འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གསུམ་པས་གྲོས་རིམ་ཁག་ཡིད་བཞིན་ལེགས་གྲུབ་བྱུང་ནས། སྤྱི་ཚེས28ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ་བ་རེད། ཚོགས་ཆེན་གྱིས་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སོགས་ལ་ཆོག་མཆན་སྤྲད་པ་རེད། ཚོགས་ཆེན་ཐོག༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་༽ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཀྲུའུ་ཞིའི་བཀའ་རྒྱ་ཨང45ལ་མཚན་རྟགས་བཀོད་ནས་བཅའ་ཁྲིམས་དེ་ཁྱབ་བསྒྲགས་བྱས་པ་རེད། ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་ཡོད་པ་རེད།
མཇུག་སྒྲིལ་ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཞོན། ཨའེ་ལེ་ཀེང·དབྱི་མིང་པ་ཧའེ། ཝན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། ཡང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་འཁོད་ཡོད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད་པ་རེད། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི2956ཡིན་པ་དང། དངོས་སུ་ཞུགས་པ2886ཡོད་པ། མི70ཚོགས་འདུར་ཞུགས་མེད་པ། ཞུགས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་གྱི་ཡོད་པ་རེད།
ཕྱི་དྲོའི་ཆུ་ཚོད3པར་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གསུམ་པའི་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་། གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་ལྷག་ཙམ་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། སྙན་ཞུའི་ནང་བཏོན་པའི་སྤྱི་ལོ2020ལོའི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་སྤྱིའི་བླང་བྱ་དང་། དམིགས་འབེན་གཙོ་བོ། གཙོ་གནད་ལས་འགན་བཅས་ལ་མོས་མཐུན་གནང་བས། སྙན་ཞུ་འདིར་ཆོག་མཆན་སྤྲོད་རྒྱུ་ཡིན་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། དམངས་དོན་ཁྲིམས་གཞུང་ལ་གྲོས་འཆམ་བྱུང་ཡོད། དམངས་དོན་ཁྲིམས་གཞུང་དེ་སྤྱི་ལོ2021ལོའི་ཟླ་བ1པོའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་ཡོད་པ་རེད། གཏན་འབེབས་དེ་སྤྱི་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
གྲོས་ཚོགས་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་ལོ2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། སྤྱི་ལོ2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། སྤྱི་ལོ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞིར་ཆོག་མཆན་སྤྲད་པ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་ལོ2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཡོད། སྤྱི་ལོ2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། སྤྱི་ལོ2020ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་སྤྲད་ཡོད།
གྲོས་ཚོགས་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཡོད། གྲོས་ཆོད་ནང་། གྲོས་ཚོགས་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། སྙན་ཞུའི་ནང་བཏོན་པའི་སླད་ཕྱིན་དུས་མཚམས་ཤིག་རིང་གི་ལས་འགན་གཙོ་བོ་དང་ལས་དོན་བཀོད་སྒྲིག་ལ་མོས་མཐུན་བྱས་ནས། སྙན་ཞུ་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གསུམ་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྙན་ཞུ་དེ་གཉིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།
གྲོས་ཚོགས་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧྥེང་ཀྲུང་ཧྭ་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་ཞུའི་རེ་འདུན་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད།
དེ་རྗེས། ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་ཡོད། ཁོང་གིས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་ལེགས་གྲུབ་ལྡན་པའི་ངང་མཇུག་འགྲིལ་ཡོད་ཅིང་། དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འཐབ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན། གྲོས་ཚོགས་ཐོག་འདས་ཟིན་པའི་ལོ་གཅིག་ལྷག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཚད་མཐོའི་གདེང་འཇོག་ གནང་ཡོད། འཐུས་མི་རྣམས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གཞིར་བཟུང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་འགྲིལ་ནས། དཀའ་བ་དུ་མ་ཁྱད་བསད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་གསར་པ་མང་པོ་བླངས་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་སྐུ་ངོ་མས་བཀོད་སྒྲིག་མཛད་དེ། དུས་ཡུན་ཟླ་བ་གཅིག་ཙམ་རིང་རིམས་ནད་འགོས་ཁྱབ་འགྲོ་ཚུལ་ཐོག་མའི་ཆ་ནས་ཚོད་འཛིན་ཐུབ་པ་དང་། དུས་ཡུན་ཟླ་བ་གཉིས་ཡས་མས་བེད་སྤྱད་དེ་ས་གནས་འདི་རང་དུ་ཉིན་ལྟར་ནད་པ་གསར་པ་ཐོན་ཚད་གྲངས་གནས་གཅིག་གི་ཐོག་ཚོད་འཛིན་ཐུབ་པ། དུས་ཡུན་ཟླ་བ་གསུམ་ཡས་མས་བེད་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ཐུབ་པའི་འཐབ་ཇུས་གྲུབ་འབྲས་གལ་ཆེན་བཏོད་ཡོད། ང་ཚོ་ལྟ་བུའི་མི་གྲངས་དུང་ཕྱུར་བཅུ་བཞི་ཟིན་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་བཤད་ན། གྲུབ་འབྲས་དེ་འདྲ་ཐོབ་པ་ནི་ལས་སླ་པོ་ཞིག་མིན། དེ་ནི་ཀྲུང་གོའི་མི་དམངས་ཀྱི་དཔའ་བོའི་མཛད་པ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་སྟོབས་ཤུགས་ཀྱང་ཡིན་ཞེས་གསུངས་ཡོད།
ལི་ཀྲན་ཧྲུའུ་ཡིས། གྲོས་ཚོགས་ཐོག་སྲིད་གཞུང་གི་ལས་དོན་སྐོར་གྱི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་གྲོས་ཞིབ་གནང་ནས་ཆོག་མཆན་སྤྲད་པ་དང་། སླད་ཕྱིན་དུས་མཚམས་ཤིག་རིང་གི་ལས་དོན་ཐད་བཀོད་སྒྲིག་བྱས་ཡོད། ང་ཚོས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་དང་འགན་འཁུར་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་ཐོག་ནས། དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུར་འགན་ལེན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་དགོས་ཞེས་གསུངས་ཡོད།
ལི་ཀྲན་ཧྲུའུ་ཡིས། གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་དམངས་དོན་ཁྲིམས་གཞུང་ནི་ཀྲུང་གོ་གསར་པའི་ཁྲིམས་གཞུང་ཐོག་ནས་མིང་བཏགས་པའི་བཅའ་ཁྲིམས་ཐོག་མ་དེ་ཡིན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་གི་མཚོན་རྟགས་རང་བཞིན་གྱི་ཁྲིམས་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་ཞིག་ཡིན་པས། དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་དེ་བས་འཐུས་སྒོ་ཚང་བའི་དམངས་དོན་ཁྲིམས་ལུགས་འགན་སྲུང་མཁོ་འདོན་ཐུབ་ངེས་ཡིན། ང་ཚོས་སྣེ་ཁྲིད་ནས་བཅའ་ཁྲིམས་དེར་སློབ་སྦྱོང་དང་། དྲིལ་བསྒྲགས། བརྩི་སྲུང་བཅས་ཞུ་དགོས་པ་དང་། སྤྱི་ཚོགས་ཡོངས་ལ་ཁྲིམས་གཞུང་འདི་ཁྱབ་གདལ་གཏོང་དགོས། སྤྱི་ཚོགས་ཧྲིལ་པོས་རང་རྟོགས་ངང་ཁྲིམས་ལྟར་དམངས་དོན་བྱེད་སྒོ་སྤེལ་ཚེ། དམངས་དོན་རྩོད་གཞི་ཉུང་དུ་གཏོང་ཐུབ་པ་དང་། དམངས་དོན་འགལ་ཟླ་སེལ་ཐུབ་སྟེ། སྤྱི་ཚོགས་ཤེས་དཔལ་དང་། འཆམ་མཐུན། བརྟན་ལྷིང་བཅས་ཡོང་བར་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་ཡོད།
ལི་ཀྲན་ཧྲུའུ་ཡིས། གྲོས་ཚོགས་ཐོག་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གཏན་འབེབས་བྱས་ཡོད། དེ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེ་རྩ་ཁྲིམས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་མཐུན་པ་དང་། སྤུན་ཟླ་ཤང་ཀང་བ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་མཐུན་གྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་ཁྲིམས་ལུགས་བཟོ་བ་དང་། ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། ཤང་ཀང་ཡུན་རིང་བདེ་འགོད་དང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་བརྟན་ཐོག་རྒྱང་བགྲོད་བྱ་རྒྱུར་འགན་ལེན་བྱེད་ཐུབ་ཅེས་བསྟན་ཡོད།
ལི་ཀྲན་ཧྲུའུ་ཡིས་མཇུག་ཏུ། ཀྲུང་གོའི་མི་དམངས་ལ་རླབས་ཆེའི་གསར་གཏོད་ཀྱི་སྙིང་སྟོབས་དང་། འབད་འཐབ་ཀྱི་སྙིང་སྟོབས། མཐུན་སྒྲིལ་གྱི་སྙིང་སྟོབས། ཕུགས་འདུན་གྱི་སྙིང་སྟོབས་བཅས་ཡོད་པས། དེ་ནི་ང་ཚོ་དྲག་ཆར་རླུང་འཚུབ་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་རྩ་བའི་སྟོབས་ཤུགས་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་པོ་འཛུགས་པ། སྲུང་སྐྱོབ་གཉིས་ཐུབ་པ་བྱེད་པ། མི་དམངས་གོང་དུ་བཀུར་བ། མི་དམངས་ལ་དམ་པོར་བརྟེན་པ། མི་དམངས་ལ་བདེ་སྐྱིད་ཟམ་མི་འཆད་པར་བསྐྲུན་པ། མི་དམངས་ཀྱི་ཁྲོད་གཞི་རྐང་བརྟན་པོ་ཚུགས་པ། སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་ཡོད།
ཕྱི་དྲོའི་ཆུ་ཚོད3དང་སྐར་མ35ཐོག ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་མཇུག་སྒྲིལ་བའི་ཁྱབ་བསྒྲགས་གནང་བ་རེད། ཚོགས་ཆེན་དེ་བརྗིད་ཉམས་དོད་པའི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ་བ་རེད།
ཀྲུའུ་ཞི་སྟེགས་བུའི་ཐོག་ཞུགས་མཁན་གྲས་སུ་ད་དུང་ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་རྨིར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཤའོ་ཅེ། ཀྲའོ་ཁེ་ཀྲེ། ཀྲོའུ་ཆང་། ཀྲང་ཅུན། ཀྲང་ཆིང་ལི། ལིའུ་ཆི་པའོ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲེན་ཀུང་། ཝང་ཀྲེང་ཝེ། མ་པིའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་ཡིང་། ཞ་པའོ་ལུང་། ཡང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་དང་། དེ་བཞིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་རྨིན་སོགས་ཡོད་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་འགྲོ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་ཁག་གི་འབྲེལ་ཡོད་འགན་འཁུར་མི་སྣ་བཅས་ཚོགས་ཆེན་ལ་ཟུར་ཞུགས་སམ་ཟུར་ཉན་གནང་ཡོད་པ་རེད།
ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉས་ཚོགས་ཆེན་ལ་ཟུར་ཉན་གནང་ཡོད་པ་རེད།