རྒྱལ་ཡོངས་སྲིད་གྲོས་སྐབས13པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-28



    ཚེས27ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་རྗེས་མི་དམངས་ཚོགས་ཁང་ཆེ་མོར་མཇུག་སྒྲིལ་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།      
     ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

     ཚོགས་འདུའི་ཐོག་ལི་པིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་པ་རེད། ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགསཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད། ཨུ་ཡོན་རྣམས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པར་མོས་མཐུན་གཅིག་མཐུན་གནང་བ་དང་འབྲེལ་རྒྱབ་སྐྱོར་ཡང་གནང་བ་རེད།


    ཝང་དབྱང་གིས་གསུང་བཤད་གནང་སྐབས། ད་ཐེངས་ཀྱི་ཚོགས་འདུ་ནི་རང་རྒྱལ་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་གལ་ཆེན་དུ་འཚོགས་པ་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ནས། ཨུ་ཡོན་དང་ལྷན་དུ་རྒྱལ་དོན་ལ་གྲོས་མོལ་གནང་བ་རེད། ཨུ་ཡོན་ཡོངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་པར་དམིགས་ནས། ཇུས་འདོན་སྲིད་སྐྱོང་ཧུར་ཐག་བྱས་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱས་ཡོད་པས། རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གལ་ཆེན་གང་ལེགས་མཚོན་པས། འདི་ནི་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཅེས་གསུངས་པ་རེད། 

    ཝང་དབྱང་གིས། འདི་ལོ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འདྲེས་མཚམས་ལོ་ཞིག་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་གཉིས་བློ་ལ་བརྟན་པོར་འཆང་བ་དང་། བྱ་སྤྱོད་དངོས་དང་འགན་འཁྲི་སྒྲུབ་པའི་ཕན་འབྲས་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བའི་ཚད་ལོན་རྒྱུགས་ལན་ཞིག་འབུལ་དགོས། རླབས་ཆེན་གྱི་རིམས་འགོག་འཐབ་རྩོད་ནང་ནས་སྟོབས་ཤུགས་བསྡུ་ལེན་དང་གདེང་ཚོད་བརྟན་དུ་བཏང་སྟེ། སྔར་ལས་ལྷག་པའི་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཉེན་ཁའི་ཚོད་བགམ་ལ་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་གང་ལེགས་བྱེད་དགོས། དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ནས་འགན་འཁྲི་སྒྲུབ་ནུས་གོང་མཐོར་དང་ལས་ཀའི་ཕན་འབྲས་དངོས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་ཏན་ཏིག་དང་འགན་འཁྲི་སྒྲུབ་ནུས་ཟུང་འབྲེལ་སྔར་ལས་ལྷག་པ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་དང་སེལ་ཐབས་བྱེད་པ། ཇུས་འདོན་སྲིད་སྐྱོང་སྤྱོད་གོ་ཆོད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུར་ཕན་ནུས་ཐོན་པ་བཅས་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་འགན་སྒྲུབ་ཀྱི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ཁོངས་མི་ཡག་པོ་ཞིག་བྱེད་པའི་གཞི་རྩའི་འཇོན་ཐང་ཆེ་རུ་གཏོང་བ། དཔེ་དེབ་མང་ཙམ་ཀློག་པ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པོ་བྱེད་པ། སྲིད་གྲོས་ལས་དོན་གྱི་ཆོས་ཉིད་དང་གྲོས་མོལ་བྱེད་ཐབས་ཀྱི་དོན་སྙིང་ཁོང་དུ་ཆུད་པ། ཇུས་འདོན་སྲིད་སྐྱོང་གི་མིག་རྒྱང་རིང་དུ་དང་གནད་དུ་སྨིན་ཚད་ཟབ་ཏུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། མི་སེམས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད། 


    ཝང་དབྱང་གིས། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོའི་རྣམ་པའི་དམངས་གཙོ་ལག་བསྟར་བྱེད་ཆེད་ནུས་པ་འདོན་པ་དང་ལེགས་སྐྱེས་འབུལ་དགོས། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལེགས་ཆ་སྤྱད་དེ། ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་སྒྲིག་འཛུགས་ནུས་ལྡན་བྱས་ནས། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་རྒྱུ་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་ཤོག་མང་པོའི་མཉམ་ལས་གཅིག་གྱུར་དམ་ཟབ་ཡོང་བར་ཕན་པ་ཡོད་པ་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་གཅིག་སྡུད་དང་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱུ་ལག་བསྟར་ཡང་དག་བྱེད་རྒྱུ་གཅིག་གྱུར་དམ་ཟབ་བྱེད་པར་ཕན་པ་ཡོད་པ། མཐུན་སྒྲིལ་ཟབ་ཏུ་ཏན་ཏིག་གཏོང་རྒྱུ་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་གཅིག་གྱུར་དམ་ཟབ་བྱེད་པར་ཕན་པ་ཡོད་པ་བཅས་རེད། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ་དང་། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་དང་། ཐུན་མོང་གི་དམིགས་ཚད་དོན་གཉེར། ཐུན་མོང་གི་རྩ་བའི་ཁེ་ཕན་བཅས་ཡོད་པའི་ཆབ་སྲིད་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་ལ་དེ་བས་ལེགས་པའི་སྒོ་ནས་རམ་འདེགས་བྱེད་པ་དང་མཉམ་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 
    མཇུག་ཏུ་ཝང་དབྱང་གིས་ཨུ་ཡོན་རྣམ་པ་ཚོ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་འབྱེད་པའི་དཔང་པོ་དང་དེའི་ནང་ཞུགས་ཐུབ་པ་འདི་ནི་མི་ཚེའི་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་པས། གོ་སྐབས་ལ་གཅེས་སྤྲས་དང་། དུས་རབས་ལ་ངོ་མི་གནོང་བར། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ། བློ་གཅིག་སེམས་གཅིག་དང་གསར་འབྱེད་ཡར་བརྩོན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1