གྱོད་དཔེ།
ཀུང་སི་ཞིག་གིས་བློ་བཟང་གི་འགྲུལ་སྐྱེལ་རླངས་འཁོར་གྱི་སྟེང་དུ་བརྡ་ཁྱབ་སྤེལ་ཏེ། ཁོ་ཚོའི་ཚོང་གཉེར་རྣམ་གྲངས་དང་། བརྡ་ཁྱབ་འབོད་ཚིག སྡོད་གནས་ཀྱི་ཁ་པར་ཨང་གྲངས་སོགས་རླངས་འཁོར་གྱི་གཞོགས་གཉིས་དང་། རླུང་འགོག་ཤེལ་སྒོ་སོགས་སུ་སྦྱར་ཡོད། ཉེ་སྔོན། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བློ་བཟང་གི་རླངས་འཁོར་སྟེང་དུ་བརྡ་ཁྱབ་སྤེལ་ཆོག་པའི་ཆོག་མཆན་མ་བླངས་པ་རྒྱུ་མཚན་དུ་བཟུང་སྟེ་ཁོ་ལ་སྒོར་ཁྲི་1གི་དངུལ་ཆད་བཅད་པ་དང་། འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཀྱང་སྒོར་150ཡི་དངུལ་ཆད་བཅད་པར་མ་ཟད། རླངས་འཁོར་སྟེང་གི་བརྡ་ཁྱབ་གཙང་སེལ་བྱེད་དུ་བཅུག དེས་ན་སྡེ་ཁག་འདི་གཉིས་ཀས་བློ་བཟང་ལ་བཅད་པའི་ཆད་པ་འདི་ཁྲིམས་མཐུན་ཡིན་ནམ།
ཕྲན་དཔྱད།
ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་འགྲིམ་འགྲུལ་དོ་དམ་སྡེ་ཁག་གཉིས་ཀྱིས་བློ་བཟང་ལ་བཅད་པའི་ཆད་པ་མི་འགྲིག་པ་མེད། རང་རྒྱལ་གྱི་《ཕྱི་རོལ་གྱི་བརྡ་ཁྱབ་ཐོ་འགོད་དོ་དམ་གཏན་འཁེལ》གྱི་དོན་ཚན་8པའི་ཚན་པ་2པར་བསྟན་དོན། “འགྲིམ་འགྲུལ་ཡོ་བྱད་སོགས་འཁོར་རྒྱུག་གི་གཞི་རྟེན་སྤྱད་དེ་ཕྱི་རོལ་གྱི་བརྡ་ཁྱབ་སྤེལ་བའི་ཐོ་འགོད་རེ་ཞུ་བྱེད་ཚེ། ཕྱི་རོལ་གྱི་བརྡ་ཁྱབ་བར་ལས་ཁུངས་ཀྱིས་གོང་འཁོད་ཀྱི་གཏན་འཁེལ་ལྟར་ཞིབ་བཤེར་འོས་འགན་ལག་ཏུ་བསྟར་རྗེས། འགྲིམ་འགྲུལ་ཡོ་བྱད་སོགས་འགུལ་སྐྱོད་དངོས་པོ་སྤྱོད་མཁན་གྱི་སྡེ་ཁག་ཡོད་སའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་རེ་ཞུ་བྱ་དགོས”ཞེས་བཀོད་ཡོད།
གོང་དུ་བཀོད་པའི་གཏན་འཁེལ་གྱི་དོན་ཚན་18པ་རུ་ཡང་བསྟན་དོན། “ཐོ་འགོད་མ་བྱས་པར་རང་འགུལ་སྒོས་ཕྱི་རོལ་དུ་བརྡ་ཁྱབ་སྤེལ་མཁན་གྱི་ལས་ཁུངས་དང་མི་སྒེར་ལ། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་སྒོས་ཐོབ་པའི་ཁེ་སྤོགས་གཞུང་བཞེས་གཏང་དགོས་པར་མ་ཟད། སྒོར་ཁྲི་3མན་གྱི་དངུལ་ཆད་གཅད་རྒྱུ་དང་། དུས་བཅད་ལྟར་ཐོ་འགོད་འགྲོ་ལུགས་བསྒྲུབ་དགོས། ཕྱིར་འགྱངས་བྱས་ཏེ་གསབ་སྒྲུབ་ཐོ་འགོད་འགྲོ་ལུགས་མི་བསྒྲུབ་ཚེ། བཀའ་རྒྱ་བཏང་སྟེ་བརྡ་ཁྱབ་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ”ཞེས་བཀོད་ཡོད།
གཞན་ཡང་། རང་རྒྱལ་གྱི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན13པའི་གཏན་འཁེལ་ལྟར་ན། “འཕྲུལ་སྒུལ་འཁོར་ལོར་ཚོན་རྩི་བྱུགས་པ་དང་། མཚོན་རྟགས་སམ་ཡང་ན་རླངས་འཁོར་སྟེང་བརྡ་ཁྱབ་སྦྱར་ཏེ། བདེ་འཇགས་ངང་རླངས་འཁོར་བསྐོར་བར་བར་ཆད་བཟོས་མི་ཆོག”ཅེས་བཀོད་ཡོད། བློ་བཟང་གིས་རང་ཁྱིམ་གྱི་རླངས་འཁོར་ལ་ཚོན་རྩི་བྱུགས་པ་དང་བརྡ་ཁྱབ་འོས་ཤིང་འཚམ་པའི་སྒོ་ནས་སྦྱར་མེད་པར་མ་ཟད། མདུན་གྱི་མཐོང་ལམ་རབ་རིབ་ཏུ་བཏང་ཡོད་པ་དང་རླངས་འཁོར་བསྐོར་བར་འགོག་རྐྱེན་བཟོས་ཡོད་ཅིང་། ད་དུང་བརྡ་ཁྱབ་རླངས་འཁོར་གྱི་སུམ་ཆའི་གཉིས་ལས་བརྒལ་ཏེ་བདེ་འཇགས་ངང་རླངས་འཁོར་བསྐོར་བར་གནོད་པ་ཡོད་པས། འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁོ་ལ་སྒོར150ཡི་དངུལ་ཆད་བཅད་པར་མ་ཟད། བཀའ་རྒྱ་བཏང་སྟེ་རླངས་འཁོར་སྟེང་གི་བརྡ་ཁྱབ་གཙང་སེལ་བྱེད་དུ་བཅུག་པ་དེར་མི་འགྲིག་ས་ཅི་ཡང་མེད་དོ། །