སློབ་མའི་རྩོམ་འབྲིའི་ནུས་པ་བསྐྱེད་བསྲིང་བྱས་ན་ཕན་འབྲས་གང་དག་འབྱུང་བར་ཅུང་ཙད་གླེང་པ།
ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-05
རྩོམ་ཡིག་འབྲི་བ་ནི་ལས་དང་པོ་བ་ཞིག་ལ་མཚོན་ན་ཐོག་མའི་བློ་སྒོ་འབྱེད་པའི་ལྡེ་མིག་དང་མཚུངས་ཏེ། སློབ་མ་གང་དེའི་ཐོག་པའི་བསམ་བློ་ནི་ཐུའུ་མ་བཏང་བའི་མེ་ཏོག་གི་གང་བུ་ཞིག་དང་ཀུན་ནས་མཚུངས། དེ་ལ་ཆུ་ལུད་དྲོད་བཤེར་གྱི་མཐུན་རྐྱེན་འཛོམས་ན་བདེ་ཐང་ངང་འཚར་ལོངས་འབྱུང་ལ། རྣམ་པར་བཀྲ་བའི་ཁ་དོག་དང་ལྷུག་པོར་གྲོལ་བའི་ལོ་འདབ་ཅིག་ཀྱང་རྒྱས་སྲིད་པ་མ་ཡིན་ནམ། “དཀའ་བའི་ལས་མ་བྱས་ན། །སྐྱིད་པའི་ཟས་མི་ཡོང་། །”བ་བཞིན་དུ་གཞོན་དུས་ས་བོན་ལེགས་པོ་ཞིག་གདབ་རྒྱུ་ནི་སློབ་གསོའི་མཐར་ཐུག་གི་རེ་བ་དང་རྩོམ་འབྲིའི་ཆེས་གཞི་རྩར་གྱུར་པའི་དམིགས་ཡུལ་ཞིག་ཀྱང་ཡིན་པར་འདོད། ཕྱི་རབས་པ་ནི་མ་འོངས་པའི་མེས་རྒྱས་ཀྱི་གདུང་མ་འདེགས་པའི་ཀ་བ་དང་མི་རིགས་ཀྱི་མེ་སོན་གསོ་བའི་དཔལ་འབར་ཞིག་ཏུ་ངོས་བཟུང་ཆོག་ན་དགེ་རྒན་ནི་ཀ་བ་འདེགས་བྱེད་ཀྱི་ཀ་རྡོ་བརྟན་པོ་ཞིག་གམ་མེ་སོན་བསྒྲོན་བྱེད་ཀྱི་འབར་ཞུན་རྐང་གཅིག་ཡིན་ངེས། དེ་བཞིན་དགེ་རྒན་ནི་སློབ་མའི་བསམ་བློར་སྣེ་ཁྲིད་བྱེད་པའི་ཕྱོགས་སྟོན་འཁོར་ལོ་ཞིག་དང་སློབ་མའི་མདུན་ལྗོངས་ཀྱི་ཞིང་སར་ས་བོན་སྟོར་བའི་ཞིང་པ་རྒན་པ་ཞིག་དང་ཀུན་ནས་འདྲ་འདུག ཕར་ལ་ནས་བཏབ་ན་ཕྱིར་ནས་སྐྱེས་ཤིང་ཕར་ལ་གྲོ་བཏབ་ན་ཚུར་ལ་གྲོ་སྐྱེས་པའང་འཇིག་རྟེན་གྱི་ཆོས་ཉིད་ལས་འདའ་མི་སྲིད་ལ། ཅི་ཡང་མ་བཏབ་ན་གང་ཡང་མི་སྐྱེས་པའི་གནས་ལུགས་སུས་ཀྱང་མཁྱེན་སྲིད་ལྟར་རོ། །
རྩོམ་རིག་ནི་སྐད་ཆའི་ཉིང་བཅུད་དང་ཚིག་གི་སྒྱུ་རྩལ། དོན་གྱི་འོ་མ་དཀྲུགས་པ་ལས་བླངས་པའི་མར་ལོ་སྣུམ་པོ་ཞིག་ཡིན་པ་ལྟར་གཤམ་དུ་དོན་ཚན་འགའ་རུ་བཀར་ཏེ་རྩོམ་འབྲིའི་དགེ་མཚན་གླེང་བར་བྱ།
གཅིག །རྩོམ་རིག་ལས་སྐད་ཆའི་རྐང་ལ་བསྙབ་ཐུབ།
རྩོམ་རིག་ནི་གཅིག་ནས་སྒྱུ་རྩལ་གྱི་གོང་བུ་ལོག་ལོག་ཅིག་ཏུ་བསམ་ཆོག་ལ་ཡང་གཞན་ཞིག་ཏུ་སྐད་ཆའི་འགྲོ་རིམ་ཞིག་གམ་ཚིག་གི་སྦྱོར་བ་ཁོ་ནར་ཟད་དེ། སྐད་ཆའི་རུས་པ་ལ་དོན་གྱི་རྐང་ཆགས་པ་ཡིན། “སྙན་ངག་ཆུང་ངུ་ལའང་ངལ་བྱས་མི། མཁས་པའི་མདུན་ས་དག་ཏུ་འདུག་ལ་དབང”ཞེས་པ་དང་། “གང་ཞིག་བློ་ལྡན་མང་དུ་འདུས་པའི་ཚེ། །མཁས་དང་རྨོངས་པའི་ཁྱད་ཕྱེད་གཏན་ཚིགས་དང་སྒྲ་རིག་འཁོར་བཅས་ཡིན་ནོ་ཁྱད་པར་དུ། །མཁས་པའི་ཞལ་མཛེས་སྙན་ངག་ཁོ་ན་ཡིན། །”ཞེས་གསུང་པ་བཞིན་སྙན་ངག་གམ་ཚིག་གི་སྒྱུ་རྩལ་ལ་མོས་པའི་མིས་ད་གཟོད་གནད་ཀྱི་བུ་ག་ཕུག་པའི་སྐད་ཆ་དང་། སྙན་གྱི་བསྟན་པ་འཕྲོག་པའི་སྦྱོར་བ་སྤེལ་ཐུབ་པར་ནུས། དེ་ལས་སྐད་ཆ་ཞེས་པའི་མར་དྲི་དང་རྩམ་དྲི་འཐུལ་བའི་འཚོ་བའི་ངོས་ཀྱི་རོ་བྲོ་དངོས་མ་ཞིག་གི་ཁྱད་ཆོས་ལུས་ངག་ཡིད་གསུམ་གྱིས་མྱངས་ཐུབ་ཅིང་། ཕར་བཤད་ཚིག་གི་བརྡ་དག་ཅིང་ཚུར་བཤད་དོན་གྱི་གནད་གོ་བའི་བདེན་པའང་འདི་ནས་རྙེད་ཐུབ། ཚན་རིག་ལག་རྩལ་དར་ཏེ་བརྙན་འཕྲིན་དང་ཁ་པར་ཟེར་བའི་དེང་གི་བརྡ་འཕྲིན་གྱི་མ་ལག་མང་པོ་ཞིག་ང་ཚོའི་ལག་ཏུ་འབྱོར་བ་ནས་བཟུང་ང་ཚོའི་འཚོ་བའང་དཔེ་ཀློག་གི་ཁ་དོག་དང་ཡི་གེའི་འབྲི་སྦྱོང་གི་ལས་ཀ་མང་པོ་ཞིག་ནས་རིམ་གྱིས་རིང་དུ་གྱེས་ཏེ་གསར་དུ་འཚར་ལོངས་འབྱུང་བཞིན་པའི་རིགས་ཀྱི་མྱུ་གུའམ་ཕྱི་རབས་པ་མང་པོས་འཐུས་སྒོ་ཚང་བའི་སྐད་ཆ་སྙན་མོ་ཞིག་དང་མགོ་མཇུག་དང་སྒྲིག་གཞི་འཛོམས་པའི་རྒྱུན་སྤྱོད་ཡིག་རིགས་གྲལ་དག་ཅིག་ཀྱང་འབྲི་མི་ཤེས་པའི་སྣང་ཚུལ་ཉིན་རེ་བཞིན་ང་ཚོའི་མིག་གི་མཐའ་ལ་ལྷུང་གིན་པ་ཀུན་ལ་གསལ་བ་ལྟར་རོ།། དེ་བས་ང་ཚོས་དགྲ་མ་ཡོང་གོང་གི་དོགས་དང་ཆུ་མ་ཡོང་གོང་གི་རགས་ཟེར་བ་བཞིན་སློབ་མ་ཆུང་དུས་ནས་སྐད་ཆའི་མ་ལག་ཆ་ཚང་ཞིག་གམ་ཚིག་གི་སྦྱོར་བ་ཕུན་ཚོགས་ཤིག་ངག་ལ་སྦྱོར་རྒྱུ་ནི་དགེ་རྒན་དང་སློབ་མ་གཉིས་ཀྱི་ཕྲག་ལ་ལྷུང་བའི་མ་མཐའི་འགན་འཁྲི་ཞིག་ཏུ་ཁོ་བོས་འདོད་དོ། །
གཉིས། རྩོམ་རིགས་ལས་དོན་གྱི་མར་ལོ་ལེན་ཐུབ།
རྩོམ་འབྲིའི་ནུས་པ་མཐོ་བའམ་བསམ་གཞིག་གི་བློ་དཀྱེལ་ཡངས་པའི་མིས་ད་བཟོད་དོན་གྱི་མར་ལོ་ལེན་ཐུབ་ལ་སྐད་ཆའི་འགྱུར་བ་དང་ཆགས་རིམ་སོགས་ཤེས་ཐུབ་ངེས། རྩོམ་རིགས་ནི་ངག་གི་འདུ་བྱེད་ལས་འཕྲོས་པའི་ཚིག་གི་སྦྱོར་བ་དང་ཀ་ཁའི་རུས་རྐང་ལ་ཟུག་པའི་བཅུད་ཀྱི་མར་ལོ་ཡིན། རྩོམ་རིགས་ལ་དགའ་བའི་མིས་འཇིག་རྟེན་གྱི་གསང་བ་མང་པོ་ཞིག་བསེད་གྲོལ་བྱེད་ཐུབ་ལ། གནད་དོན་གྱི་གནད་དོན་མང་པོ་ཞིག་བསམ་གཞིག་གི་རལ་གྲིས་གཙབ་ཐུབ་ངེས།ཚིག་བརྒྱད་བརྒྱ་བཤད་ན་མདོ་དགོས།་སྒ་ལྷུ་བཞི་བསྒྲིག་ན་རྒྱུན་དགོས་ཟེར་བའི་དཔེ་བཞིན་དུ་དོན་གྱི་རྐང་དང་རྐང་གི་སྣུམ་དེ་ལ་སེམས་ཀྱིས་དཔྱད་དེ་ཡིད་ཀྱིས་མཐོ་སར་བཀལ་ནས། སྤྱི་ཚོགས་ཀྱི་རུལ་སུངས་ཀྱི་སྣང་ཚུལ་གང་ཞིག་ལ་གཙང་དག་རེ་བྱ་སྲིད་ལ། གཞན་གྱི་མ་མཐོང་བའི་དོན་གྱི་རིལ་བུ་དང་སུས་ཀྱང་མི་ཚོར་བའི་གསང་བའི་གནག་ཐུམ་ཡིད་ཀྱིས་དབྲལ་ངེས་ལ། མེས་པོས་མི་ཡུལ་ལ་བཞག་པའི་བསྟན་བཅོས་དང་གླེགས་བམ་དག་གི་ཚིག་གི་སྒྱུ་རྩལ་དང་མི་སེམས་འགུག་པའི་དོན་གྱི་བདེན་པ་རྙེད་ངེས། ཁྱོད་རང་རྩོམ་འབྲིའི་ལམ་ཁར་ཞུགས་པའམ་ཡང་ན་དོན་གྱི་གནད་ལ་གཞིག་མཁན་ཞིག་ཡིན་ཚེ་ཐོག་མར་གཞན་གྱི་གསུང་གི་ལང་ཚོ་དང་མཁས་པའི་དགོངས་བཞེད་ཀྱི་ཉི་མ་རང་སེམས་སུ་བསུ་དགོས་ཤིང་། དེ་དག་གི་ཚིག་གི་ཞུན་བརྡར་དང་དོན་གྱི་གནད་ས་དག་ཀྱང་ཡིད་ཀྱི་སྣོད་དུ་ཉར་ཚགས་བྱ་དགོས་ཤིང་དེ་ལས་ཐོབ་པའི་མྱོང་བ་དང་བློ་སྐྱེད་ཀྱི་ཚད་ཤིང་ལས་རང་ཉིད་རྒྱ་ཁར་འཇོག་དགོས་སྙམ། རྩོམ་རིགས་ཟེར་བ་འདི་ཡང་མདོར་བསྡུས་ན་གཅིག་གི་བསམ་བློ་དང་འདོད་ཚུལ་གཞན་ལ་བརྒྱུད་བསྒྲགས་བྱ་བའི་ཡོད་བྱད་དམ་ཐབས་ཤིག་ཏུ་ངེས་ཤིང་དེས་ནི་གཞན་ལ་བག་ཆགས་ཀྱི་ཁ་དོག་གསར་བ་བསྒོ་སྲིད་པ་ཞིག་ཀྱང་རེད། དེ་བས་རྩོམ་རིགས་འབྲི་བ་ནི་ཚད་མཐོའི་ལས་རིམ་ཞིག་ཏུ་མི་བསམ་པར་ཆེས་སྤྱིར་བཏང་གི་སྐད་ཆའི་བརྗོད་སྟངས་ཤིག་ཏུ་བཟུང་ནས་འབད་པ་བྱས་ན་མཐའ་མར་གྲུབ་འབྲས་ཀྱི་ནོམ་ཆེན་ཞིག་རང་ལ་ཐོབ་པར་སྙམ།
གསུམ། རྩོམ་རིགས་ལས་ཚིག་གི་ལྷུ་རྐང་འཕྲོད་ཐུབ།
དེང་སྐབས་བོད་ཀྱི་སྤྱི་ཚོགས་སུ་ར་མ་ལུག་གི་སྐད་ཆ་དང་ཡང་ན་བོད་ཀྱི་བརྡ་སྤྲོད་དང་སྐད་བརྡ་སྤྱི་དང་མི་མཐུན་པའི་སྐད་རིམ་གསར་པ་ཞིག་ཆགས་དང་ཆགས་ཀྱིན་པ་འདི་ནི་ང་ཚོས་ཅིས་ཀྱང་འདང་རྒྱག་དགོས་ལ་བསམ་གཞིག་གཏང་དགོས་པའི་གནད་ཀྱི་དམ་པར་ངེས། མ་མཐའི་ཚིག་སྦྱོར་ཞིག་ཀྱང་སྤེལ་མི་ཐུབ་ན་སྐད་ཆའི་ཆོས་ཉིད་དང་བརྡ་སྤྲོད་ཀྱི་གནས་ལུགས་ཤིག་གང་ནས་རྟོགས་ཨང་། རྩོམ་ཡིག་འབྲི་སྦྱོང་ནི་དཀའ་ཚེགས་ཤིག་གི་གོ་རིམ་སྟེ། ཡང་ན་འབྲོག་པའི་རུ་བ་དང་ཀུན་ནས་མཚུངས། ཐོག་མར་བསྡུ་གསོག་ཚགས་སུ་ཆུད་དགོས་ལ་དེ་ནས་གོ་རིམ་ཡོད་པའི་སྒོ་ནས་ཁལ་འགལ་དགོས་ཤིང་། འཆར་གཞི་ཡོད་པའི་སྐྱས་སྣ་ལམ་ལ་འདྲེན་དགོས། མཐར་ཐུག་གི་དམིགས་ཡུལ་དེར་བདེ་བླག་ངང་འབྱོར་ཏེ་ཁལ་ཕོག །སྦྲ་ཕུབ། ཐབ་ཀ་བཙུགས། ཇ་སྐོལ་ཏེ་འཚེར་ཆུ་ལྷོད་པོར་འཐུང་བའི་གོ་རིམ་ཞིག་རེད་སྙམ། དེ་བས་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཤེས་ན་ཚིག་གི་ལྷུ་རྐང་དོན་ལ་འཕྲོད་ཅིང་དོན་གྱི་གནད་ཀྱང་ཡིད་དུ་འཕྲོས་ཐུབ་པ་མ་ཡིན་ནམ། ཚིག་གི་སྒྱུ་རྩལ་ནི་སྐད་ཆའི་རྐང་དུ་ངོས་བཟུང་ཆོག་པས་དེའི་བརྒྱུད་རིམ་ལ་ཅུང་རྙོག་འཛིང་ཆེ་སྟེ། དཔེར་ན། ཐོག་མར་དག་ཡིག་བློར་བཟུང་སྟེ་ཐ་སྙད་ཀྱི་ཅ་ལག་མང་པོ་བསྡུ་གསོག་རྒྱག་དགོས་ཤིང་དེ་ནས་བརྡ་སྤྲོད་སྦྱངས་ཏེ་ཚིག་གི་སྦྱོར་བ་གཏན་ལ་འབེབ་དགོས། དེ་ནས་ཐ་སྙད་དག་གི་སྦྱོར་ལུགས་དང་བཀོལ་སྟངས། གནད་ཟིན་མིན་དང་དོན་ལ་འབྱོར་མིན་སོགས་ཕྱོགས་སྒོ་མོར་བསམ་གཞིག་བཏང་སྟེ་བརྗོད་པ་གྲུབ་པར་བྱས་ན་ད་གཟོད་ལྷུ་རྐང་འཕྲོད་ཅིང་ཀུན་ཀྱི་བློ་ངོར་ཤོང་བའི་སྐད་ཆའི་མ་ལག་ཆ་ཚང་ཞིག་གྲུབ་ཐུབ་སྙམ།
བཞི། རྩོམ་རིགས་ཀྱིས་ཡིད་ཀྱི་སྒོ་མོ་འབྱེད་ཐུབ།
རྩོམ་རིགས་ནི་མདོར་དེད་ན་སྐད་ཆའི་གོ་རིམ་ཞིག་རེད། སྐད་ཆའང་བྱེ་བྲག་ཏུ་བབས་ན་བརྡ་སྤྲོད་ཀྱི་མ་ལག་གལ་ཆེན་དེ་རེད། བརྡ་དང་བརྡ་ལས་ཡིད་ཀྱི་གསང་བ་ངག་ལ་འཕོས་ཤིང་ངག་གི་སྐད་ཆར་ལོ་འདབ་འབུས་པ་མིན་ནམ། སྔོན་བྱོན་མེས་པོའི་གསུང་ཚིག་ལས་ཡིད་ཀྱི་རྟོགས་པ་སེལ་སོང་བ་དང་དམ་པའི་ངག་གི་བདེན་གཏམ་ལས་དྲན་པའི་སྒོ་མོ་ཕྱེས་སོང་བ་ཀུན་ལ་གསལ་ཏེ། འཇམ་དབྱངས་བླ་མ་བློ་བཟང་གྲགས་པ། སྒེའུ་སྟེང་བློ་བཟང་དཔལ་ལྡན། ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། རྫ་དཔལ་སྤྲུལ་སོགས་ཀྱི་གསུང་རྩོམ་ལ་མཇལ་དགོས་པའི་གནས་ལུགས་གང་རེད། ང་ཚོའི་བློ་སྒོ་ལ་ལྡེ་མིག་ཅིག་དགོས་པ་མིན་ནམ། ང་ཚོའི་འཚོ་བ་ལ་ལམ་ཕྱོགས་ཤིག་དགོས་པ་མིན་ནམ། ང་ཚོའི་མི་ཚེ་ལ་བདེན་དོན་ཞིག་དགོས་པ་མིན་ནམ། དེ་བས་ང་ཚོས་གཞོན་པའི་ཤེད་ལས་རྒན་པོའི་ཇུས་བཟང་ཞེས་པའི་དཔེ་བཞིན་དུ་མེས་པོ་གོང་མ་དང་མཁས་པའི་དབང་པོ་དག་གི་གསུང་གི་རི་རབ་ཉུལ་དགོས་ཤིང་གླེགས་བམ་དང་པོ་ཏི་དག་གི་ཁོང་གསེང་བརྒལ་དགོས་ཨང་། དེ་མིན་རྩྭ་མ་ཟོས་པར་ལྕི་བ་གཏོང་རྒྱུ་མེད་ཟེར་བའི་དཔེ་གཞིའི་རྗེས་སུ་འགྲོ་བ་ཆོས་ཉིད་དོ། །
ལྔ། རྩོམ་རིགས་ལས་རྟོགས་པའི་མཁའ་ལམ་བསྙེག་ཐུབ།
ལྟ་བ་ཡང་དག་ནི་གཞན་གྱི་བསམ་བློ་ལས་རྙེད་ལ། ལངས་ཕྱོགས་བརྟན་པོའང་གཞན་གྱི་ཉམས་མྱོང་ལས་བསགས་ཐུབ། འཇིག་རྟེན་གྱི་མིའི་བསམ་བློ་ལས་བཙས་པའི་གསེར་ཕྱེ་རྣལ་མ་དེ་གསར་རྩོམ་རེད། གསར་རྩོམ་ཚིག་གི་བཞུར་རྒྱུན་གངས་ལ་འཁྱིལ་སྲིད་ཀྱང་། གངས་ཀྱི་ཟེར་མ་ལས་ཡིད་ཀྱི་མུན་པ་རྨང་ནས་སེལ་ཐུབ་པ་མིན་ནམ། དེ་བས་རྩོམ་རིགས་འབྲི་བ་ནི་འཇིག་རྟེན་གྱི་ཆེས་ལེགས་པའི་ལས་ཀ་ཞིག་ཏུ་བསམ་མི་ཐུབ་ཀྱང་རྩོམ་རིགས་ལ་འཇུ་བ་ནི་རང་ཉིད་མཁའ་ལ་བསྙེག་པའི་ལམ་བུ་ཞིག་ཡིན་ཞེས་ཁོ་བོས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བར་སྤོབས་སོ། །
རྩོམ་ཡིག་འབྲི་སྦྱོང་ལས་སྐད་ཡིག་མི་བརྗེད་པའི་གཟུངས་ཐོབ་ལ། སྐད་ཡིག་གི་རྒྱལ་ཁམས་ཡངས་པོ་ནས་མེས་པོའི་རུས་རྐང་གི་བཅུད་གཞིབ་ཅིང་གནའ་བོའི་གསུང་རབ་དག་གི་བྲང་གཞུང་ལ་ལག་པས་བསྙབ་ཐུབ། རྩོམ་ཡིག་འབྲི་སྦྱོང་ལས་ཁྱོད་ཀྱི་རྨོངས་པར་འཁྱིལ་བའི་མུན་ནག་གི་ཆ་ཇེ་གསལ་དང་འོད་དཀར་གྱི་ཟེགས་མ་སེམས་སུ་འཕྲོ་བར་ཕན་ཞིང་སྔོན་ཆད་རང་གིས་མ་རྟོགས་པའི་གནད་མང་པོ་ཞིག་ཀྱང་རྩོམ་ཡིག་འབྲི་སྦྱོང་གི་རྔུལ་ཆུ་ལས་རྙེད་ཐུབ། །