༄༅།།《སྐར་ཆུང་རྡོ་རིང་གི་སྐོར་བཤད་པ》ཞེས་པའི་བསླབ་ཚན་གྱི་དཔྱད་འགྲེལ།

ཕག་མོ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 06-09


ཕག་མོ་ཚེ་རིང་།


[གནད་བཏུས] རྩོམ་འདིར་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་སྟེ། མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་སློབ་དེབ་ཁྲོད་ཀྱི་སྐད་ཡིག་ངེས་སྦྱོང་གཉིས་པའི་བསླབ་ཚན་བཅུ་བ་སྐར་ཆུང་རྡོ་རིང་གི་སྐོར་བཤད་པ་ཞེས་པའི་སློབ་ཁྲིད་བརྒྱུད་ནས། སློབ་འབྲིང་སློབ་མར་བོད་ཀྱི་ལོ་རྒྱུས་དང་ཡིག་རྙིང་སྐོར་གྱི་ཤེས་བྱ་ཇི་ལྟར་བརྒྱུད་སྤེལ་བྱ་རྒྱུའི་གལ་ཆེན་རང་བཞིན་དང་། བོད་ཀྱི་སྐད་ཡིག་དགེ་རྒན་ལ་སྣ་འཛོམས་རང་བཞིན་གྱི་རྩལ་ནུས་ལྡན་དགོས་པའི་བླང་བྱའང་བཏོན་ཡོད།


 [གནད་ཚིག] སློབ་འབྲིང་། སློབ་དེབ། ལོ་རྒྱུས། རྡོ་རིང་།
        སྤྱིར་སློབ་འབྲིང་ནི་སློབ་མའི་ཕྱོགས་ཡོངས་ཀྱི་འཇོན་ནུས་སྐྱེད་སྲིང་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཡིན་ཞིང་། མཐོ་རིམ་སློབ་གྲྭར་འགྲིམས་པའི་མཇུག་མཐའི་དུས་སྐབས་ཀྱང་ཡིན། དེའི་ཕྱིར་སྦྱང་བྱའི་བསླབ་ཚན་བརྒྱད་ལྷག་བཀོད་སྒྲིག་གནང་ཡོད། སློབ་མ་རང་གི་དགའ་ཕྱོགས་དང་འདོད་མོས་ལྟར་གདམ་གསེས་ཅུང་ཟད་ཡོད་ལ་འགན་ཁུར་ཡང་ཧ་ཅང་ལྕི། དེ་ལས་བོད་རྒྱ་སྐད་ཡིག་གི་བསླབ་ཚན་གཉིས་དང་རྩིས་རིག་བཅས་ནི་སློབ་ཁྲིད་བཀོད་སྒྲིག་མང་ཤོས་ཡིན་ཏེ། སློབ་དེབ་ཀྱི་ཆ་ནས་ཀྱང་ངེས་སྦྱོང་དང་འདེམ་སྦྱོང་གཉིས་སུ་ཡོད། འདི་ལས་བོད་སྐད་ཡིག་གི་སློབ་དེབ་ལ་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་ཀྱི་ངེས་སྦྱོང་ལྔ་དང་འདེམ་སྦྱོང་གསུམ་བཅས་ཡོད། ནང་དོན་བཀོད་སྒྲིག་གི་ཆ་ནས་སྣ་མང་རང་བཞིན་ཡིན་ཏེ། བོད་རང་གི་གནའ་དེང་མཁས་པས་མཛད་པའི་གསུང་རྩོམ་དང་རྒྱལ་ཁབ་ཕྱི་ནང་གི་བརྩམས་ཆོས་གྲགས་ཆེན་ཡང་བདམས་བསྒྱུར་བྱས་ནས་བཀོད་ཡོད། དེ་དག་ལས་སློབ་འབྲིང་གི་མཐོ་རིམ་སློབ་མར་ཆེད་དམིགས་ཀྱིས་བོད་ཀྱི་ལོ་རྒྱུས་བསླབ་ཚན་མེད་པ་དང་ཡོད་ཀྱང་གྲངས་ཚད་ཉུང་བས། བོད་ཀྱི་ལོ་རྒྱུས་ཤེས་བྱ་བརྒྱུད་སྤྲོད་ཀྱི་ཐད་ནས་སྟོང་ཆར་ལུས་འདུག རྗེས་ཕྱོགས་མཐོ་རིམ་སློབ་ཆེན་ལ་འགྲིམས་རྗེས་རྒྱལ་རབས་དེབ་ཐེར་དང་ཆོས་འབྱུང་རྣམ་ཐར་སོགས་ལ་བལྟ་བ་དང་། ལོ་རྒྱུས་འབྲེལ་ཡོད་ཀྱི་འཆད་ཁྲིད་སོགས་ལ་ཞུགས་དུས་རང་རེའི་ལོ་རྒྱུས་ཀྱི་རྨང་གཞི་ངེས་ཅན་ཞིག་ཡོད་དགོས་པས་དཀའ་ངལ་མང་པོར་འཕྲད་ཀྱིན་འདུག། གཞི་རིམ་བོད་སྐད་ཡིག་གི་དགེ་རྒན་ལ་སློབ་མའི་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་དང་རྨང་གཞི་སྲ་བརྟན་དུ་གཏོང་བ་ལས་གཞན། དགེ་སློབ་ཟུང་འབྲེལ་སྒོས་མི་རིགས་རང་གི་ལོ་རྒྱུས་ཤེས་བྱའི་བག་ཆགས་འཇོག་པ། གཞན་མི་རིགས་རང་གི་ལོ་རྒྱུས་ཤེས་བྱ་བརྒྱུད་སྤྲོད་བྱེད་པའི་འགན་ཡང་ཡོད་པར་འདོད། དེའི་ཕྱིར་འདིར་བརྗོད་པར་འདོད་པའི་སྐར་ཆུང་རྡོ་རིང་སྐོར་གྱི་བསླབ་ཚན་འདིའི་གལ་ཆེན་རང་བཞིན་དམིགས་སུ་བཀར་ནས། སློབ་འབྲིང་སློབ་མས་མི་རིགས་རང་གི་ལོ་རྒྱུས་ཤེས་བྱ་ཁ་གསབ་དང་སྐད་ཡིག་གི་འཕེལ་འགྱུར་རྒྱུས་ལོན་བྱེད་པ། བོད་ཀྱི་སྐད་ཡིག་དང་རིག་གནས། རང་མི་རིགས་ལ་དགའ་ཞེན་ཆེ་བ་སོགས་ཀྱི་དགེ་མཚན་ལ་དམིགས་ནས་གཤམ་དུ་དོན་ཚན་འགར་དབྱེ་ནས་བཤད་པར་བྱ།

དང་པོ། བསླབ་ཚན་འདིའི་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
        བསླབ་ཚན་འདིའི་རྩོམ་པ་པོ་ཧོར་ཁང་བསོད་ནམས་དཔལ་འབར་ལགས་ནི། ས་ལུག(1919ལོ)ལོར་རྒྱ་མར་སྐུ་འཁྲུངས། ལྷ་ས་སྐྱིད་རས་སློབ་གྲྭར་བོད་ཡིག་སློབ་སྦྱོང་དང་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ལས་རིག་གནས་ལ་གསན་སྦྱོང་གནང་། རྩིས་ཁང(བོད་ས་གནས་སྲིད་གཞུང་གི་དཔོན་རིགས་སྐྱ་བོ་གསོ་སྦྱོང་བྱེད་ས)དུ་རྡེལ་རྩིས་སློབ་སྦྱོང་གནང་བ་བརྒྱུད། སྲས་རྣམ་པའི(རིམ་བཞི་ཆུང་བ)གྲས་སུ་ཞབས་སྡོད་ཞུས་རྗེས་རྩམ་ལེན་པ་དང་། མདོ་སྨད་ཕོགས་ཁང་། སྐུ་སྲུང་རུ་དཔོན། གཞུང་འབྲུ་སྤྱི་མཛོད་ཁང་གི་ལས་བྱ། ཛ་སག་སོགས་ཀྱི་ལས་གནས་དང་གོ་མིང་བཞེས། བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བློ་འདྲི་ཡུལ། བོད་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་། ཁོང་ནི་བོད་ཀྱི་རིག་གནས་བྱ་གཞག་ལ་ཐུགས་ནུས་འདོན་མཁན་ཞིག་ཡིན་སྟབས། མཁས་དབང་དགེ་འདུན་ཆོས་འཕེལ་དང་དགེ་བཤེས་ཆོས་གྲགས་སོགས་ཀྱི་སྦྱིན་བདག་ཞུས་ཏེ། ཁོང་རྣམ་པའི་རྩོམ་ཡིག་དཔེ་སྐྲུན་གྱི་མཐུན་རྐྱེན་སྒྲུབ་པ་སོགས་གནང་བ་མ་ཟད། ལྷག་པར་མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་འདའ་ཁར་གསུང་རྩོམ་ཟིན་བྲིས་རྣམས་ཁོང་ལ་གནང་སྟེ། བདག་གཅེས་དགོས་ཚུལ་བཀའ་མངགས་གནང་བ་ལྟར་རབ་བྱུང་བདུན་པའི་ས་སྦྲུལ(1989ལོ)ལོ《གངས་ཅན་རིག་མཛོད》དཔེ་དེབ་གསུམ་གྱི་ཐོག་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་བཀོད་པའི་ཟིན་བྲིས་མཁོ་འདོན་དང་། ཞུས་དག་དཔེ་སྐྲུན་གསལ་བཤད་འབྲི་བ་སོགས་གནང་།གཞན་ཡང་ཁོང་གིས་ལོ་རྒྱུས་དང་རིག་གནས་སོགས་ཀྱི་རྩོམ་ཡིག་མི་ཉུང་བ་བྲིས་ཡོད། 1994ལོའི་དགུང་ལོ76ཐོག་སྐུ་གཤེགས།①གསུང་རྩོམ་ལ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་བསྒྲིགས》དཔར་དུ་བསྐྲུན་ཡོད།

གཉིས་པ། བསླབ་ཚན་འདིའི་སྒྲིག་གཞི་དབྱེ་ཞིབ།
        བསླབ་ཚན་འདི་ནི་སྤྱིའི་ཆ་ནས་ཁག་གཉིས་སུ་དབྱེ་ཆོག་སྟེ།

གཅིག ཐོག་མར་རྩོམ་པ་པོས་སྐར་ཆུང་རྡོ་རིང་གི་མ་ཡིག་ད་ལྟའི་ཡི་གེའི་རྣམ་པར་ཕབ་བཤུས་བྱས་ནས་ང་ཚོའི་སྤྱན་ལམ་དུ་དྲངས་ཡོད་དེ། མ་ཡིག་སྟེང་གི་བརྡ་རྙིང་སྤྱིའི་ཁྱད་ཆོས་ལྟ་བུ་ཡིན་པའི་གི་གུ་ཕྱིར་ལོག་བཅོས་ནས། ད་ལྟའི་ཡི་གེ་འབྲི་སྲོལ་ལྟར་བྲིས་འདུག་པས། ང་ཚོ་སློབ་འབྲིང་སློབ་མས་ཀྱང་གོ་བ་ལེན་ཐུབ་པར་སྟབས་བདེ་བཟོས་ཡོད་སྙམ།
གཉིས། རྡོ་རིང་འདི་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཤེས་བྱའི་གནད་དོན་འགར་དབྱེ་ཞིབ་བགྱིས་ནས་ཐག་གཅོད་གནང་ཡོད་དེ།
༡.སྐར་ཆུང་རྡོ་རིང་གནས་སའི་ཡུལ་ནི་སྐར་ཆུང་ལྷ་ཁང་བཞེངས་ས་དེ་ཡིན་པ་ཐག་བཅད་ནས། ད་ལྟ་ལྷ་སའི་ལྷོ་ནུབ་ཀྱི་སྐྱིད་ཆུའི་ཕ་རོལ་ར་མ་སྒང་གི་སངས་རྒྱས་དགོན་ཟེར་བའི་བཙུན་མའི་དགོན་ཤུལ་གྱི་ལྷོ་ངོས་བྱེ་ཐང་དེ་ཡིན་པར་བཤད་ཡོད།
༢.གཙུག་ལག་ཁང་གི་མིང་ཐོགས་ཚུལ་བཤད་ཡོད་དེ། ལྷ་ཁང་བཞེངས་པར་རྒྱ་ཁྱོན་གྱི་ཆེ་ཆུང་ལྟར་ཐོག་མར་ཉི་མ་ལྟ་བུར་བཞེངས་དགོས་པའི་རེ་བ་བཏོན་པ་དང་། དེ་ནས་ཟླ་བ། མཐའ་མཇུག་སྐར་མ་ལྟ་བུ་བཞེངས་པར་གྲོས་འཆམ་བྱུང་ནས་བཞེངས་པ་དང་། མིང་ཡང་རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་དུ་ཐོགས། དེའི་ཕྱིར་ལྷ་ཁང་དེའི་མདུན་དུ་བསླངས་པའི་རྡོ་རིང་ལའང་སྐར་ཆུང་རྡོ་རིང་དུ་འབོད་པར་བཤད།
༣.སྐར་ཆུང་གཙུག་ལག་ཁང་འདི་བཞེངས་མཁན་བཙན་པོ་སུ་ཡིན་པ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་དང་ཁྲི་རལ་བ་ཅན་གཉིས་མི་གཅིག་ཡིན་མིན་ལ་ལོ་རྒྱུས་སྟེང་བཞེད་ལུགས་མི་མཐུན་པ་ཡོད་པར《སྒྲ་སྦྱོར་བམ་གཉིས》དང《རྦ་བཞེད》 《ལྷོ་བྲག་ཆོས་འབྱུང》སོགས་ལ་གཞི་བཅོལ་ནས་གཙུག་ལག་ཁང་བཞེངས་མཁན་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཁྲི་ལྡེ་སྲོང་བཙན་ནམ་མུ་ཏིག་བཙན་པོ་ཡིན་པ་དང་། ཁྲི་ལྡེ་སྲོང་བཙན་དང་ཁྲི་རལ་བ་ཅན་གཉིས་བཙན་པོ་གཅིག་མིན་པ་གསལ་པོར་ར་སྤྲོད་གནང་ཡོད།
༤.སྐར་ཆུང་རྡོ་རིང་འདི་དུས་ནམ་ཞིག་ལ་བཙུགས་པ་ནི་རྡོ་རིང་རང་ངོས་སུ་མི་གསལ་མོད། ཁྲི་ལྡེ་སྲོང་བཙན་གྱི་རིང་དུ་བསླངས་པ་ཡིན་པས་ཕལ་ཆེར་སྤྱི་ལོ་800ཡས་མས་སུ། སྐར་ཆུང་ལྷ་ཁང་བཞེངས་ཤིང་རྡོ་རིང་བཙུགས་པར་འདོད།
༥.ཞར་བྱུང་གི་ཚུལ་དུ་སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་བར་རྒྱལ་རབས་ལྔ་ཁོ་ན་བརྩིས་པ་ནི《ལྷོ་བྲག་ཆོས་འབྱུང》དང《བཀའ་ཐང་སྡེ་ལྔ》སོགས་རྡོ་རིང་འདི་དང་གཅིག་མཐུན་བྱུང་བ་རྒྱལ་རབས་གཞན་དང་མི་མཐུན་པའི་དཔྱད་གཞི་ཞིག་འདུག་ཅེས་དཔྱད་གཞི་ཞིག་ཀྱང་དྲངས་ཡོད་པ་དང་། སྲོང་བཙན་སྒམ་པོ་ནས་འདུས་སྲོང་མང་པོ་རྗེའི་བར་དུ་གུང་རི་གུང་བཙན་དང་མང་སྲོང་མང་བཙན་གཉིས་ཡོད་ཀྱང་། རྒྱལ་སྲིད་སྐྱོང་བའི་དུས་ཚོད་ཐུང་བ་དང་ལྷག་པར་དུ་གཙུག་ལག་ཁང་སོགས་གསར་དུ་བརྩིགས་པ་མ་བྱུང་བས། རྡོ་རིང་དུ་མ་དྲངས་པར་ངེས་ཞེས་གུག་རྟགས་སུ་དྲངས་ནས་གསལ་བཤད་གནང་འདུག གཞན་འདུས་སྲོང་མང་པོ་རྗེས་ཁྲི་རྩེར་གཙུག་ལག་ཁང་བརྩིགས་ཟེར་བ་དེ་ཡང་། རྒྱལ་རབས་མང་ཆེ་བར་མི་གསལ་བའི་གཏམ་ཡིན་ཞེས་བརྗོད་འདུག

གསུམ་པ། བསླབ་ཚན་དང་འབྲེལ་བའི་ལོ་རྒྱུས་ཤེས་བྱ་གསོག་འཇོག
        གཅིག ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་སོགས་ཀྱི་གོ་དོན་རགས་བཀོད།
        བོད་ཀྱི་དེབ་ཐེར་ཆོས་འབྱུང་དང་དགོན་པ་སོ་སོའི་གདན་རབས། མི་སྣའི་རྟོགས་བརྗོད་དང་རྣམ་ཐར་སོགས་སུ་ལོ་རྒྱུས་ཀྱི་ས་བོན་མང་པོ་ཡོད་པས་ཤེས་དགོས་པའི་གནད་དུ་འདོད། དེའི་ཕྱིར་གཤམ་དུ་དེ་དག་གི་གོ་དོན་དང་མཚན་གཞི་ལྟ་བུར་འགོད་པར་བྱ་སྟེ།

༡.ལོ་རྒྱུས་ཞེས་པའི་གོ་དོན་ནི།“མིའི་རིགས་ཀྱི་སྤྱི་ཚོགས་དང་རང་བྱུང་ཁམས་ཀྱི་འདས་ཟིན་པའི་སྔོན་བྱུང་གི་བྱ་བ་དང་། སྔོན་བྱུང་གི་ལོ་རྒྱུས་ཡི་གེར་བཀོད་པའམ། ཡང་ན་མི་རང་ཉིད་ཀྱིས་སྤྱི་ཚོགས་ཀྱི་གོ་རིམ་བརྒྱུད་པའི་ནང་ནས་བྱུང་བ་སོགས་ལ་ངོས་འཛིན་ཅིང་།
        སྐབས་འདི་དང་རྒྱུན་པར་གླེང་བའི་ལོ་རྒྱུས་བྱ་བ་དེ་གཙོ་བོ་རྒྱལ་ཁབ་དང་མི་རིགས་ཀྱི་འདས་པའི་བྱུང་བ་བརྗོད་པ་ལ་གོ་དགོས། ལོ་རྒྱུས་ཞེས་པའི་མིང་གི་གྲུབ་ལུགས་ལ་ལོ་རེར་བྱུང་བའི་དོན་ཆེན་རྣམས་རྟགས་སམ་རི་མོར་བཀོད་པའི་ཁྲམ་ཡིག་སོགས་འབྲེང་བུས་སྟར་ལ་བརྒྱུས་ནས་ཉར་ཚགས་བྱས་པའི་ལས་ཀྱི་ཆ་ནས་ལོ་རྒྱུས་ཞེས་ཐོགས”② 《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》ལས།“ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་དང་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཆེ་དགུ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་བས”③ཞེས་འདིར་བརྗོད་པའི་ཡིག་ཚང་ཡང་ལོ་རྒྱུས་ཀྱི་དོན་ཡིན། རྒྱ་ཡིག་ཏུ་ལོ་རྒྱུས་ལ“史”ཞེས་པར་གནས་ཀྱི་དོན་ནི་འདས་ཟིན་པའི་དོན་རྣམས་དྲང་པོར་བྲིས་ནས་བརྗོད་པ་ཡིན།
༢.དེབ་ཐེར་ཞེས་པ་ནི། བྱུང་བ་སྤྱིར་བརྗོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་རྣམས་ལས། མཆོག་གམ་དྭངས་མར་ཐེར་ཏེ་རབ་ཀྱི་སྒོ་ནས་དེབ་ཐེར་ཞེས་ཐོགས། ཚལ་བ་ཀུན་དགའ་རྡོ་རྗེའི《དེབ་ཐེར་དམར་པོ》དང་། འགོས་ལོ་གཞོན་ནུ་དཔལ་གྱི《དེབ་ཐེར་སྔོན་པོ》། དགེ་འདུན་ཆོས་འཕེལ་གྱི《དེབ་ཐེར་དཀར་པོ》སོགས་ཡོད་པ་ལྟ་བུའོ། །
༣.ཆོས་འབྱུང་ཞེས་པ་ནི། དམ་པའི་ཆོས་ལུགས་ཀྱི་བྱུང་བ་གཙོར་བྱས་ནས་ཆོས་ཏེ་གྲུབ་མཐའ་རྣམས་ཀྱི་བྱུང་ཚུལ་གསལ་པར་བརྗོད་པས་ན་ཆོས་འབྱུང་ངམ་ཆོས་བྱུང་ཟེར། ལྡེའུ་ཇོ་སྲས་མཛད་པའི《ལྡེའུ་ཆོས་འབྱུང》དང་། དཔའ་བོ་གཙུག་ལག་ཕྲེང་བའིི《ཆོས་འབྱུང་མཁས་པའི་དགའ་སྟོན》། བུ་སྟོན་རིན་ཆེན་གྲུབ་ཀྱི《བུ་སྟོན་ཆོས་འབྱུང》དང་། མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་མཛད་པའི《དགའ་ལྡན་ཆོས་འབྱུང་དཔག་བསམ་སྡོང་པོ་མཁས་པ་དགྱེས་བྱེད》སོགས་མང་པོ་ཡོད།
༤.གདན་རབས་ཞེས་པ་ནི། དགོན་པ་གང་རུང་གི་གདན་ས་དང་ཁྲི་བའི་རྒྱུད་འཛིན་གྱི་སྐུའི་རབས་བརྗོད་པའི་ཆ་ནས་གདན་རབས་དང་ཁྲི་རབས་ཟེར། 《བྱ་ཁྱུང་དགོན་པའི་གདན་རབས》དང་། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས》། 《སྐུ་འབུམ་དགོན་པའི་གདན་རབས》སོགས་མང་པོ་ཡོད།
༥.རྟོགས་བརྗོད་ཅེས་པ་ནི། སྐྱེས་བུ་དམ་པ་གང་ཞིག་གི་ནང་གི་མངོན་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་གཙོ་བོར་བརྗོད་པའི་ཆ་ནས་རྟོགས་བརྗོད་ཟེར། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི《ས་པཎ་རྟོགས་བརྗོད་སྐལ་བཟང་ལེགས་ལམ》དང་། ཞང་ཞུང་ཆོས་དབང་གྲགས་པའི《ལོ་ཆེན་རིན་ཆེན་བཟང་པོའི་རྟོགས་བརྗོད》། མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱི《མི་དབང་རྟོགས་བརྗོད》དང་། 《བཀའ་བློན་རྟོགས་བརྗོད》སོགས་ཡོད།
༦.རྣམ་ཐར་ཞེས་པ་ནི། གང་ཟག་ཅིག་གི་ཚེ་གང་བྱུང་བའི་དོན་རྣམས་བརྗོད་གཞིར་བཟུང་སྟེ་རྗོད་བྱེད་ཀྱི་རྣམ་པ་བརྒྱུད་ནས། མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགོད་པའི་ཆ་ནས་རྣམ་ཐར་ཟེར། རུས་པའི་རྒྱན་ཅན་གྱི《རྗེ་བཙུན་མི་ལ་རས་པའི་རྣམ་ཐར》དང་། རྭ་ཡེ་ཤེས་སེང་གེའི《རྭ་ལོ་ཙཱ་བའི་རྣམ་ཐར》། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་《རྗེ་རིན་པོ་ཆེའི་རྣམ་ཐར་དད་པའི་འཇུག་ངོགས》དང་།《རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང》སོགས་མང་དུ་ཡོད།
༧.རྒྱལ་རབས་ཞེས་པ་ནི། སྲིད་ཕྱོགས་ཀྱི་རྒྱལ་བློན་རྣམས་ཀྱི་བརྒྱུད་པའི་རབས་གཙོར་བཟུང་བའི་ལོ་རྒྱུས་ལ་རྒྱལ་རབས་ཟེར། 《རྒྱལ་རབས་གསལ་བའི་མེ་ལོང》དང་། 《བོད་བཙན་པོའི་རྒྱལ་རབས》།《ཟླ་བའི་རིགས་ཀྱི་རྒྱལ་རབས》། 《ཉི་མའི་རིགས་ཀྱི་རྒྱལ་རབས》སོགས་སོ། །

གཉིས། བཙན་པོའི་རྒྱལ་རབས་དུས་སྐབས་ཀྱི་རྡོ་རིང་འགའ་ངོ་སྤྲོད།
        རྡོ་རིང་ནི་བཙན་པོའི་རྒྱལ་རབས་དུས་སྐབས་སུ་གཞུང་ཕྱོགས་ནས་སློང་བཞིན་ཡོད་པས། ནང་དོན་ལ་ཚད་ལྡན་རང་བཞིན་དང་ཡིད་རྟོན་རང་བཞིན། གཟབ་ནན་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན། བཙན་པོའི་རྒྱལ་རབས་དུས་སྐབས་ཀྱི་རྡོ་རིང་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་འཕྱོང་རྒྱས་སྟག་རྩེའི་རྡོ་རིང་དང་། ལྷ་སའི་ཞོལ་རྡོ་རིང་། བསམ་ཡས་རྡོ་རིང་། ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་དང་། རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་། དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་གཉིས། མངའ་བདག་ཁྲི་རལ་བ་ཅན་གྱི་སྐབས་སུ་བཙུགས་པའི་ལྷ་སའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་དང་། མཚུར་ཕུའི་རྡོ་རིང་སོགས་ཡོད་ལ། ད་རུང་གཞན་དག་ཀྱང་ཡོད་དོ། །

གསུམ། བཙན་པོ་ཁྲི་ལྡེ་སྲོང་བཙན་དུས་སྐབས་སུ་ནང་བསྟན་དར་བའི་གནས་ཚུལ།



        ནང་པའི་བསྟན་པ་བོད་དུ་དར་བའི་ཚུལ་ལ་ཐུན་མོང་དུ་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་དབུ་བརྙེས་པ་དང་། སྲོང་བཙན་སྒམ་པོའི་དུས་སུ་སྲོལ་བཏོད་པ། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱ་ཆེར་དར་བ་དང་།ཁྲི་རལ་བ་ཅན་གྱི་དུས་སུ་དར་བའི་ཡང་རྩེར་སོན་པར་བཤད་མོད། ཡིན་ཡང་རྡོ་རིང་འདིའི་སྟེང་དུ་བཀོད་པ་ལ་གཞིགས་ཚེ། བཙན་པོ་ཁྲི་ལྡེ་སྲོང་བཙན་ཡར་སྔོན་དུ་ནང་པའི་བསྟན་པ་བཙན་པོའི་ཕོ་བྲང་ལས་དམངས་བྱིངས་སུ་དར་ཁྱབ་མེད་པ་ཤེས་ནུས་ཏེ།“བོད་ཡོངས་ཀྱྀས་ཀྱང་ཆོས་སློབ་ཅིང་སྦྱང་བའི་སྒོ་མྱྀ་གཅད། ནམ་དུ་ཡང་བོད་ཡ་རབས་མན་ཅད། བོད་འབངས་ལས་ཐར་པར་གཟུད་པའྀ་སྒོ་མྱྀ་བགག་པར་དད་པའྀ་རྣམས་ལས་ཐར་པ་བཙུད་དེ། དེའི་ནང་ནས་ནུས་པ་ལས། བཅོམ་ལྡན་འདས་ཀྱྀ་རིང་ལུགས་རྟག་ཏུ་བསྐོ་ཞྀང་། ་་་་ ་་་་”④ཞེས་བོད་འབངས་བྱིངས་ནི་དུས་སྐབས་འདི་ནས་ཆོས་སློབ་པའི་སྒོ་འཕར་ཡངས་པར་ཕྱེ་སྟེ། བཅོམ་ལྡན་འདས་ཀྱི་རིང་ལུགས་པར་བསྐོས་ཆོག་པར་བྱས་འདུག གཞན་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སྐར་ཆུང་ལྷ་ཁང་དང་ནང་པའི་བསྟན་པ་མི་བསྣུབས་པའི་ཕྱིར་རྡོ་རིང་སོགས་བསླངས་རུང་། ནང་བསྟན་དར་བའི་ཚུལ་ནི་ལོ་རྒྱུས་ཡོངས་གྲགས་ལྟར་དར་རྒྱ་ཆེ་བ་ཞིག་མིན་པར་སྙམ།

བཞི། བསླབ་ཚན་དུ་བྱུང་བའི་བཙན་པོའི་མཚན་གྱི་རྣམ་གྲངས།
        བསླབ་ཚན་དུ་བྱུང་བའི་བཙན་པོ་ལྔ་ཡོད་དེ། སྲོང་བཙན་སྒམ་པོ་དང་། འདུས་སྲོང་མང་པོ་རྗེ། མེས་ཨག་ཚོམ། ཁྲི་སྲོང་ལྡེ་བཙན། ཁྲི་ལྡེ་སྲོང་བཙན་བཅས་ཡིན།
བཞི་བ། བསླབ་ཚན་ལས་བྱུང་བའི་དཀའ་གནད་གསེད་བཀྲོལ།




གཅིག རྡོ་རིང་འདིར་བཀོད་པའི་ཡིག་རྙིང་གི་ཁྱད་ཆོས།
༡.གི་གུ་ཕྱིར་ལོག
        བོད་ཀྱི་ཡིག་རྙིང་དུ་བྱུང་བའི་དབྱངས་ཡིག་གི་གུ་ཐམས་ཅད་ཕྱིར་ལོག་མིན་རུང་། གི་གུ་ཕྱིར་ལོག་ནི་ཡིག་རྙིང་སྤྱིའི་ཁྱད་ཆོས་ལྟ་བུར་སྣང་། ཡིག་རྙིང་ཞིག་ཡིན་མིན་ངོས་འཛིན་གནང་དུས་ཀྱང་ཐོག་མར་གི་གུ་ཕྱིར་ལོག་ཡོད་མེད་ལ་བལྟ་ངེས། མཁས་པ་ལ་ལས་ཡི་གེ་མགྱོགས་བྲིས་བྱེད་དུས་སུ་འབྲི་བདེ་བའི་དབང་གིས་དེ་ལྟར་བྱུང་བར་བཞེད། བསླབ་ཚན་དུ་བྱུང་བའི་གི་གུ་ཕྱིར་ལོག་ལ་དཔེར་ན། གྱྀ་དང་གྀ ཁྲྀ་དང་བརྩྀགས། ཀྱྀས། འདྀ། ཞྀག སྡྀག ཕྱྀན། བཞྀན། ཅྀ། མྱྀ། ཤྀང་། པའྀ། ཞྀང་། བགྱྀ། ཡྀག འཇྀག གཙྀགས་སོགས་མང་དུ་བྱུང་ཡོད་མོད། བསླབ་ཚན་དུ་རྩོམ་པ་པོས་མ་ཡིག་འགོད་དུས་གི་གུ་ཕྱིར་ལོག་གི་རྣམ་པ་སོར་བཞག་བྱས་མི་འདུག

༢.མ་ལ་ཡ་བཏགས་ཡོད་པ།
        འདིར་ཨ་མདོའི་ཁ་སྐད་ནང་བཞིན་མ་ལ་ཡ་བཏགས་ཡོད་པ་མང་དུ་འབྱུང་སྟེ། དཔེར་ན། ཡབ་མེས་ལ་ཡབ་མྱེས་དང་མི་མེད་གཉིས་ལ་མྱི་གཏང་དང་མྱྀ་གཞིག རྨྱི་ལྟས། མྱི་བསྐར། མྱྀ་མཛད། མྱྀ་བགྱྀ། མྱྀ་བསྒྱུར། མྱེད་པ། ལྟ་བུ།
༣.མིང་གཞི་ཆ་ཅ་གཉིས་བརྗེས་པ་དང་ཙ་ལ་མགོ་ཅན།
        རང་སྡེ་བ་ནང་གསེས་ནས་བརྗོད་བདེ་དབང་གིས་ཅ་དང་ཆ་གཉིས་ཕན་ཚུན་བརྗེས་པ་སྟེ། ངེག་ཅག་ལ་ངེད་ཆག ཀ་ཆུ་ལ་ཀ་ཅུ། སྐར་ཆུང་གཙུག་ལག་ཁང་ལ་སྐར་ཅུང་གཙུག་ལག་ཁང་། ཁྱོད་ལ་ཀྱོད་ལྟ་བུ། བཙན་ལ་བརྩན་བྲིས་པའང་ཁྲི་སྲོང་ལྡེ་བརྩན་དང་ཁྲྀ་ལྡེ་གཙུག་བརྩན། ཁྲི་སྲོང་ལྡེ་བརྩན། ཁྲི་ལྡེ་སྲོང་བརྩན། ལ་སོགས་པ་ནི་ལས་སྩོགས་པ་ཞེས་མང་དུ་འབྱུང་ལ། གཞན་གསོལད་ཀྱིས་ཞེས་ད་དྲག་ཀྱང་བྱུང་།

གཉིས། བསླབ་ཚན་འདིར་བྱུང་བའི་ཐ་སྙད་འགའ་འགྲེལ་བཤད།
༡.འཕྲུལ་གྱི་ལྷ་བཙན་པོ་ནི། གནམ་གྱི་ལྷ་ལས་བབས་ཤིང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ལ་ཟེར་ཞིང་། དེ་ནས་གདུང་རྒྱུད་མ་ཉམས་མ་ཆད་པར་ཡོང་བའི་བཙན་པོའི་རབས་ལ་གོ་སྙམ། བསླབ་ཚན་དུ་བཀོད་པའི་འཕྲུལ་གྱྀ་ལྷ་བརྩན་པོ་ཁྲི་ལྡེ་སྲོང་བརྩན་གྱྀ་རིང་ལ་ཞེས་པའང་། བཙན་པོ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ཞེས་གོ་བ་ལེན་དགོས་སྙམ།
༢.དབུང་མཐར་ནི། དབུས་མཐའ་རུ་ཞེས་པའི་དོན།
༣.གདུང་རབས་ནི། རུས་པའི་ཞེ་ས་ཡིན་ལ། གདུང་རབས་ནི་བཙན་པོའི་གདུང་རྒྱུད་ཀྱི་མི་རབས་རིམ་བྱོན་ལ་ཟེར་སྙམ།
༤.ནམ་ཞར་ནི། དུས་ནམ་ཡང་ཞེས་པའི་དོན་ཡིན་ལ། ནམ་ནམ་ཞ་ཞར་ནི་དུས་ནམ་ཡང་ཞེས་པའི་བརྣན་ཚིག་ཡིན་ཏེ། དུས་ཀྱི་རིམ་པ་ཚད་མཐོ་བ་སྟོན་པར་སྙམ།
༥.དབུ་སྙུང་ནི་མནའ་བསྐྱལ་བའམ་ཁ་ཏན་བཞག་པའི་དོན་ཏེ། འདིར་བཙན་པོས་ཞལ་བཞེས་དམ་བཅའ་གནང་བར་གོ
༦.བྲོ་བོར་བ་ནི་མནའ་བསྐྱལ་བའི་དོན།
༧.བཅོམ་ལྡན་འདས་ཀྱི་རིང་ལུགས་ནི། བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་མཁན་ཏེ་རབ་བྱུང་བ་ལ་ཟེར།
༨.གཙིགས་ཀྱི་ཡི་གེ་ནི། བཙན་པོས་ཞལ་བཞེས་དམ་བཅའ་གནང་བའི་དོན་ཡི་གེར་བཀོད་པའི་མནའ་ཡིག་ལ་གོ་བར་སྙམ།
གསུམ། ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་འདས་ལོ།
        བསླབ་ཚན་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་འདས་ནི། ལྕགས་རྟ་ལོར(སྤྱི་ལོ730ལོ)སྐུ་འཁྲུངས་ནས་ཤིང་གླང་ལོ(སྤྱི་ལོ784ལོ)ལ་འདས་ཞེས་བཀོད་ཡོད་འདུག ཡིན་ཡང་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐབས་ཀྱི་དོན་ཆེན་གནད་བསྡུས་སུ།“རྟའི་ལོ་ལ(སྤྱི་ལོ742ལོ)། བཙན་པོ་ཕོ་བྲང་དབྱརད་མཚར་བུ་སྣ་ན་བཞུགས། ་་་ ་་་བཙན་པོ་སྲོང་ལྡེ་བརྩན་བྲག་དམར་དུའ་བལྟམ། ཡུམ་མང་མོ་རྗེ་ནོངས་པར་ལོ་གཆྀག”⑤ཅེས་འཁྲུངས་ལོ་ནི་རྟའི་ལོ་ཡིན་པ་གཅིག་མཚུངས་ཡིན་ལ། གུག་རྟགས་སུ་བཀོད་པའི་ལོ་ཚིགས་ལ་ལོ་འཁོར་གཅིག་རིང་གི་བར་ཁྱད་ཤོར་འདུག དོན་ཆེན་དུ་རྟའི་ལོ་ཚིགས་ནི་ཡོངས་ཁྱབ་ཏུ་སྤྱི་ལོ742ལོ་ཡིན་པར་ཁས་ལེན་པས། བསླབ་ཚན་དུ་བཀོད་པའི་ལོ་ཚིགས་དེ་ནི་རྩོམ་པ་པོ་དང་རྩོམ་སྒྲིག་པས་ཐུགས་མཉམ་མ་བཞག་པའམ། ཡང་ན་རྩོམ་པ་པོས་གཞུང་ག་གེ་མོ་ལ་གཞི་བཅོལ་བ་གསལ་པོ་མི་མཐོང་། གཞན་བཙན་པོའི་འདས་ལོའང་ཡོངས་གྲགས་སུ་སྤྱི་ལོ797ལོར་གཤེགས་པར་བཞེད།

མཇུག་གི་གཏམ།
        སློབ་འབྲིང་ནི་སྐད་ཡིག་གི་རྨང་གཞི་མཐོར་འདེགས་དང་སྲ་བརྟན་གཏོང་བའི་དུས་སྐབས་ཡིན་ལ། དེ་དང་བསྟུན་ནས་བོད་ཀྱི་ལོ་རྒྱུས་བསླབ་ཚན་ལ་འབྲེལ་ཏེ། རང་མི་རིགས་ཀྱི་ལོ་རྒྱུས་ཤེས་བྱའང་གསོག་འཇོག་བྱེད་པའི་དུས་སྐབས་ཀྱང་གལ་ཆེན་ཞིག་ཡིན། དེའི་འགན་འཁུར་ནི་དགེ་སློབ་གཉིས་ཀར་ཡོད་པར་སྙམ་ནས། རྩོམ་འདི་ནི་ཆེད་དུ་དཔྱད་འགྲེལ་ལྟ་བུར་མཁོ་སྤྲོད་གནང་བའོ། །

① དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། [Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002:2169
② རྒྱལ་མོ་འབྲུག་པ། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015:1.8
③ ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན། རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986:7
④པ་ཚབ་པ་སངས་དབང་འདུས། སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011:46
⑤གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [Z] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014:99




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1