དཔལ་ལྡན་རྒྱུད་ཀྱི་དགོངས་དོན་དང་འབྲེལ་བས་རྒྱུན་སྤྱོད་གཉིད་ཀྱི་ཤེས་བྱ་སྐོར་མདོ་ཙམ་གླེང་པ།
རྟ་མགྲིན་ཚེ་རིང་དང་རྣལ་འབྱོར་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-05
རྒྱུད་ལས། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། །ལུས་ངག་ཡིད་ཀྱི་ཉེས་སྤང་ཡང་དག་བསྟེན། །ཞེས་ནད་སློང་བར་བྱེད་པའི་རྐྱེན་རྣམས་ཀྱི་གཙོ་བོར་གྱུར་བ་ཟས་མི་མཐུན་པ་དང་། སྤྱོད་ལམ་མི་མཐུན་པ་གཉིས་དྲན་ཤེས་བཞིན་རྟག་ཏུ་སྤང་བར་བྱ་བ་དང་། དེ་བཞིན་ལུས་ཀྱི་ལས་འགྲོ་བ་དང་ངག་གི་ལས་སྨྲ་བ། ཡིད་ཀྱི་ལས་བསམ་པ་གསུམ་པོ་ངལ་ཞིང་དུབ་པར་གྱུར་བའི་ཉེས་པ་ཡོངས་སུ་སྤང་ཞིང་། ལས་དེ་ལྟ་བུས་བས་ཇི་སྲིད་མི་ངལ་བ་ཡང་དག་པར་བསྟེན་པར་བྱ་ཞིང་། དབང་པོ་རྣམས་ཀྱང་རང་རང་གི་ཡུལ་ལ་ལོངས་མི་སྤྱོད་པའམ་ཡང་ན་ལོངས་སྤྱད་དྲག་པ་སོགས་མ་ཡིན་པར་སྤྱོད་ལམ་ཚུལ་བཞིན་གནས་པས་ལུས་གྱི་བདེ་བ་བསྲུང་ཞིང་ཚེ་ཡི་ཡུན་བསྲིང་བ། ནད་གཞི་སྔོན་འགོག་བྱེད་པ་བཅས་ལ་ཕན་པས་དེ་ལྟར་ནད་མི་འབྱུང་བར་ལུས་སེམས་གཉིས་བདེ་བར་གནས་པའི་ཐབས་ལ་རྟག་ཏུ་བརྩོན་རྒྱུ་ནི་མི་ལུས་བདེ་སྲུང་གི་གཞི་རྩ་ལྟ་བུ་ཡིན་ཞིང་། ལྷག་དུ་དེང་གི་སྤྱི་ཚོགས་ལྟ་བུར་མཚོན་ན་མིའི་རིགས་ཀྱི་འཚོ་བའི་ཆུ་ཚད་དང་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་བ་དང་བསྟུན་ནས་ལུས་སེམས་ཀྱི་བདེ་ཐང་སྲུང་བའི་བསམ་པའི་འདུ་ཤེས་ཀྱང་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད་པ། འོན་ཀྱང་སྤྱི་ཚོགས་དང་ཁོར་ཡུག །རང་བྱུང་གི་འགྱུར་བ་སོགས་རྐྱེན་གང་མང་ལས་ལུས་དང་སེམས་ཀྱི་ནད་རིགས་མང་པོ་ཞིག་ཇེ་མང་ནས་ཇེ་མང་དུ་འགྲོ་བའི་རྐྱེན་གྱིས་མི་ཀུན་གྱིས་ནད་གཞི་སྔོན་འགོག་དང་ཐ་མལ་བདེ་སྲུང་གི་ལས་ལ་སྔར་ལས་མི་འདྲ་བར་བསམ་བློ་ཕྱོགས་བཞིན་ཡོད་པ་དང་འབྲེལ་ཏེ་དཔལ་ལྡན་རྒྱུད་ཀྱི་དགོངས་པར་ལུས་ཐ་མལ་དུ་ནད་མི་འབྱུང་བར་གནས་པའི་ཐབས་མཆོག་མང་དུ་འཁོད་པ་སོགས་རྒྱུད་ཚིག་དང་སྦྲགས་ནས་འདིར་རྒྱུན་སྤྱོད་གཉིད་ཀྱི་ཤེས་བྱ་སྐོར་ཅུང་ཙམ་འགོད་པར་བྱ་བ་ཡིན།
ཁ་རྒྱུན་དུ་ཉལ་བའི་གཉིད་དང་ཟས་ཀྱི་བཅུད་ཅེས་བརྗོད་པ་ལྟར་གཉིད་ཡག་པོ་བྱུང་ན་ལུས་ལ་ཕན་པས་བཅུད་དུ་འགྱུར་ཞིང་དེའི་སྐབས་ལུས་ངག་ཡིད་ཀྱི་ལས་ཀ་མེད་པར་དབང་པོ་རྣམས་ནང་དུ་བསྡུས་པ་སྟེ། བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་དུས་རབས་ཁྱེའུ་གསར་པའི་རང་མདངས་ལས། གཉིད་ཁུག་པ་ནི་ཀླད་པའི་སྐྱི་རིམ་ལ་ལྷོད་འཇགས་ཀྱི་རྣམ་པ་ཡིས་ཁྱབ་པའི་རྒྱུད་རིམ་ལ་ཟེར་བ་སྟེ། གཉིད་ཁུག་སྐབས་ལྷོད་འཇགས་ཀྱི་རྣམ་པ་དེ་ཐོག་མར་ཀླད་པའི་སྐྱི་རིམ་ཁག་ཆུང་བ་ཞིག་ནས་བྱུང་སྟེ་རིམ་གྱིས་ཀླད་པའི་སྐྱི་རིམ་ཡོངས་ལ་ཁྱབ་པ་ནི་གཉིད་ཁུག་པའི་རྒྱུད་རིམ་ཡིན་ལ། ཞེས་པ་དང་། གཉིད་ཁུག་དུས་ཀླད་པར་ཡོངས་སུ་ངལ་གསོ་ཐུབ་པ་ལྟར་ལུས་ཀྱི་ཤ་གྲིམས་རྣམས་ལྷོད་ཅིང་རླུང་རྩུབ་པའི་རང་བཞིན་ཞི་བས་ལུས་སྟོབས་རྒྱས་ཤིང་ལུས་སེམས་གཉིས་བདེ་བ་ལ་སྤྱོད་པའི་གནས་སྐབས་ཤིག་ཡིན།
མི་ཞིག་གི་མི་ཚེ་ཉུང་ཕྱེད་ཙམ་མམ་མི་ཚེ་སུམ་ཆ་གཅིག་ལྷག་ནི་གཉིད་ཀྱིས་ཟིན་ཞིང་། གཉིད་ནི་མིའི་འཚོ་བའི་རྒྱུན་སྤྱོད་ཁྲོད་ནས་ལུས་སེམས་ཀྱི་བདེ་ཐང་སྲུང་བའི་ཤེས་བྱ་གལ་ཆེན་ཞིག་ཡིན་པས། རྒྱུན་དུ་གཉིད་ལོག་ཆེས་པའམ་གཉིད་ཡེ་ནས་མ་ལོག་པ། དུས་མིན་དུ་གཉིད་ལོག་པ་སོགས་གཉིད་ཀྱི་སྤྱོད་ལམ་དམན་ལྷག་ལོག་གི་དབང་དུ་མ་ཤོར་བར་ཚུལ་བཞིན་གཉིད་ལོག་ཅིང་གཉིད་ལོག་གི་སྤུས་ཚད་སྲུང་འཛིན་ཐུབ་པ་དགོས་ཏེ། སྤྱིར་བཏང་ཚན་རིག་གིས་བཤད་པ་ལྟར་དགོང་མོ་ཆུ་ཚོད་བཅུ་ནས་བཞི་བར་གཉིད་ཀྱི་དུས་ཚོད་དང་གཉིད་ཀྱི་སྤུས་ཚད་ལེགས་ཤོས་ལ་འཇོག་པ། མི་ཞིག་ལ་ཆ་བཞག་ན་གཉིད་ཀྱི་ཡུན་ཚད་དུས་ཚོད་བརྒྱད་ཙམ་ལ་གཉིད་ཁུག་ན་གཉིད་ཡུན་འཚམ་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་མཐའ་གཅིག་ཏུ་ངེས་པ་མེད་དེ་གཙོ་བོ་གཉིད་ཁུག་པའི་ཡུན་ཚད་དེ་མི་རང་རང་གི་གཉིད་ཁུག་པའི་སྤུས་ཚད་དང་ལུས་ཁམས་བདེ་ཐང་། ལོ་ན་རང་བཞིན་སོགས་ལ་རག་ལས་པ་དང་ཁྱད་པར་ཆེན་པོ་ཡོད་པས་སྤྱི་ཙམ་མ་གཏོགས་ངེས་གཏན་འགྱུར་མེད་ཀྱི་ཚད་ཅིག་ཅུང་བརྗོད་དཀའ་སྙམ།
འཇིག་རྟེན་མི་ཡི་སྤྱི་སྲོལ་ལ་ཉིན་དཀར་གྱི་ལྟོ་དང་མཚན་མོའི་གཉིད་ཅེས་པ་ལ་སྤྱིར་ན་མཚན་གྱི་གཉིད་དེ་འབྱུང་བའི་ཁམས་ཀྱི་རང་བཞིན་ཤས་ཆེ་ཆུང་ལས་དུས་ཚིགས་གསུམ་དུ་ཕྱེས་ཏེ་འཆད་བཞིན་ཡོད་པ་དང་། དེ་ཡང་ནམ་སྟོད་ནི་བད་ཀན་གྱི་ཁམས་ཤས་ཆེ་བས་བད་ཀན་གྱི་དུས་དང་། ནམ་ཕྱེད་དང་ནམ་གུང་ནི་མཁྲིས་པའི་དུས། ནམ་སྨད་ནི་རླུང་གི་དུས་བཅས་ཡིན་པ་དང་། དེ་དག་དུས་རེ་རེའི་སྐབས་སུ་མི་རྣམས་ཐོག་མར་གཉིད་སྲབ་པ་ལས་གཉིད་མཐུག་པོར་འགྲོ་བའི་གོ་རིམ་གྱི་འཕོ་ལེན་ངེས་ཅན་ཞིག་ལྡན་ཞིང་དུས་དེ་སོ་སོའི་ཁམས་ཀྱི་རང་བཞིན་དང་འབྲེལ་བས་རྨི་ལམ་ཡང་མི་འདྲ་བ་འཆར་སྲིད་པ་དང་། སྔ་མའི་དུས་དག་ནི་ཕལ་ཆེར་བརྗེད་ངེས་ཀྱི་དབང་གིས་མི་གསལ་བ་ཡང་བད་ཀན་གྱི་དུས་ཡིན་པའི་རྒྱུ་མཚན་དེ་ལ་ཐུག་པ་ཡིན། དཔེར་ན། མཚན་སྟོད་རྨི་ལམ་བརྗེད་ངེས་འབྲས་བུ་མེད། །ཐོ་རེངས་མཐོང་དང་གསལ་ན་འབྲས་བུ་འབྱིན། །ཞེས་པ་ལྟ་བུའོ། །དུས་རྒྱུན་ཐ་མལ་གྱི་ལུས་ལྟ་བུ་ལ་གཉིད་ཚིམ་པར་ལོག་པས་ཁམས་གྱི་རང་བཞིན་སྙོམས་པར་གནས་པའམ་སྲོག་ཟུངས་ཀྱི་ཁམས་བདུན་སྙོམས་པར་འགྱུར་བ་དང་། ལུས་སེམས་གྱི་ངལ་དུབ་སེལ་ཞིང་བདེ་སྲུང་གི་ནུས་པ་མི་དམན་པ་ཐོན། གལ་ཏེ་གཉིད་ཆག་གམ་མཚན་གཉིད་ཡག་པོ་མ་བྱུང་ན་ཅིས་ཀྱང་དེའི་རྗེས་གཉིད་ཡུན་འདང་ཙམ་གསབ་དགོས་པ་སྟེ། རྒྱུད་ལས། མཚན་གཉིད་མ་ལོག་རྩུབ་པས་ཅི་བདེར་ལོག །མ་ལོག་ནང་པར་སྨྱུང་བྱ་ཕྱེད་གཉིད་ལོག ། ཅེས་མཚན་གཉིད་མ་ལོག་པའི་ནངས་པར་ཟས་མ་ཟོས་པར་སྨྱུང་བར་བྱས་ལ་མཚན་གཉིད་མ་བྱུང་བ་དེའི་ཡུན་གྱི་ཕྱེད་ཙམ་དུ་གཉིད་ལོག་པར་བྱས་ན་རླུང་རྩུབ་པའི་ངོ་བོ་སོགས་མེད་ལ་ཕན་པ་དང་། དེ་ལྟར་གཉིད་གསབ་མ་ཐུབ་པར་གཉིད་བཀག་པ་ཐལ་དྲག་ན་ལུས་ཁམས་མི་བདེ་བའི་རྟགས་མི་ཉུང་བ་འཆར་བས་ལུས་ལ་གནོད་པ་སྟེ། བཤད་རྒྱུད་ལས། གཉིད་བཀག་གཡལ་མང་ལུས་སྙོམ་མགོ་བོ་ལྕི། །མིག་འགྲིབ་ཁ་ཟས་མི་འཇུ་ཤ་ཁུ་དང་། །ཆང་བཏུང་བསྐུ་མཉེ་བྱ་ཞིང་གཉིད་ལོག་ཕན། །ཞེས་གཉིད་བཀག་པའི་རྐྱེན་གྱིས་གཡལ་མང་བ་དང་། སྒྱིད་པ་སྐྱུར་བ། ལུས་སྙོམ་པ། མགོ་བོ་ལྕི་བ། མིག་གཉིས་ལྕི་ཞིང་འགྲིབ་པ། ཁ་ཟས་མི་འཇུ་བ། རོ་རྒྱབ་ན་བ། ལུས་ཀྱི་ཁོང་རྩུབ་པ་སོགས་རྟགས་དང་ལྡན་པ། ལུས་སེམས་དབང་པོའི་སྒོ་གང་ཐད་དུ་གནོད་ཅིང་ལུས་ཀྱི་ནད་འགོག་ནུས་ཤུགས་ཇེ་ཞན་འགྲོ་བ་བཅས་ཀྱི་རྟགས་འབྱུང་བའོ། །
གཉིད་ཀྱི་དུས་དང་ཡུན་ལ་ཐུང་བ་ཉིན་མཚན་དང་རིང་བ་ནམ་ཟླ་དུས་དྲུག་གི་ཁམས་ཀྱི་འཕེལ་འགྱུར་དང་དུས་ཀྱི་ངོ་བོ་ལ་འབྲེལ་བ་ཡོད་པ་དེའི་ཕྱིར་རྒྱུན་སྤྱོད་གཉིད་ཀྱི་སྤང་བླང་ཚུལ་བཞིན་བསྟེན་དགོས་པ་དང་། བཤད་རྒྱུད་ལས། སོ་ག་རྩུབ་ཅིང་མཚན་མོ་ཐུང་བས་ན། །ལུས་ཀྱི་སྟོབས་འཕྲོག་རླུང་འཕེལ་འགྱུར་བའི་ཕྱིར། ཉིན་པར་གཉིད་ལོག་སྣུམ་ལྕིར་འགྱུར་བས་ཕན། །གཞན་དུ་ཉིན་གཉིད་བད་ཀན་སྐྱེད་ཅིང་སྐྲངས། །རྨོངས་བག་མགོ་ན་སྒྱིད་སྐྱུར་རིམས་འདེབས་འགྱུར། །ཞེས་ནམ་ཟླ་སོས་ཀའི་དུས་ཀྱི་ཚེ་ནི་རྩུབ་ཅིང་ཡང་བས་རླུང་སྐྱེད་པའི་དུས་ཏེ་ནམ་ཐུང་ཉི་མ་རིང་བས་ལུས་ཀྱི་སྟོབས་འཕྲོག་ཅིང་རླུང་འཕེལ་བས་ན། ཉིན་པར་གཉིད་ཅུང་ཟད་རེ་ལོག་ན་སྣུམ་ཞིང་ལྕི་བར་འགྱུར་བས་ཕན་ཏེ་དེས་རླུང་འཇོམས་ཤིང་ཉམས་སྟོབས་འཕེལ་བར་བྱེད་པ་ཡིན། དེ་མ་ཡིན་པར་དུས་གཞན་གྱི་ཚེ་ན་གཉིད་ལོག་པ་ནི་དུས་མ་ཡིན་པར་གཉིད་ལོག་པ་ཡིན་ཏེ་ལུས་ལ་གནོད་པར་བྱེད་པ་དང་བད་ཀན་ལྷག་པར་སྐྱེད་ཅིང་སྐྱ་སོབ་ཏུ་སྐྲངས་པ། ཤེས་པ་རྨོངས་བག་ཏུ་འགྱུར་ཞིང་མགོ་བོ་ན་བ། སྒྱིད་པ་སྐྱུར་བ། དྲོད་ཆུང་ཞིང་ཟས་མི་འཇུ་བར་འགྱུར་བ། ཆམ་པ་རིམས་སོགས་ཀྱིས་འདེབས་པར་འགྱུར་ཕྱིར་འབད་པས་སྤང་བར་བྱའོ་ཞེས་པ་དང་། གང་ལྟར་མདོ་དོན་གཙོ་བོ་དུས་རྒྱུན་འཚོ་བ་དང་སྤྱོད་ལམ་ཁྲོད་གཉིད་ཀྱི་སྤང་བླང་ཚུལ་བཞིན་བསྲུང་བ་ནི་ལུས་སེམས་ལ་ཕན་པའི་སྤྱོད་ལམ་ཡག་པོ་ཞིག་ཡིན་པ་དང་། འོན་ཀྱང་དེང་སྐབས་སྤྱི་ཚོགས་ཁྲོད་གཉིད་མི་ཁུག་པའི་རྟགས་བྱུང་མང་བ་དང་ཧ་ཅང་རྒྱུན་མཐོང་དུ་གྱུར་ཞིང་དེར་གཞན་གྱི་ཞིབ་འཇུག་སྡོམ་རྩིས་བཀོད་པ་ལྟར་ན། དར་མའི་མི་ལས་33%~50%ཙམ་ལ་གཉིད་མི་ཁུག་པའི་རྟགས་ཡོད་པ་དང་། དེ་ལས་བཟོས་པའི་གནོད་པའི་ཚད་ནི་10%~15%ལ་སླེབས་པ་དང་། རྒན་དར་གཞོན་གསུམ་སོ་སོའི་ལོ་ཚད་ནང་གཉིད་མི་ཁུག་པའི་རྟགས་ཡོད་ལ་མིའི་རིགས་ཡོངས་ལ་མཚོན་ན་27%ལ་རྒྱུན་སྤྱོད་གཉིད་ཀྱི་གནད་དོན་གནོད་འབྱུང་བཞིན་ཡོད། དེ་དག་གཙོ་བོ་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་ས་གནས་སུ་ཁྱབ་རྒྱ་ཆེ་བ་བཀོད་འདུག །དེ་ལ་ཡང་རྟེན་གྱི་སྒོ་ནས་བཤད་ན་ཕོ་ལས་མོ་མང་བར་འདུག །གཉིད་ཡེར་བའི་རྒྱུ་རྐྱེན་ལ་ཅུང་རྙོག་འཛིང་གི་རང་བཞིན་དང་ལྡན་ཞིང་རྒྱུ་རྐྱེན་གང་མང་གིས་གཉིད་ཡེར་བའི་རྟགས་བསྐྱེད་བཞིན་ཡོད། གཙོ་བོ་ཁོར་ཡུག་དང་ལུས་ཁམས། སེམས་ཁམས། སྙིང་ནད་སོགས་ནད་གཞི། ཟས་དང་སྨན། ལུས་ཀྱི་རང་བཞིན་སོགས་ལས་གཉིད་ཡེར་གྱི་རྟགས་འབྱུང་བཞིན་པ་མང་པོ་མཐོང་བ་དེ་དག་སྐབས་སུ་མ་བཅོས་ན་རླུང་སོགས་ནད་འཕེལ་བ་དང་འཁྲུགས་པ། ནད་གཞི་གཞན་གྱི་བསྡོངས་ཟླར་འགྲོ་བ་སོགས་རྐྱེན་གང་མང་དུ་འགྱུར་བཞིན་ཡོད་པ། དེ་བས་གཉིད་ཡེར་གྱི་རྟགས་བཅོས་པའི་ཐབས་ལའང་རྒྱུད་ལས། གཉིད་ཡེར་འོ་མ་ཞོ་ཆང་ཤ་ཁུ་བཏུང་། །མགོ་བོ་བསྐུ་ཞིང་རྣ་བ་སྣུམ་གྱིས་དགང་། །ཞེས་གཉིད་ཡེར་ལ་འོ་མ་དང་ཞོ། ཆང་ཞིམ་པོ། ཤ་ཁུ་སོགས་འཐུང་བ་དང་། ཏིལ་མར་ལ་སོགས་པ་མགོ་བོར་བསྐུ་ཞིང་རྣ་བར་སྣུམ་ཅུད་ཟད་བསྲེས་པས་དགང་བར་བྱས་ན་གཉིད་ལེགས་པར་འབྱུང་བ་དང་། རླུང་གསང་སྤྱི་གཙུག་སོགས་ལ་ཛཱ་ཏི་མར་སྦྱར་དང་། རླུང་སྨན་རིགས་ཀྱིས་རྩམ་ཕུར་རམ་ཕྱེ་ཕུར་བྱས་ཏེ་བྱུག་པ། ད་དུང་ཛཱ་ཏི་དང་གོ་སྙོད་བསྡེབས་པའི་ཧོར་གྱི་མེ་བཙའ་རླུང་གསང་དུ་བཞག་ན་ཤིན་ཏུ་ཕན་པ། རླུང་སོགས་རྐྱེན་གྱིས་གཉིད་ཡེར་རིགས་ལ་སྤྱིར་འཐུང་སྨན་ཨ་གར་བརྒྱད་པ། ཨ་གར་སོ་ལྔ། ཨ་གར་བདེ་བྱེད་བརྒྱད་པ། སུག་སྨེལ་སུམ་ཐང་སོགས་དང་། གཞན་ནད་བབ་དང་གཞིགས་པས་མཁྲིས་པ་རིམས་སོགས་ཀྱི་གཉིད་ཡེར་རིགས་ཀྱང་དེ་བཞིན་དུ་རིག་པས་འཕྲུལ་དགོས་པ། གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་བ་ལས། གཉིད་ཡེར་བར་འོ་མ་དང་། ཤ་ཁུ་བུར་ཆང་། ཞོ་སོགས་བསྟེན་པས་གཉིད་ཁུག་པ་དང་། དེ་རྗེས་གླ་རྩི་དང་མར་སྦྱར་ནས་ལུས་ལ་བྱུག་པ་བརྒྱབ་ན་གཉིད་ཁུག་ཐུབ། ཡང་ན་སུག་སྨེལ་དང་། ཟི་ར་དཀར་པོ། པི་པི་ལིང་ཆ་མཉམ་སྦྱར་བ་ཧྲོབ་ཙམ་བརྡུངས་པ་རས་ཁུག་ནང་བླུགས་ཏེ་ཁ་བསྡམས་ཐོག་འོ་མའི་ནང་དུ་བཙོས་རྗེས་རས་ཁུག་ཕྱིར་བཏོན་པའི་འོ་མ་བཏུངས་པས་གཉིད་ཁུག་ཐུབ། ཅེས་པ་དང་། དེ་ལས་ལྡོག་པའི་གཉིད་ཀྱིས་བཟིར་དྲག་ན། ཧོང་ལེན་གྱི་རྩ་བ་དང་ཡོ་འབོག་གི་འབྲུ་གུ། ཟར་མའི་འབྲུ་བཅས་སྦྱར་བ་མེར་བསྲེགས་པའི་དུ་བ་སྣ་བུག་ནང་དུ་གཏོང་བ་དང་ཡང་ན་བྱེའུ་ཅོ་གའི་སྒོ་ང་ཏིག་ཏའི་ཁུ་བར་བཙོས་ནས་བཏང་ན་གཉིད་མི་ཁུག ཡང་ན་སྤང་རྒྱན་དཀར་པོ་དང་ལྕེ་ཚ་དཀར་པོ་གཉིས་ར་དཀར་པོའི་འོ་མར་སྦྱར་བའི་དུད་པ་སྣ་སྦུག་ཏུ་བཏང་ན་གཉིད་ཆུང་དུ་འགྲོ་བ། ཤུག་པའི་འབྲུ་གུ་སྐར་ལྔ་རེ་ཆང་ལ་བརྒྱབ་ནས་བཏང་བས་གཉིད་ཀྱིས་བཟིར་དྲག་པ་སེལ་ཐུབ། ཅེས་གཉིད་ཡེར་བ་དང་གཉིད་ཀྱིས་བཟིར་དྲག་པའི་རྟགས་ལ་ཞལ་གདམས་ཁོལ་བུར་ཕྱུང་བའི་བཅོས་ཐབས་མན་ངག་འཁོད་ཡོད་པ་ལྟ་བུ། སྤྱིར་རྒྱུན་སྤྱོད་གཉིད་ཀྱི་བྱ་བ་དེ་ནད་གཞིའི་རྒྱུ་དང་སློང་རྐྱེན། ནད་རྟགས། བཅོས་ཐབས། ནད་འགོག་བདེ་སྲུང་། ཐ་མལ་ལུས་ཀྱི་དབྱེ་བ་སོགས་རེ་རེ་དང་འབྲེལ་བའི་གཉིད་ཀྱི་ཕན་གནོད་རང་བཞིན་གྱི་མངོན་རྟགས་གང་མང་མཆིས་པ་དང་། ཁྱད་པར་ནད་ཐོག་ཁྲོད་ནད་གཞིའི་རྒྱུ་དང་སློང་རྐྱེན་གང་མང་ཞིག་གཉིད་དང་འབྲེལ་བ་དམ་ཟབ་ཡོད་དེ། དཔེར་ན་དང་པོ་རིང་རྒྱུ་མ་རིག་པ་དང་དེ་ལས་ཁྱད་པར་གྱི་རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་གཉིད་ནི་གཏི་མུག་གི་རྒྱུ་ལ་འདུ་བས་ནད་ཀྱི་རྒྱུ་དང་མི་འབྲལ་བར་ཡོད་པ། རྐྱེན་དུས་གདོན་ཟས་སྤྱོད་ལས་སྤྱོད་ལམ་གྱི་རྐྱེན་ལ་འདུ་བས་ནད་སློང་བའི་རྐྱེན་དུ་འགྲོ་བ། རྒྱུད་ལས། ཆགས་པས་དུབ་དང་ལྟོ་ཆག་གཉིད་ཆག་དང་། ཞེས་པ་དང་། མཚན་གུང་གཉིད་ལོག་འདུག་རྗེས་དྲག་ཤུལ་བྱས། ཞེས་པ་དང་། འགྲངས་རྗེས་དལ་བར་འདུག་དང་ཉིན་གཉིད་ལོག །ཅེས་པ་སོགས་གཉིད་དེ་ནད་ཀྱི་རྐྱེན་དུ་གྱུར་བ་གཉིད་ཆག་པ་དང་དུས་མིན་དུ་གཉིད་ལོག་པའམ་ཉིན་གཉིད་ལོག་པའི་རྐྱེན་ལས་ནད་གཞི་གང་རིགས་སློང་དང་བསླངས་བཞིན་ཡོད་པ། ཡང་ན་གཉིད་དེ་ནད་ཀྱི་རྟགས་སུ་འཆར་བ་ལ་མན་རྒྱུད་མཁྲིས་ནད་གསོ་བའི་ལེའུ་ལས། ལུས་ལྕི་གཉིད་ཆེ་སྒྱིད་སྐྱུར་འདུག་སྙིང་འདོད། ཅེས་པ་དང་། མཁྲིས་པ་ཤ་སེར་ཤེད་ཆུང་གཉིད་མི་ཐུབ། །ཅེས་པ་དང་སྙིང་ལ་ཞུགས་ན་གློ་སྙིང་སྟོད་མི་བདེ། །ལྕེ་སེར་གཉིད་ཆུང་སྙིང་ལ་གྲང་མོ་འདོད། །ཅེས་པ་སོགས་མཁྲིས་ནད་ཀྱི་ནད་རྟགས་ཁྲོད་མཁྲིས་པ་དེ་དབང་བོ་དོན་སྣོད་རྒྱུ་ལམ་དང་བཅས་གང་དུ་ཞུགས་པའི་ནད་རྟགས་ལ་ནད་ཀྱི་ངོ་བོ་དང་མི་འདྲ་བར་གཉིད་ཡེར་དང་གཉིད་གཟིར་བའི་རྟགས་སྟོན་པ། དེ་མིན་ད་དུང་མན་རྒྱུད་རླུང་ནད་གསོ་བའི་ལེའུ་ལས། ཁྲག་ཞུགས་གཉིད་ཆེ་རྩ་དམར་མདོག་མི་སྡུག རྐང་ཞུགས་གཉིད་མེད་དཀྲིས་སེམས་བཙིར་ན་ཕན། །ཅེས་སོགས་རླུང་དེ་སྲོག་ཟུངས་ཀྱི་གནས་བཅས་ལ་ཞུགས་པའི་རྟགས་སུ་ཡང་གཉིད་རྟགས་འདྲ་མིན་སྟོན་པ་དང་། མན་རྒྱུད་བད་ཀན་གྱི་ནད་གསོ་བའི་ལེའུ་ལས། དྲན་པ་མི་གསལ་གཉིད་ཆེ་སྒྱིད་པ་སྐྱུར། །ཞེས་པ་དང་། བད་ཀན་མགོ་ལ་ཞུགས་ན་མགོ་བོ་ལྕི། །གཉིད་ཆེ་དང་ག་མི་བདེ་ཡི་ག་འགག །ཞེས་སོགས་བད་ཀན་དེ་དབང་པོ་དོན་སྣོད་བཅས་ལ་ཞུགས་པའི་ནད་རྟགས་ནང་གཉིད་ཀྱི་རྟགས་མང་པོ་སྟོན་པ། གཉིད་དེ་ནད་ཀྱི་མཚན་ཉིད་དང་འབྲེལ་བ་བཤད་རྒྱུད་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་ལས། རླུང་གི་འཕེལ་རྟགས་སུ། སྨྲ་མང་མགོ་འཁོར་སྟོབས་གཉིད་དབང་པོ་ཉམས། །ཞེས་པ་དང་། མཁྲིས་པ་འཕེལ་བའི་རྟགས་སུ། བཀྲེས་སྐོམ་ལུས་ཚ་གཉིད་ཆུང་འཁྲུ་བར་བྱེད། ཅེས་པ་དང་། བད་ཀན་འཕེལ་བའི་རྟགས་སུ། མཆིལ་མང་ལུད་པ་གཉིད་ཆེ་དབུགས་མི་བདེ། །ཅེས་པ་དང་། གཉིད་མེད་གཡལ་འདར་རྐྱོང་འདོད་ཚིག་པ་ཟ། །ཞེས་པ་དང་། ནུབ་གཉིད་ཆུང་ལ་ཉིན་པར་གཉིད་མི་ཐུབ། །ཅེས་པ་དང་། དྲན་པ་མི་གསལ་གཉིད་ཆེ་སྒྱུད་པ་སྐྱུར། །ཞེས་པ་སོགས་ཉེས་པ་གསུམ་རང་རང་གི་ངོ་བོ་མཚན་ཉིད་མི་འདྲ་བའི་འཕེལ་ཟད་འཁྲུགས་པའི་ནད་རྟགས་རེ་རེ་ནང་གཉིད་ཀྱི་རྟགས་གང་མང་ཡོད་པ་དང་བྱེ་བྲག་ལེའུ་གཞན་དུ་ཡང་གཉིད་ལྕི་ཡང་གི་རྟགས་དང་གཉིད་བཀག་གི་སྐྱོན་སོགས་ཡོད་པ་གོང་གསལ་ཚབ་མཚོན་ཙམ་ལས་ཡིག་ཚོགས་སུ་སྙམ་པས་མ་བཀོད་དོ། །
གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞིའི་ནད་ཐོག་གསོ་བཅོས་ཁྲོད་རྒྱུན་སྤྱོད་གཉིད་ཀྱི་ཤེས་བྱ་ཡིས་ནད་ཐོག་གསོ་བཅོས་ཀྱི་ཕན་ནུས་མངོན་གསལ་ཡོད་པ་དང་། མན་ངག་རྒྱུད་ལས། གོས་མཐུག་གཉིད་ལོག་སྙན་ཚིག་སྨྲ་བ་དང་། །ཡིད་དུ་འོང་བའི་གྲོགས་ཀྱིས་བཅོས་པར་བྱ། །ཞེས་པ་དང་། སྐམ་སར་ལུས་རྔུལ་རྩོལ་བཅག་གཉིད་མི་ལོག །ཞེས་པ་དང་ཡང་ན་མན་རྒྱུད་འདུས་ནད་བད་ཀན་སྨུག་པོ་གསོ་བའི་ལེའུ་ལས། འཇུ་དཀའ་ལྕི་བསིལ་ཉིན་གཉིད་གྲང་བ་སྤང་། །ཞེས་པ་དང་གཞན་སྟོངས་ཚད་གསོ་བའི་ལེའུ་ལས། རིམས་ཀྱི་སྟོངས་ལ། ལུག་ཤ་ཆང་འཇམ་བསྐུ་མཉེ་གཉིད་ཀྱིས་བཅོས། །ཞེས་པ་དང་ཁྲག་སྟོངས་ཆང་དང་ཉིན་གཉིད་མེ་བཙའ་སྤང་། །ཞེས་པ་དང་། མཁྲིས་སྟོངས་ལ། བསྐུ་མཉེ་འཇམ་ཐང་བཏང་ཞིང་གཉིད་མི་བསྲུང་། །ཞེས་པ་དང་ཆུ་སེར་སྟོངས་ལ། ཤ་ཆང་རྙིང་བ་བཏང་ཞིང་གཉིད་མི་བསྲུང་ཞེས་སོགས་ནད་གཞིའི་ངོ་བོ་དང་རྒྱུ་རྐྱེན་ལ་གཞིགས་པས་ནད་གཞི་ལ་ལར་གཉིད་ལོག་པ་དང་ལ་ལར་གཉིད་བསྲུང་པ། ལ་ལར་ཉིན་གཉིད་སྤང་དགོས་པ་སོགས་གཉིད་བསྟེན་ཚུལ་གྱི་རྣམ་པ་དང་གཉིད་ཆེ་ཆུང་སོགས་ལས་ནད་གཞིའི་རྟགས་དང་བཅོས་ཐབས་ལ་འབྲེལ་བའི་ཤེས་བྱ་ཤིན་ཏུ་མང་པོ་ཡོད་པ་རྟགས་ནུས་སོ། །
གོང་སྨྲས་རྒྱུན་སྤྱོད་གཉིད་ཀྱི་ཤེས་བྱ་ཅུང་ཟད་བརྗོད་པ་སྟེ་གཙོ་བོ་དཔལ་ལྡན་རྒྱུད་ཀྱི་དགོངས་པ་དང་འབྲེལ་བས་ཐ་མལ་ལུས་ཀྱི་བདེ་སྲུང་དང་ནད་གཞི་སྔོན་འགོག །ནད་ཐོག་གསོ་བཅོས་སོགས་ཐད་ནས་གཉིད་ཀྱི་ཤེས་བྱའི་ཕན་ནུས་དང་ལོག་སྐྱོན་དག་རགས་ཙམ་བསྡུས་ཏེ་བཀོད་པ་དགེའོ། །