་ཐ་སྙད་རྩ་ཆེན་པོ་དེའི་རིགས་ཀྱི་ཁུངས་ནུབ་ནས་བག་ལ་ཞ་བར་གྱུར་པ་ཞིག་རེད་སྙམ།

 བཞི། ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་ཐོག་མའི་གནས་ཡུལ་མངའ་རིས་ཡིན་པའི་སྐོར།
        མཚམས་འདིར་ཞང་ཞུང་སྒྲ་བླ་མུ་ཙ་མེད་བྱ་བ་དེ་ཐབས་ཤེས་གང་དྲག་བརྒྱབ་ནས་ད་ལྟའི་ཡུལ་གང་དུ་ཡོད་པར་རྒྱུས་ལོན་བྱེད་ཐུབ་ན། གནའ་བོའི་ཞང་ཞུང་གི་དབང་བསྒྱུར་ས་ཁམས་ལ་གོ་བ་ཅུང་ཟད་ལེན་ཐུབ་པའི་མཐུན་རྐྱེན་དུ་འགྲོའམ་སྙམ། དེ་ལ་མངའ་བདག་ཉང་ཉི་མ་འོད་ཟེར(༡༡༢༤ནས༡༡༩༢)གྱིས་མཛད་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ན། ཞང་ཞུང་དགྲ་བླ་མུ་ཙཱ་མེད་ནི་སྟོད་མངའ་རིས་ཀྱི་ལྷ་འདྲེ་ཡིན ཡིན་པར་བཀོད་ཡོད་པ་དང་། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན(༡༤༡༥ནས༡༤༩༨)གྱིས་མཛད་པའི《ཉི་མའི་རིགས་ཀྱི་རྒྱལ་རབས》སུ། གུ་གེ་ཞང་ཞུང་གི་དགྲ་ལྷའི་རྒྱལ་མོ་མུ་ཙ་མེདཅེས་པ་རྣམས་ལས་སྒྲ་བླའི་གནས་ཡུལ་དེ་ནི་ད་ལྟའི་མངའ་རིས་ཀྱི་ཕྱོགས་འདི་ཙམ་ཡིན་པར་དཔྱད་ནུས་སམ་སྙམ། མངའ་རིས་པ་རྣམས་ཀྱི་ངག་རྒྱུན་ལྟར་ན། ད་ལྟའི་མ་ཕམ་གཡུ་མཚོའི་ལྷོ་ཕྱོགས་དང་སྤུ་རངས་བྱང་ཕྱོགས་སུ་སྒྲ་བླའི་རྒྱལ་མོ་བྱ་བའི་རི་ཞིག་ཡོད་པ་དེར་ངོས་འཛིན་བྱས་ཡོད་ལ། མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་ནཱ་ཀ་ནོར་གཉིས་ཀྱིས་གཙོ་སྒྲིག་བྱས་པའི《ཞང་ཞུང་དང་བོན་པོའི་བརྡ་རྙིང་ཚིག་མཛོད》ན། སྒྲ་བླ་མ་ནི་གངས་ཏི་སེའི་འདབས་སུ་གནས་པའི་ཞང་ཞུང་གི་སྲུང་མ་ཞིག ཅེས་པའང་འདི་ལ་ངོས་འཛིན་བཞིན་ཡོད་དམ་སྙམ། སྒྲ་བླའི་རྒྱལ་མོ་བྱ་བའི་རི་དེའི་མིང་གཞན་ལ་མངའ་རིས་པ་རྣམས་ཀྱི་ངག་རྒྱུན་གཞིར་བཞག་ན། སྨན་མོ་ནགས་ཉིལ་དུ་འབོད་པར་གསལ་ལ། དིང་གི་རྩོམ་པ་པོ་ར་སེ་དཀོན་མཆོག་རྒྱ་མཚོའི《སྐྱེས་མའི་ལོ་རྒྱུས་སྤྱི་བཤད》ནའང་། ཞང་ཞུང་དགྲ་བླ་མུ་ཙ་མེད་ནི་མ་ཕམ་གཡུ་མཚོའི་ལྷོ་ངོས་ཀྱི་སྨན་མོ་ནགས་སྙིལ་བྱ་བའི་རི་དང་འབྲེལ་བ་ཡོདཅེས་པ་བདེན་པའི་གཏམ་དུ་གོ་དགོས་སྙམ་མོད། སྨན་རི་ནགས་སྙིལ་བྱ་བའི་རི་འདི་དང་མངའ་བདག་ཉང་ཉི་མ་འོད་ཟེར(༡༡༢༤ནས༡༡༩༢)གྱིས་མཛད་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ནང་། མངའ་རིས་ཀྱི་ལྷ་འདྲེ་མང་པོའི་གྲངས་འདྲེན་དུས་སུ་སྨན་གྱི་རྒྱལ་མོ་ནགས་ཉིལབྱ་བ་གཉིས་གཅིག་ཡིན་པའི་དབང་ཏུ་བཏང་ན། རི་འདི་ཞང་ཞུང་སྒྲ་བླའི་རྒྱལ་མོ་མུ་ཙ་མེད་མིན་པར་འགྱུར་ཏེ། ཉང་རལ་གྱིས་སྨན་གྱི་རྒྱལ་མོ་ནགས་ཉིལ་དང་སྲིད་པའི་རྒྱལ་མོ་མུ་ཙ་མེད་སོ་སོར་གྲངས་འདྲེན་བྱས་ཡོད། ཡང་བོན་གྱི་གེ་ཁོད་ཀྱི་གཞུང་རྙིང་རྣམས་སུ་སྒྲ་བླའི་རྒྱལ་མོ་དང་སྟག་རི་རོང་ངམ་མུ་ཙ་མེད་སོགས་མིང་གི་རྣམ་གྲངས་ལྟ་བུ་ཐོན་བཞིན་ཡོད་པས། ཞང་ཞུང་སྒྲ་བླ་མུ་ཙ་མེད་ནི་སྟག་རི་རོང་ལ་ངོས་འཛིན་མཁན་ཡང་བྱུང་ཡོད། དེ་ལ་སྟག་རི་རོང་ནི་གྲུབ་ཆེན་བསྟན་འཛིན་རིན་ཆེན(༡༨༠༡ནས)གྱིས་མཛད་པའི《གངས་ཏི་སེའི་དཀར་ཆག》ན། སྟག་རི་ཁྲ་བོ་ནི་རྫུ་འཕྲུལ་ལ་གྲུབ་པའི་སྒྲ་བླའི་རྒྱལ་མོ་སྟག་རི་རོང་གི་གནསཞེས་འཁོད་པ་ལས། སྟག་རི་ཁྲལ་བོ་ལ་གནས་པའི་སྒྲ་བླ་ཞིག་ཡིན་པར་ངོས་འཛིན་ནུས་སོ། ། མདོ་དོན་རང་ལུགས་ལ་ཅི་བྱས་ཀྱང་ཞང་ཞུང་དགྲ་བླའི་རྒྱལ་མོ་མུ་ཙ་མེད་ནི། མངའ་རིས་ཀྱི་སྒྲ་བླའི་རྒྱལ་མོ་བྱ་བའི་རི་དེ་ལ་ངོས་འཛིན་བྱས་ན་དོན་དང་མཐུན་ནམ་སྙམ་ཡང་ད་དུང་དཔྱད་དགོས་སོ། །

 ལྔ། ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་པའི་སྐོར།
        ཞང་ཞུང་སྒྲ་བླ་མུ་ཙ་མེད་ནི་གནའ་བོའི་ཞང་ཞུང་གི་སྒྲ་བླའི་རྒྱལ་མོ་གཞན་གྱིས་ཚབ་མཚོན་བྱེད་དཀའ་བ་ཞིག་ཡིན་ནའང་། དུས་རབས་བརྒྱད་པའི་ནང་དུ་རྒྱ་གར་ནུབ་ཕྱོགས་ཨུ་རྒྱན་ཡུལ་གྱི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་པ་དང་། ཁོང་གི་ཕྱག་རོགས་ལ་བོད་མི་རླངས་དཔལ་གྱི་སེང་གེབཞུགས་ནས་ཞང་ཞུང་གི་སྒྲ་བླའི་རྒྱལ་མོ་མུ་ཙ་མེད་སོགས་ཡུལ་སའི་སྒྲ་བླ་རྙིང་པ་རྣམས་ཀྱི་དད་མོས་ལ་འགྱུར་བཅོས་བྱས་ཏེ། མཚན་ཡང་བསྒྱུར་ནས་བོད་ཀྱི་བསྟན་པ་སྐྱོང་བར་ཁས་ལེན་དམ་བཅའ་བྱེད་དུ་བཅུག་ཡོད་ལ། དེ་དང་མཉམ་དུ་སྒྲ་བླའི་རྒྱལ་མོ་དེ་ལ་དད་མོས་དང་མཆོད་བཀུར་བྱེད་པའི་མི་མང་གི་བསམ་པའི་འདུ་ཤེས་འཛིན་སྟངས་དེ་ལའང་འགྱུར་བ་རབ་དང་རིམ་པ་མང་དུ་ཕྱིན་ཡོད། དེ་ལྟ་བུའི་ཞང་ཞུང་ཡུལ་སའི་སྒྲ་བླའི་རྒྱལ་མོ་མུ་ཙ་མེད་ཀྱི་མཚན་དང་གནས་རི་ལ་བཅོས་སྒྱུར་སྐོང་འཐེན་བྱས་ཚུལ་གྱི་སྐོར་ནི། བོད་ཀྱི་ཡིག་ཚང་ཁག་ན་བཞེད་པ་སྣ་ཚོགས་ཤིག་བཀོད་ཡོད་དེ། མངའ་བདག་ཉང་ཉི་མ་འོད་ཟེར(༡༡༢༤ནས༡༡༩༢)གྱིས་གཏེར་ནས་བཞེས་པར་གྲགས་པའི《སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མ》རུ། མང་ཡུལ་དོན་ལ་ཁ་རུ་ཞང་ཞུང་གི་དགྲ་བླ་མུ་ཙཱ་མེད་བྱ་བས་བར་ཆད་བརྩམས་ཏེ་དམ་ལ་བཏགས་ནས་སྲོག་གི་སྙིང་པོ་ཕུལ་ཏེ་སྲུང་མར་ཁས་བླངས་ནས། གསང་མཚན་གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མར་བཏགསཞེས་འཁོད་ཡོད་པ་དང་། ཡང་དམ་པ་དེས་མཛད་པའི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ན། མང་ཡུལ་དོན་ཁར་དམ་ལ་བཏགས་ནས་གསང་མཚན་ལ་གངས་ཀྱི་ཡུམ་གཅིག་རྡོ་རྗེ་ཀུན་ཏུ་བཟངཞེས་གསལ། གཏེར་ཆེན་རྡོ་རྗེ་གླིང་བས(༡༣༤༦ནས༡༤༠༥)གཏེར་ནས་བཏོན་པའི《ཨུ་རྒྱན་པདྨ་འབྱུང་གནས་ཀྱི་སྐྱེ་རབས་ལོ་ཙཱའི་འགྱུར་བྱང》ལས། ཡར་ལུང་སྟོན་ལ་ཁ་རུ་ཞང་ཞུང་དགྲ་ལྷ་ཛ་མུན་བྱ་བ་དམ་ལ་བཏགས་ནས། གསང་མཚན་རྡོ་རྗེ་གཡུ་བུན་མ་རུ་བཏགསཞེས་སམ། ཡང་ཡར་རྗེ་ཨུ་རྒྱན་གླིང་བས(༡༣༢༣ནས༡༣༦༠)གཏེར་ནས་བཞེས་པར་གྲགས་པའི《བཀའ་ཐང་སྡེ་ལྔ》དང《པདྨ་བཀའ་ཐང》གཉིས་ལས། སོ་སོར་ཁ་ལ་ལ་ཅན་ནམ་མང་ཡུལ་སྟོན་ལ་མཁར་རུ་དམ་ལ་བཏགས་ནས། ཞང་ཞུང་དགྲ་བླ་མུ་ཙ་མེད་ཀྱི་གསང་མཚན་ལ་རྡོ་རྗེ་གཡུ་བུན་མརུ་བཏགས་པར་གསལ་ཡོད། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན(༡༤༡༥ནས༡༤༩༨)གྱིས་མཛད་པའི《ཉི་མའི་རིགས་ཀྱི་རྒྱལ་རབས》སུ། སྐྱིད་རོང་ཕུག་འོད་དུ་སློབ་དཔོན་གྱིས་གུ་གེ་ཞང་ཞུང་གི་དགྲ་ལྷའི་རྒྱལ་མོ་མུ་ཙ་མེད་བཏུལ་ནས་དབང་བསྐུར་ལ། གངས་ཀྱི་ཡུམ་གཅིག་རྡོ་རྗེ་ཀུན་བཟང་མ་ཞེས་མིང་དང་དམ་ལ་བཏགས་པས་བསྟན་མ་བཅུ་གཉིས་ཀྱི་ཐོག་མ་ནི་དེ་ཡིནཞེས་འཁོད་པ་འདི་རྣམས་གུང་བསྒྲིགས་ནས་དཔྱད་ན། ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་མཚན་བསྒྱུར་ནས་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཚོགས་གྲས་སུ་བཅོས་སྒྱུར་སྐོང་འཐེན་བྱེད་པའི་གོ་རིམ་ཁྲོད་དུ་གསང་མཚན་འདོགས་སྟངས་མི་འདྲ་བ་ཁག་མི་གཉིས་ཙམ་བྱུང་ཞིང་། དམ་འདོགས་བྱ་སའི་ཡུལ་དང་གནས་སུ་བཅུག་པའི་རི་སོགས་ཀྱི་ས་མིང་ཡང་མི་འདྲ་བ་སྣ་ཚོགས་ཤིག་བཀོད་ཡོད་པས། དིང་སང་གི་ས་གནས་གང་ཡིན་གཏན་ཁེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཏེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གངས་དཀར་ཤ་མེདདང་བསྟན་མ་བཅུ་གཉིསསོགས་སྲིད་པའི་ཡུལ་ལྷ་དང་སྒྲ་བླ་མང་པོ་ཞིག་དམ་ལ་བཏགས་ནས་གནས་སུ་བཅུག་པའི་ཡུལ་ནི། ད་ལྟའི་མང་ཡུལ་དུ་གནས་པའི་དཔལ་མོ་མཚོའམ། ཡུལ་དེའི་མི་སེར་གྱི་ཕལ་སྐད་ལྟར་བྱས་ན། དཔལ་ཁུལ་མཚོ་བྱ་བ་དེའི་གཡས་གཡོན་དང་འབྲོག་སྡེ་ཆེན་པོ་སྤོ་རོང་དང་རྫོང་ཁའི་འདྲེས་མཚམས་ཀྱི་ལའི་ཕར་རྒྱབ་ཚུར་བརྒྱབ་དེ་དག་རེད། ད་ལྟའི་དུས་སུའང་ཡུལ་དེ་དག་ན། རྒན་པོ་རྣམས་ཀྱིས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གངས་དཀར་ཤ་མེད་བཏུལ་ཚུལ་སོགས་ངག་རྒྱུནམཚར་ལ་རིང་བ་སྨྲ་རྒྱུ་ཡོད།
        ཕྱི་ལོ༢༠༡༥ལོའི་ཟླ༤ཚེས༢༡ཉིན་ཡིག་ཚང་ཏུ་བཀོད་པའི་སྒྲ་བླའི་རྒྱལ་མོ་མུ་ཙ་མེད་དམ་འདོགས་བྱ་སའི་ཡུལ་དེའི་ཡིག་ཚང་གི་སྤྱི་དོན་དང་ངག་རྒྱུན་གཉིས་ལ་བསྟུན་ནས། ཕྲན་གུས་པ་ཞང་ཞུང་སྒྲ་བླ་མུ་ཙ་མེད་དམ་ལ་བཏགས་ནས་གནས་སུ་བཅུག་པའི་རི་དེ་འཚོལ་བར་ཕྱིན་པ་ཡིན། དིང་སང་གི་སྐྱིད་གྲོང་རྫོང་གི་ཁོངས་སུ་ཡོད་པའི་རྫོང་ཁའིཕྱོགས་ནས་ཕར་བལྟས་ན། སྲིད་པའི་གངས་གཉན་གངས་དཀར་ཤ་མེད་མཐོང་ཐུབ་ཅིང་། གངས་རིའི་གཡས་ངོས་སུ་ཡར་ཐད་དུ་ཕྱིན་ན་མང་ཡུལ་དོན་ལ་ཁར་རམ་ཁ་ལ་ལ་ཅནབྱ་བ་དེ་ཡོད། དེ་ནི་ཡོངས་གྲགས་སུ་སྲིད་པའི་སྒྲ་བླའི་རྒྱལ་མོ་མུ་ཙ་མེད་དམ་འདོགས་བྱེད་སའི་ཡུལ་དེ་ཡིན་པ་དང། ད་ལྟའི་གནས་ཡུལ་ནི་ས་སྐྱོང་འབུར་བའི་གདུང་རྒྱུད་དང་མངའ་རིས་སྨད་རྫོང་ཁའི་འདྲེས་མཚམས་དེ་རེད། ཁ་ལ་བྱ་བའི་ལ་ཆེན་པོ་དེ་བརྒལ་ནས་གཡས་ཕྱོགས་སུ་ཕྱིན་ན། སྲིན་མཚོའམ་དཔལ་ཁུལ་མཚོའི་འདབས་སུ་ཇ་མང་པོ་བྱ་བའི་གྲོང་ཚོཞིག་ཡོད་ཅིང་། དེ་ན་བསྟན་མ་བཅུ་གཉིས་ཀྱི་གྲས་སུ་ཡོད་པའི་རྡོ་རྗེ་གཡུ་བུན་མའམ་གཡུ་སྒྲོན་མ་བྱ་བའི་སྒྲ་བླའི་གནས་རི་དེ་ཡོད་ཅིང་། ཡུལ་དེའི་མི་རྣམས་ཀྱི་ངག་རྒྱུན་དུ་རི་དེ་ལ་མང་པོ་གཡུ་རིཞེས་འབོད་ཅིང་། དེ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཞང་ཞུང་སྒྲ་བླ་མུ་ཙ་མེད་དམ་འདོགས་བྱས་ནས། མཚན་ལ་རྡོ་རྗེ་གཡུ་བུན་མ་ཞེས་བཏགས་ཏེ་གནས་སུ་བཅུག་པའི་ཞང་ཞུང་སྒྲ་བླ་མུ་ཙ་མེད་ཀྱི་གནས་རི་གཉིས་པ་དེ་ངོས་ཟིན་བྱུང་ཡོད།

མཇུག་སྡོམ།
        དེ་ལྟར་འདས་པའི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆག་འཇིག་ལ་འབྲེལ་བའི་ཞང་ཞུང་སྒྲ་བླའི་རྒྱལ་མོ་མུ་ཙ་མེད་ནི། དུས་རབས་རིམ་བྱུང་གི་བདེ་གཟར་སྣ་ཚོགས་དང་རིག་གནས་ཀྱི་མི་འདྲ་བའི་བརྗོད་གཞིའི་འགྱུར་ལྡོག་དང་ལྷན་དུ་མོག་མོག་གི་ངོ་བོར་གྱུར་ནས། མཐར་ཡོངས་སུ་རྫོགས་པར་འཇིག་ཟིན་པའི་ཚད་དུ་སླེབས་ཟིན་ནའང་། ང་ཚོས་འདས་ཟིན་པའི་ལོ་རྒྱུས་ཡིག་ཚང་དང་ངག་རྒྱུན་སོགས་ཐབས་དང་ཐབས་བྱུང་དུ་མ་ལ་བརྟེན་ནས། སྒྲ་བླ་གང་དེའི་སྔ་རབས་ཀྱི་བྱུང་བ་དང་གནས་སྟངས་སོགས་ལ་རྒྱུས་ལོན་དང་ཉམས་ཞིབ་མཐིལ་ཕྱིན་བྱེད་རྒྱུ་ནི། ཉམས་རྒུད་དུ་ཕྱིན་པའི་ཞང་ཞུང་ཤེས་རིག་གི་གཞི་རྩའི་ཉམས་ཞིབ་ཀྱི་གནད་དོན་ཐག་གཅོད་འོས་པ་ཞིག་རེད་བསམ་ཡོད། །


* ཀླུ་མཚོ་རྒྱལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2016ལོའི་ཞིབ་འཇུག་སློབ་མ་ཡིན།
* བན་ཤུལ་དཔལ་མཁར་རྒྱལ། བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ཚན་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།


①③གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་བརྩམས། ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པན་ཉི་ཟླའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། ། དབུ་མེད་
ཕྱག་བྲིས་མ།[M]ཤོག་ལྡེབ124ན་གསལ།
② རོང་ཆེན་ཀིརྟིའི་འཁྲུངས་རབས་དཔག་བསམ་ལྗོན་པ།[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009
④ འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་བསྒྲིགས། 《བཙན་མོ་སད་མར་ཀར་གྱིས་ཞང་ཞུང་དབང་དུ་བསྡུ་རྒྱུའི་ཕྲིན་གླུའི་མ་ཡིག་ངོ་འདྲ》 ཞེས་པ་ནི་《ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས》ཞེས་པར་བསྡུས་ཡོད། ཕྱི་དཔར་མ། ཤོག་ངོས348ན་མུ་སུ་ནི་གཞན་ན་རེ། ཞེས་སོགས་གསལ་ཡོད་ལ། དཔལ་དོན་གྲུབ་རྒྱལ་གྱིས་མཚོན་པའི་ཡིག་རྙིང་ཞིབ་འཇུག་པ་དག་གིས་མུ་སུ་ནི་ཞང་ཞུང་གི་རུས་རྒྱུད་ཅིག་ཡིན་པ་མ་གོ་ནས་ཧ་ལས་པའི་འགྲེལ་ལོག་མང་པོ་བརྒྱབ་ཡོད། 
⑤སྙ་ཤུར་ལ་ཁྭ་གེད་རྩེ་ནི་ཏུན་ཧོང་ཡིག་རྙིང་སོགས་སུ་ལིག་མི་ཧྱ་རུ་འབོད་པ་དེ་ཡིན་ལ། སྤྱིར་བཏང་ལིག་མི་རྐྱ་ནི་ཐམས་ཅད་དབང་བསྒྱུར་བའི་སྲིད་པའི་རྒྱལ་པོ་ཞེས་པའི་དོན་དུ་བོན་གྱི་མཁས་པའི་དབང་པོ་བསྟན་འཛིན་རྣམ་དག་མཆོག་གིས་འགྲེལ་པར་འཐད་ལ། ལར་ཡང་ལིག་མི་རྐྱ་ཞེས་པ་ནི་སྤྱི་མིང་ཞིག་ལས་སྒོས་ཀྱི་གང་ཟག་བྱེ་བྲག་པའི་མིང་ཞིག་ཏུ་མི་སེམས་ལ། དེ་ལྟར་འདོད་ན་གནོད་བྱེད་མཐའ་ཡས་པ་འབབ་པར་བདག་གིས་འདོད་པས་དཔྱད་གཞི།
⑥ འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་བསྒྲིགས། 《ཁྱུང་པོ་སྤུང་སད་ཟུ་ཙེའི་སྐོར་གྱི་མ་ཡིག་དུམ་བུའི་ངོ་འདྲ》ཞེས་པ་ནི《ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས》ཞེས་པར་བསྡུས་ཡོད། ཕྱི་དཔར་མ།[M]ཤོག་ངོས༢༡༣ན་ཁྱུང་པོ་སྤུངས་སད་ཟུ་ཙེའི་བྱང་གི་ཞང་ཞུང་དབང་དུ་བསྡུས་པའི་སྐོར་ཉུང་ཙམ་གསལ་ཡོད།

⑦ འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་བསྒྲིགས།  《བཙན་མོ་སད་མར་ཀར་གྱིས་ཞང་ཞུང་དབང་དུ་བསྡུ་རྒྱུའི་ཕྲིན་གླུའི་མ་ཡིག་ངོ་འདྲ》 ཞེས་པ་ནི 《ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས》ཞེས་པར་བསྡུས་ཡོད། ཕྱི་དཔར་མ།[M]ཤོག་ངོས༣༤༨ན་མུ་སུ་ནི་གཞན་ན་རེ། ཞེས་སོགས་གསལ་ཡོད་ལ། དཔལ་དོན་གྲུབ་རྒྱལ་གྱིས་མཚོན་པའི་ཡིག་རྙིང་ཞིབ་འཇུག་པ་དག་གིས་མུ་སུ་ནི་ཞང་ཞུང་གི་རུས་རྒྱུད་ཅིག་ཡིན་པ་མ་གོ་ནས་ཧ་ལས་པའི་འགྲེལ་ལོག་མང་པོ་བརྒྱབ་ཡོད། 
⑧ ཇོ་བོ་ལྕེའི་གདུང་རབས་བཞུགས་བདོག་ལགས་སོ། ། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས(༡༦༦)ཅན་ནས་ཐོན་པའི་དཔེ་རྙིང་དབུ་མེད་ཕྱག་བྲིས་མ། ཤོག་ལྡེབ༢པར་ལྕེའི་གདུང་རྒྱུད་ཀྱི་དམག་གིས་ཞང་ཞུང་བཅོམ་ཚུལ་གསལ་ཡོད། 
⑨ གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་བརྩམས། ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པན་ཉི་ཟླའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །
དབུ་མེད་ཕྱག་བྲིས་མ། ཤོག་ལྡེབ༡༢༥ན་ཞང་ཞུང་རྒྱལ་པོ་ལིག་མི་སྐྱ་སོགས་ཀྱིས་བསྟེན་པའི་ལྷ་ནི་གེ་ཁོད་སུམ་བརྒྱ་དྲུག་ཅུའི་ནང་ནས་སྟོབས་ཆེ་བ་སྟེ། མང་ཝེར་བའི་ལྷ་བདུད་རྗེ་བཙན་པོ་ཧོ། མོལ་ཝེར་བའི་ལྷ་རོལ་བཙན་སྟག་རལ་གཙུག་སྤུན་བརྒྱད། སྐྱིན་ཝེར་བའི་ལྷ་སྲིད་པ་ཡོངས་ཀྱི་མ་མོ་མུ་ཙ་མེད་སོགས་ཡིན་ཚུལ་འཁོད་ཡོད།
⑩ མཛད་པ་པོ་མི་གསལ། ཞང་ཞུང་མེ་རི་བཀའ་མའི་སྒྲུབ་སྐོར་གསུང་པོད་བཞུགས། དབུ་མེད་ཕྱག་བྲིས་མ། ཤོག་ལྡེབ༡༡ན། ཁྱད་པར་ཞང་ཞུང་བོན་གྱི་བསྟན་སྲུང་མ་མཆོག་མུ་ཙ་མེད་ཅེས་པར་ཁུངས་བཅོལ་ཡོད། 

ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་བཏོན། སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མ་བཞུགས་སོ། །[M]ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987:41-42

མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བརྩམས། གེ་ཁོད་གསང་བ་དྲག་ཆེན་ལྡོག་མེད་གསེར་གྱི་སྤུ་གྲིིའི་གཞུང་ཞེས་བྱ་བ་བཞུགས། དབུ་མེད་ཕྱག་བྲིས་མ། ཤོག་ལྡེབ༢༠ན་གསལ།

ཡར་རྗེ་ཨུ་རྒྱན་གླིང་བས་གཏེར་ནས་བཏོན། བཀའ་ཐང་སྡེ་ལྔ།[M]མི་རིགས་དཔེ་སྐྲུན་ཁང་། 1997:39

གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་བརྩམས། ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པན་ཉི་ཟླའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །དབུ་མེད་ཕྱག་བྲིས་མ། ཤོག་ལྡེབ༡༠༣ན་གསལ།

ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་བརྩམས། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ།[M]ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2006:758

ཉང་ཉི་མ་འོད་ཟེར་གྱིས་མཛད། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:279

ཡར་རྗེ་ཨུ་རྒྱན་གླིང་བས་གཏེར་ནས་བཞེས། པདྨ་བཀའ་ཐང་ངམ་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་ཐར་རྒྱས་པར་བཀོད་པ་ཞེས་བྱ་བ་བཞུགས་སོ། །[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006:297

མངའ་རིས་མཁན་ཆེན་ཚེ་དབང་རིག་འཛིན་གྱིས་བརྩམས། རྡོ་རྗེ་ཆོས་སྲུང་རྣམས་ཀྱི་སྐྱེས་རབས་དཔལ་ཆེན་རྔམ་པའི་ཆོ་འཕྲུལ་ཞེས་བྱ་བ་བཞུགས་སོ། །[M]ལྕགས་དཔར་དེབ་གཟུགས། ཤོག་ངོས༡༤༨ན་ཞང་ཞུང་གི་བརྟན་པ་མུཉྫ་མེད་ཅེས་གསལ།

ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་བཏོན། སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མ་བཞུགས་སོ། །[M]ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1957:41

ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་བརྩམས། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྟོད་ཆ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2006:758

མཛད་པ་པོ་མི་གསལ། དབལ་ཆེན་གེ་ཁོད་ཀྱི་དུག་ཕྱུང་ཚན་དཀར་དམར་སྤོས་བསང་ཞེས་བྱ་བ་བཞུགས་སོ། །[M]དབུ་མེད་ཕྱག་བྲིས་མ། ཤོག་ལྡེབ༡༠ན་སྒྲ་བླའི་རྒྱལ་པོ་མུ་ལ་ཙ་མེད་ཅེས་གསལ།

ཞུ་ཡས་ཉི་མ་གྲགས་པས་མཛད། སྒྲ་ཡི་དོན་སྡེབ་སྣང་གསལ་སྒྲོན་མེ་བཞུགས་སོ། །[M]གློག་རྡུལ་དཔེ་གཟུགས། ཤོག་ངོས༡༤ན་གསལ།

མཛད་པ་པོ་མི་གསལ། སྒྲའི་སྡེབ་སྦྱོར་མཐོང་བ་དོན་གསལ་ཞེས་བྱ་བ་བཞུགས་སོ། ། དབུ་མེད་ཕྱག་བྲིས་མ།[M]ཤོག་ལྡེབ༨ན་མུ་ལ་ནི་ནམ་མཁའི་དོན་དུ་འགྲེལ་ཡོད།

མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་ནཱ་ཀ་ནོར་གཉིས་ཀྱིས་བསྒྲིགས། ཞང་ཞུང་དང་བོན་པོའི་བརྡ་རྙིང་ཚིག་མཛོད། ཉི་ཧོང་ཨོ་ས་ཀ་མི་རིགས་རྟེན་མཛོད་གླིང་། 2008:188

མཛད་པ་པོ་མི་གསལ། སྒྲའི་སྡེབ་སྦྱོར་མཐོང་བ་དོན་གསལ་ཞེས་བྱ་བ་བཞུགས་སོ། །[M]དབུ་མེད་ཕྱག་བྲིས་མ། ཤོག་ལྡེབ༩ན་ཙ་མེད་ནི་བུ་མོའི་དོན་དུ་འགྲེལ་ཡོད།

མཛད་པ་པོ་མི་གསལ། དབལ་གསས་རྔམ་པའི་རྒྱུད་ཏིང་དམར་གཡུ་རྩེ་ཞེས་བྱ་བ་བཞུགས་སོ། ། དབུ་མེད་ཕྱག་བྲིས་མ།[M]གཞུང་དེར་ཧྲི་ཙ་ཙ་མེད་སྨར་རོ་ཞེས་པའི་སྐབས་ཀྱི་ཙ་མེད་ནི་བུ་མོའི་དོན་དུ་འགྲེལ་ཡོད།

མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་ནཱ་ཀ་ནོར་གཉིས་ཀྱིས་བསྒྲིགས། ཞང་ཞུང་དང་བོན་པོའི་བརྡ་རྙིང་ཚིག་མཛོད།[M]ཉི་ཧོང་ཨོ་ས་ཀ་མི་རིགས་རྟེན་མཛོད་གླིང་། 2008:201


མཁན་པོ་བཀྲ་ཤིས་བསྟན་འཛིན་གྱིས་བརྩམས། གློ་ལྗོངས་ཆོས་ཀྱི་ཞིང་སར་བསྟན་པ་འཕེལ་ཚུལ་གྱི་དཀར་ཆག་དྭངས་ཤེལ་མེ་ལོང་།[M]ཕྱི་དཔར་དེབ་གཟུགས། ཤོག་ངོས༡༠ན་གསལ།

ཉང་ཉི་མ་འོད་ཟེར་གྱིས་མཛད། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:279

གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་བརྩམས། ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པན་ཉི་ཟླའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །
དབུ་མེད་ཕྱག་བྲིས་མ། ཤོག་ལྡེབ༡༠༣ན་གསལ།

མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་ནཱ་ཀ་ནོར་གཉིས་ཀྱིས་བསྒྲིགས། ཞང་ཞུང་དང་བོན་པོའི་བརྡ་རྙིང་ཚིག་མཛོད།[M]ཉི་ཧོང་ཨོ་ས་ཀ་མི་རིགས་རྟེན་མཛོད་གླིང་། 2008:42

ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས། གངས་ལྗོངས་སྐྱེས་མའི་ལོ་རྒྱུས་སྤྱི་བཤད། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003:13

ཉང་ཉི་མ་འོད་ཟེར་གྱིས་མཛད། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:279

གྲུབ་ཆེན་བསྟན་འཛིན་རིན་རྒྱལ་གྱིས་བརྩམས། གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ། །༢༠༠༣ལོའི《ཞང་ཞུང་རིག་གནས》ལོ་དེབ་འཕར་མར་བསྡུས་ཡོད། ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་གཙོ་གཉེར་བྱས། 2003:15

ཅིན་ཡ་ཧྲིན་དང་ཁོ་ཨིན་གྱིས་གཙོ་སྒྲིག་བྱས། 《སྲིན་མོ་ཆེན་མོ་བདུན་གྱི་གསོལ་མཆོད》ཅེས་པ་ནི《ཧྥ་རན་སེའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》དེབ་ལྔ་པར་བསྡུས་ཡོད།[M]ཧྲང་ཧེ་དཔེ་རྙིང་པར་སྐྲུན་ཁང་། 2007:17-18

ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་བཏོན། སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མ་བཞུགས་སོ། །[M]ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987:41-42

ཉང་ཉི་མ་འོད་ཟེར་གྱིས་མཛད། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:279

གཏེར་ཆེན་རྡོ་རྗེ་གླིང་བས་གཏེར་ནས་བཏོན། ཨུ་རྒྱན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ལོ་ཙཱའི་འགྱུར་བྱང་རྣམ་ཐར་རྒྱས་པར་བཀོད་པ་བཞུགས་སོ། །དབུ་ཅན་ཕྱག་བྲིས་མ། ཤོག་ལྡེབ༩༡ནས༩༢བར་གསལ།

ཡར་རྗེ་ཨུ་རྒྱན་གླིང་བས་གཏེར་ནས་བཞེས། པདྨ་བཀའ་ཐང་ངམ་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་ཐར་རྒྱས་པར་བཀོད་པ་ཞེས་བྱ་བ་བཞུགས་སོ། །[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006:279

གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་བརྩམས། ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པན་ཉི་ཟླའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། ། དབུ་མེད་ཕྱག་བྲིས་མ། ཤོག་ལྡེབ༡༠༣ན་གསལ།

གངས་དཀར་ཤ་མེད་ནི་ཡོངས་གྲགས་སུ་བསྟན་མ་བཅུ་གཉིས་ཀྱི་གྲས་སུ་ཡོད་ཅིང་། དིང་སང་མང་ཡུལ་གུང་ཐང་ན་ངག་རྒྱུན་དང་བཅས་མ་ཉམས་པར་མཇལ་རྒྱུ་ཡོད།

བསྟན་མ་བཅུ་གཉིས་ནི་རི་གཅིག་གི་མིང་ཡིན་ནམ་ཡང་ན་རི་བཅུ་གཉིས་ཀྱི་མིང་ཡིན་ནམ། ཡང་ན་ལྷ་མོ་བཅུ་གཉིས་ཀྱི་མིང་ཡིན་མིན་སོགས་ལ་དཔྱད་པར་བྱ་བ་ཧ་ཅང་མང་མོད། གུང་ཐང་གི་ཡུལ་རྣམས་སུ་བསྟན་མ་བཅུ་གཉིས་བྱ་བ་དེ་རི་གཅིག་ལ་ངོས་བཟུང་ནས་དིང་སང་ཡང་མང་ཡུལ་གུང་ཐང་གི་དཔལ་མཚོའི་འགྲམ་དུ་མཇལ་རྒྱུ་ཡོད་པས་བརྟག་པར་བྱའོ།།

དཔལ་མཚོ་ནི་གཏེར་སྟོན་ཨྱོན་མཆོག་གྱུར་གླིང་བས་གཏེར་ནས་བཏོན་པའི《གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ། །》བྱ་བ་ལས་དཔལ་མོ་ཐང་གི་དཔའ་ཐང་དུ་བརྟན་མ་བཅུ་གཉིས་དམ་ལ་བཏགས་ཞེས་པ་ནང་བཞིན་དིང་སང་ཡང་དཔལ་མོ་ཐང་ཞེས་ཡོད་ཅིང་ཐང་དེ་ལ་གནས་པའི་མཚོ་ཞིག་ཡོད་པ་དེ་ལ་དཔལ་མཚོ་ཟེར་ལ་དེར་གནས་མི་སེར་ཕལ་བ་རྣམས་སྒྲ་འགྱུར་ནས་དཔལ་ཁུལ་མཚོའམ་ཡང་ན་སྲིན་མཚོ་སོགས་ཟེར་འདུག

སློབ་དཔོན་པདྨ་འབྱུང་གནས་ཀྱིས་གངས་དཀར་ཤ་མེད་བཏུལ་ནས་དམ་ལ་བཏགས་པའི་ངག་རྒྱུན་འདི་ནི་ཕྲན་གུས་པ་མང་ཡུལ་གུང་ཐང་གི་དགུང་གྲངས་དྲུག་ཅུར་སླེབས་པའི་སྤོ་བོ་བསྟན་འཛིན་ལ་འདྲི་བརྩད་བྱས་པ་ལས་ཡུལ་དེ་ཡོངས་ཀྱི་མི་སེར་ཕལ་བས་ཐམས་ཅད་ལ་ཕལ་ཆེར་དེ་ལྟར་རྒྱུན་འཇགས་སུ་སོང་འདུག

པཎ་ཆེན་བསོད་ནམས་གྲགས་པས་བརྩམས། དེབ་ཐེར་དམར་པོ་གསར་མ།[M]མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས༣༩ན་དཔལ་ལྡེ་བརྒྱུད་པ་ལས་སྟོད་མངའ་རིས་སྨད་རྣམས་བྱུང་སྟེ། ད་ལྟའི་རྫོང་ཁ་བདག་པོ་སོགས་སོ་ཞེས་དང་། 《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ》སྟག་ཚང་དཔལ་འབྱོར་བཟང་པོས་བརྩམས།[M]ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས༡༤༢ན་མངའ་རིས་རྫོང་ཁའི་འོག་གི་གློ་དོལ་རྫོང་གསུམ་ཁྲི་སྐོར་གཅིག་ཅེས་འབྱུང་བ་རྣམས་ལས། མངའ་རིས་སྨད་འདི་ལ་སྔོན་ཚེ་རྫོང་ཁ་རུ་འབོད་པ་ཤེས་ནུས་ལ། དིང་སང་ཡུལ་དེའི་མང་ཚོགས་ཀྱི་ཁ་རྒྱུན་ལྟར་ན་ཕོ་བྲང་བཀྲ་ཤིས་ཁྱུང་རྫོང་དཀར་པོའི་ཡུལ་ཡིན་པས། རྫོང་དཀར་ཞེས་སུ་མིང་དེ་ལྟར་ཐོགས་པར་བཤད་པས་བརྟག་གཞི།

སྤོ་རོང་ཟླ་བ་དར་རྒྱས་ཀྱིས་བརྩམས། ས་སྐྱོང་འབུར་བའི་གདུང་རབས་ལས་འཕྲོས་པའི་འབྲོག་སྡེ་ཆེན་པོ་སྤོ་རོང་གི་བྱུང་བ་བརྗོད་པ་དྭངས་ཤེལ་མེ་ལོང་། སྟོད་ཆ། ལྕགས་དཔར་དེབ་གཟུགས་མ།[M]ཤོག་ངོས༡༩ན། བོད་ཡུལ་ཁ་ལའི་ལ་ཐོག་ཅེས་པའི་ཁ་ལ་ནི་སྤོ་རོང་དང་རྫོང་དགའི་ས་མཚམས་སུ་ཡོད་ཅེས་གསལ་ཡོད་ལ། བྲག་དཀར་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི《འཕགས་མཆོག་ཐུགས་རྗེ་ཆེན་པོ་རང་བྱུང་ཝ་ཏི་བཟང་པོའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་དད་པའི་འདྲེན་བྱེད》ན། བོད་སྐྱོང་བསྟན་མ་བཅུ་གཉིས་དམ་ལ་བཞག་པའི་གནས་ཁ་ལ་ཞེས་བཀོད་ཡོད།

ཇ་མང་པོ་གྲོང་ཚོ་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གྲེ་པ་ཞང་གི་ཁོངས་སུ་གཏོགས་པའི་གྲོང་ཚོ་ཆུང་ངུ་ཞིག་གི་མིང་ཡིན། དེ་ནི་ད་ལྟའི་དཔལ་མཚོའི་ངོས་དེར་ཆགས་ཡོད་ཅིང་། ཡིག་ཚང་ཁ་ཤས་སུ་བྱ་མང་པོ་ཞེས་ཀྱང་བྲིས་ཡོད་པས་བརྟག་གཞི།

མང་པོ་གཡུ་རི་ནི་རྡོ་རྗེ་གཡུ་བུན་མ་ཡིན་ཟེར་ཞིང་ཇ་མང་པོའི་གྲོང་ཚོ་ན་ཡོད་པས། མང་པོ་དང་གཡུ་བུན་མ་གནས་སའི་རི་ཡིན་པས་གཡུ་རི་ཟེར་ཞེས་ཡུལ་དེའི་མི་སེར་ཕལ་པའི་ངག་རྒྱུན་ལ་འཇགས་པ་ལྟར་བྲིས་པ་ཡིན།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1