༄༅།།ཟློས་གར་ཤཀུནྟལཱའི་གནའ་གཞུང་མཛེས་རྟོག་གི་བསམ་བློ་ལ་དཔྱད་པ། གདུགས་དཀར་སྐྱིད།

གདུགས་དཀར་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 06-09




གདུགས་དཀར་སྐྱིད།
[གནད་བཏུས] ཤཀུནྟལཱ་ནི་གནའ་བོའི་རྒྱ་གར་གྱི་འཁྲབ་གཞུང་སྙན་ངག་དང་ཡིད་འགྱུར་མཚོན་པའི་སྙན་ངག་གཉིས་གཞི་གཅིག་ཏུ་འདྲེས་པའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ལ། བརྩམས་ཆོས་འདི་འཛམ་གླིང་གི་མི་རིགས་སོ་སོའི་ཡིག་རིགས་སུ་བསྒྱུར་པ་ནས་བཟུང་། མི་རིགས་དེ་དག་གི་རྩོམ་རིག་བྱུང་འཕེལ་གྱི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་མ་ཟད། དེའི་སྒྱུ་རྩལ་གྱི་རིན་ཐང་དང་མཛེས་དཔྱོད་ཀྱི་རིན་ཐང་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་སོགས་བརྗོད་ཡོད།
[གནད་ཚིག] ཤཀུནྟལཱ། ཟློས་གར། མཛེས་རྟོག ཤུགས་རྐྱེན།

དང་པོ། རྩོམ་པ་པོ་ནག་མོ་ཁོལ་ངོ་སྤྲོད་མདོར་བསྡུས།
        བོད་ཡིག་དཔེ་ཚགས་ཀྱི་ཁྲོད་དུ། ཀཱ་ལི་ད་ས(迦梨陀娑)ལ་ནག་མོ་ཁོལ་ཞེས་འབོད་ཀྱིན་ཡོད། ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་དང་མི་ཚེའི་བཤུལ་ལམ་སོགས་ཀྱི་ཐད་དུ། སིལ་ཐོར་དུ་གྱུར་པའི་ངག་རྒྱུན་ཉུང་ཤས་ཤིག་མ་གཏོགས། ཀུན་གྱིས་ཁས་ལེན་ཞིང་བཞེད་པ་གཅིག་ཏུ་མཐུན་པའི་རྣམ་ཐར་ཆ་ཚང་ཞིག་མེད་མོད། མཁས་དབང་ཚེ་ཏན་ཞབས་དྲུང་གི《གནམ་རིག་སྐར་རྩིས》དང་། མཁས་དབང་དོར་ཞིས་བསྒྱུར་བའི《སྤྲིན་གྱི་ཕོ་ཉའི་འགྲེལ་པ》ལས་བརྗོད་པའི་གནས་ཚུལ་དང་། སྐད་བརྡ་སྨྲ་བ་ཆེན་མོ་སྐུ་ཞབས་ཅི་ཞན་ལེན་གྱི་ལྟ་ཚུལ་གཅིག་ཏུ་འཁུམས་པའི་ངོ་ལས། ཡོངས་གྲགས་སུ་སློབ་དཔོན་ཁོང་འཚོ་བཞུགས་ཀྱི་དུས་ཚོད་ནི་སྤྱི་ལོ350ནས་སྤྱི་ལོ472ལོའི་བར་ཏེ། རྒྱ་གར་གྱི་གུ་པ་ཏའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་ཟླ་བ་སྦས་པ་སྐུ་རབས་གཉིས་པ་ཁྲིར་བཞུགས་པའི་སྔ་རྗེས་སུ་ཁེལ་ཡོད་པར་འདོད། སློབ་དཔོན་ནག་མོ་ཁོལ་གྱི་རྣམ་ཐར་ལ། རྒྱལ་སྤྱིའི་རྒྱ་གར་རིག་པའི་གར་སྟེགས་སུའང་རྩོད་གླེང་མང་པོ་བྱུང་གི་ཡོད། སྤྱིར་བཏང་དུ་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་དེ་སྤྱི་ལོ་དུས་རབས་ལྔ་པའི་མན་ལས་མི་འཕྱི་བ་དང་། གནའ་གཞུང་ལེགས་སྦྱར་རྩོམ་རིག་གི་འོད་སྟོང་འབར་བའི་ཞི་ཏོ་རྒྱལ་རབས་ཀྱི་སྐབས་སུ་འཚོ་བཞུགས་གནང་བར་ཁས་ལེན་ནོ། ། 《དེབ་ཐེར་དཀར་པོ》ལྟར་ནའང་། སློབ་དཔོན་དབྱིག་པ་ཅན་དང་། སློབ་དཔོན་ཕྱོགས་གླང། སློབ་དཔོན་ནག་མོ་ཁོལ་སོགས་ནི་དུས་རབས་གཅིག་གི་མི་ཡིན་པར་འདོད་ཡོད། ནང་པའི་ཚད་མ་རིག་པའི་སྲོལ་འབྱེད་པ་སློབ་དཔོན་ཕྱོགས་གླང་ནི། སྤྱི་ལོ་དུས་རབས་ལྔ་པ་ནས་དྲུག་པའི་བར་རྒྱ་གར་ལྷོ་ཕྱོགས་ནས་འཁྲུངས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་མོ་ཞིག་རེད། དེ་ཡིན་ན་ཁོང་དང་དུས་མཉམ་དུ་འཚོ་གཞེས་གནང་བའི་སློབ་དཔོན་ནག་མོ་ཁོལ་ཡང་དུས་རབས་བཞི་པ་ནས་ལྔ་པའི་བར་གྱི་མི་ཞིག་ཡིན་པ་གོང་གི་ཞིབ་བརྗོད་དང་ཡོངས་སུ་མཐུན་ནོ། །
གཉིས་པ། 《ཤཀུནྟལཱའི》བརྗོད་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས།
༡.《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར》གྱི་བརྗོད་དོན།
        《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར》གྱི་མིང་ཧྲིལ་བོར《དྲན་རྟགས་ཤིག་ལ་བརྟེན་ནས་བྱ་ལེན་མ་དང་བསྐྱར་དུ་ཕྲད་པའི་ལེའུ》ཟེར་བ་དང་། འདི་ནི་སློབ་དཔོན་ནག་མོ་ཁོལ་གྱི་བརྩམས་ཆོས་གཞན་དག་ལས་ཆེས་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང་། སྙན་ངག་དང་ཟློས་གར་གཉིས་དཀྱུས་གཅིག་ཏུ་འབྲེལ་བའི་བསྟན་བཅོས་ཤིག་ཡིན་པའི་ཆ་ནས། རྗེས་རབས་པས་འདི་ནི་སློབ་དཔོན་ནག་མོ་ཁོལ་གྱི་མཚོན་བྱེད་བརྩམས་ཆོས་ཡིན་པར་འདོད་ཀྱི་ཡོད་ལ། གནའ་བོའི་རྒྱ་གར་གྱི་ཟློས་གར་བསྟན་བཅོས་ཀྱི་མཚོན་བྱེད་དུའང་བཞག་ཡོད་པས། ཇི་སྐད་དུ།“ཟློས་གར་སྙན་དངགས་ཀུན་ཀྱང་མཛེས། ། དེ་ལས་ཤཀུནྟལཱ་མཛེས། །”ཞེས་བསྔགས་བརྗོད་དང་མཚན་སྙན་ཕྱོགས་སུ་ཁྱབ་ཡོད། ཟློས་གར་ཧྲིལ་པོ་ཡན་ལག་བདུན་གྱིས་རྫོགས་ཡོད་དེ། བསྟི་གནས་ནགས་ཚལ་ན་ཡོད་པའི་བྱ་ལེན་མ་དང་། རྒྱལ་པོོ་གདུལ་དཀའ་གཉིས་བར་གྱི་བརྩེ་དུང་དང་གཉེན་སྒྲིག་ཁྱིམ་ཐབ་ཀྱི་ལས་མཚོན་པའི་གཏམ་རྒྱུད་ཅིག་རེད། རྒྱལ་པོོ་གདུལ་དཀས་རི་དྭགས་རྔོན་པའི་དུས་བྱ་ལེན་མར་ཕྲད་པ་དང་། དེ་ནས་བརྩེ་དུང་གི་རྒྱ་རུ་ཚུད་དེ་གཉེན་སྒྲིག་བྱས་པ་དང་། མ་འགྱངས་པར་རྒྱལ་པོ་གདུལ་དཀའ་ཕྱིར་ཕོ་བྲང་དུ་ལོག་པ་དང་། ཁ་བྲལ་ཁར་རང་ཉིད་ཀྱི་མཛུབ་དཀྲིས་བྱ་ལེན་མར་དྲན་རྟགས་སུ་བཞག་ནས་སོང་བ། དེའི་རྗེས་ནས་བྱ་ལེན་མར་མངལ་ཆགས་པ་དང་རྒྱལ་སར་རྒྱལ་པོ་བཙལ་དུ་སོང་བའི་ལམ་ཁར། ལྷ་རྣམས་ལ་ཕོག་ཐུག་བཟོས་པས་ལྷ་རྣམས་ཀྱིས་དམོད་མོ་བོར་བས། མཛུབ་དཀྲིས་ཆུ་ནང་དུ་ལྷུང་ནས་བོར། རྒྱལ་པོ་གདུལ་དཀས་ཀྱང་དོན་དག་དེ་གཏིང་བརྗེད་དུ་གྱུར་ནས་བྱ་ལེན་མར་ཁ་ཡ་མ་བྱས་པ་དང་། མཇུག་མཐར། རྒྱལ་པོ་གདུལ་དཀས་བྱ་ལེན་མས་བོར་བའི་མཛུབ་དཀྲིས་དེ་ཡང་སླར་རྙེད་པ་དང་མཉམ་དུ་ལྷའི་དམོད་མོ་དག་ཀྱང་གར་སོང་ཆ་མེད་གྱུར་ཏེ། ཆག་གྲུམ་ཤོར་བའི་བརྩེ་དུང་དེར་སླར་ཡང་གསོན་ཤུགས་རྒྱས་ནས་ལྷན་འཛོམས་ཀྱི་དུས་སྟོན་ལ་རོལ་བའི་ངང་ཚུལ་བརྗོད་ཡོད། བྱ་ལེན་མ་དང་རྒྱལ་པོ་གདུལ་དཀའ་གཉིས་བར་གྱི་གཏམ་རྒྱུད་དེ་ལོ་རྒྱུས་སྙན་རྩོམ་རིང་མོ 《མ་ཧཱ་བྷ་ར་ཏའི་གཏམ་རྒྱུད》ལས་ཐོག་མར་ང་ཚོའི་མཐོང་ལམ་དུ་མངོན་པ་དང་། ནག་མོ་ཁོལ་གྱིས་སེམས་ཤུགས་མ་ལུས་གཅིག་ཏུ་བསྡུས་ནས་གདོད་མ་དང་ཆེས་སྤྱིར་བཏང་དུ་གྱུར་པའི་གཏམ་རྒྱུད་འདི་སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་ཟློས་གར་ཞིག་ཏུ་བཟོ་བཅོས་བྱས་པ་དང། ཟློས་གར་ཁྲོད་ཀྱི་བྱ་ལེན་མའི་མི་སྣའི་སྣང་བརྙན་དེ་མཛེས་མའི་ཡོན་ཏན་གྱིས་རབ་ཏུ་ཕྱུག་ཅིང་། ཀུན་སྤྱོད་ཀྱིས་མཛེས་པ་མངོན་པར་གསལ་བས། གནའ་བོའི་རྒྱ་གར་གྱི་མཛེས་མའི་མཚོན་བྱེད་དུ་གྱུར་ཡོད། 《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར》གྱིས། ནག་ནོག་གི་དྲི་མས་མ་གོས་པའི་བརྩེ་དུང་ལ་བསྟོད་པ་དང་། སྤྱི་ཚོགས་འོག་རིམ་ན་ཡོད་པའི་མི་རྣམས་ཀྱི་ཡ་རབས་སྤྱོད་བཟང་དང་ཁོ་ཚོས་མཛེས་སྡུག་གི་འཚོ་བར་སྨོན་པའི་སེམས་འགྱུ་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་ཞོར་དུ། རྗོད་བྱེད་ཀྱི་ཚིག་འཇམ་ཞིང་། བརྗོད་བྱ་དོན་གྱི་བྱུང་རིམ་ཀྱག་ཀྱོག་ལྡན་པ། ཟབ་རྒྱས་འཐུས་ཚང་ཅན་དུ་བཟོས་ནས་དབང་སྒྱུར་གྲལ་རིམ་གྱི་རང་ཆེ་རང་མཐོ་དང་། བག་མེད་ལོངས་སྤྱོད་ཀྱི་བྱ་བར་ཟུར་ཟ་བྱས་ཡོད།
༢. སྒྱུ་རྩལ་གྱི་ཁྱད་ཆོས།
        རྩོམ་ཧྲིལ་པོ་སྙན་ངག་གིས་ཕྱུག་པ་དང་གཏམ་རྒྱུད་ཀྱི་བྱུང་རིམ་གཅིག་འཇགས་གཅིག་ལངས་ཀྱི་རྣམ་པས་ཁེངས་པ། མི་སྣའི་གཤིས་ཀ་མངོན་གསལ་དོད་པ། བསམ་བློའི་ཀུན་རྟོག་གི་རི་མོ་ཕྲ་ཞིང་ཞིབ་པ། ལྗོངས་ཁམས་ཁོར་ཡུག་གི་ཞིབ་འབྲི་དང་མི་སྣའི་བསམ་བློའི་བར་འབྲེལ་ཆགས་ཤིང། ཚིག་གི་སྦྱོར་བ་སྙན་ངག་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་ཏེ། ལུས་ཀྱི་ཉམས་འགྱུར་དང་། དབྱངས་ཀྱི་བྱེ་བྲག་རྣམས་རོལ་མོ་དང་བསྡེབས་ནས་བསྒྱུར་བའི་ལུགས་སུ་སྤེལ་བས། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་ཕན་ཚུན་དཀྱུས་གཅིག་ཏུ་འདྲེས་ཡོད། ལྷག་པར་དུ་སློབ་དཔོན་ནག་མོ་ཁོལ་གྱི་སྨྱུག་རྩེའི་བྱ་ལེན་མ་ནི་དགའ་སྐྱོ་ཆགས་སྡང་གི་སྤུ་རིས་མངོན་པར་གསལ་ཞིང་། ཡ་རབས་སྤྱོད་བཟང་གི་རྒྱན་མཐའ་དག་གིས་ཀུན་ནས་བཅིངས་པས། ཁོང་གིས་མཁས་པ་གཞན་གྱིས་བསྒྲུན་དུ་མེད་པའི་རྒྱ་གར་ལུགས་ཀྱི་བུད་མེད་མཛངས་མའི་སྣང་བརྙན་ཆེད་དམིགས་ཀྱིས་བཞེངས་སྐྲུན་བྱས་པ་འདིས། ཀུན་གྱི་བློ་ངོར་ཞི་དུལ་བག་ཡོད་དང་ལྷད་མེད་སྐྱོན་གྱིས་མ་གོས་པའི་བུད་མེད་ཅིག་གི་སྣང་བརྙན་གསོན་པོ་ཞིག་འཆར་འོང་བར་བྱས་ཡོད། 《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར》ལས། རྒྱལ་པོ་གདུལ་དཀའ་དང་དགེ་སྦྱོང་མ་བྱ་ལེན་མ་གཉིས་བར་གྱི་སེམས་འགུལ་ཐེབས་ཤིང་ཚ་རླབས་འཕྱུར་བའི་མཛེས་སྡུག་དང་བདེ་སྐྱིད། ཀྱག་ཀྱོག་དང་སྐྱོ་ཤས་ཆེ་བའི་བརྩེ་དུང་གི་གཏམ་རྒྱུད་ཞིབ་བརྗོད་བྱས་ཡོད་པ་དང་། གཏམ་རྒྱུད་འདི་དེ་རིང་གི་མི་བུ་ཚོའི་མིག་མདུན་དུ་ཆེས་སྤྱིར་བཏང་གི་བརྩེ་དུང་གི་གཏམ་རྒྱུད་ཅིག་ལས་མ་འདས་མོད། སློབ་དཔོན་ནག་མོ་ཁོལ་གྱིས་ཟློས་གར་གྱི་སྐད་རིགས་ལ་བརྟེན་ནས་གཏམ་རྒྱུད་འདི་གར་སྟེགས་ཀྱི་སྒྱུ་རྩལ་དུ་བསྒྱུར་དུས། འདི་དེ་མ་ཉིད་དུ་རླབས་ཆེ་བའི་རྩོམ་རིག་བརྩམས་ཆོས་ཤིག་ཏུ་གྱུར་པར་མ་ཟད། གནའ་བོའི་རྒྱ་གར་གྱི་ལེགས་སྦྱར་གནའ་གཞུང་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཏུའང་གྲུབ་ཡོད། ཟློས་གར་ཧྲིལ་པོར་འདུ་འཛི་དང་གཡོ་འགུལ། གསོད་འཕྲོག་དང་ཟིང་འཚུབ་སོགས་ཅི་ཡང་མེད་པར་དྭངས་གསལ་དང་ལྷིང་འཇགས། ཞི་འཇམ་དང་བབ་ཆགས། རི་མོ་དང་སྙན་ངག་སོགས་ཞི་བདེའི་སྣང་བརྙན་དག་གིས་ཡོངས་སུ་བཅིངས་པ་དང་། རྩོམ་པ་པོས་སྤྲིན་དཀར་ལྷོད་ཀྱིས་རྒྱུ་བ་དང་། ཆུ་ཕྲན་དལ་གྱིས་འབབ་པ་ལྟ་བུའི་སྒོ་ནས་རྩོམ་གྱི་སྒྲིག་གཞིའི་ཚགས་དམ་པོར་སྤེལ་ཞིང་། ལྷུག་པོར་བརྗོད་པའི་སྙན་ངག་གི་སྐད་རིགས་ལ་བརྟེན་ནས་གཏམ་རྒྱུད་ཀྱི་བྱུང་བ་གཅིག་འཇགས་གཅིག་ལངས་སུ་བསྐྲུན་ཏེ། མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པར་བསྒྱུར་ཏེ་ཀློག་པ་པོར་འཆར་ཡུན་གྱི་བསམ་བློ་ཡངས་མོ་ཞིག་གི་སྒོ་གླེགས་ཕྱེ་ཡོད། གཞན་སྙན་ངག་མཁན་ནག་མོ་ཁོལ་གྱི་ཚད་མཐོ་བའི་སྐད་རིགས་ཀྱི་ནུས་པ་དང་། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་གྱིས་ང་ཚོས་ཟློས་གར་གྱི་ཁྱད་དུ་འཕགས་པའི་འགུག་ཤུགས་དང་མཛེས་པའི་ཚོར་བའང་ཇི་བཞིན་དུ་རྟོགས་ཐུབ། ཏག་ཏག་ལ་ཟློས་གར་གྱིས་རང་དབང་དང་དྲང་གཞག འཆར་ཡན་གྱིས་ཕྱུག་པའི་བརྩེ་དུང་ལ་བསྟོད་བསྔགས་བྱས་ནས་ང་ཚོར་སྒྱུ་རྩལ་གྱི་མཛེས་སྡུག་ལ་རོལ་མྱོང་བྱེད་དུ་བཅུག་ཡོད་ནའང། བརྩེ་དུང་དང་སྒྱུ་རྩལ་གཉིས་ནི་སྒྱུ་རྩལ་གྱི་ཡོད་ཚད་ཡིན་པའི་ངེས་པ་མེད་ལ། ཟློས་གར་གྱིས་ང་ཚོར་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་པའི་ཞོར་ནས་མངོན་སུམ་དང་རྗེས་དཔག་གི་སྒོ་ནས་སྒྱུ་རྩལ་མ་ཡིན་པའི་དངོས་པོ་མང་པོ་ཞིག་ཞོར་ནས་བསྟན་ཡོད། གལ་ཏེ་ང་ཚོས་ཟློས་གར་འདིའི་ཁྲོད་དུ་སིམ་འཛུལ་བྱས་ཡོད་པའམ། ཡང་ན་གཙོ་བོ་མ་ཡིན་པའི་ནང་དོན་འདི་དག་སྣང་མེད་དུ་བཞག་ནས་མི་སྣ་གཙོ་བོའི་བརྩེ་དུང་ཁོ་ན་ལ་མཉམ་འཇོག་དང་དོ་སྣང་བྱས་ན། ཟློས་གར་འདི་གཞན་པའི་བརྩེ་དུང་གི་གཏམ་རྒྱུད་དང་ཁྱད་པར་ཅི་ཡང་མེད་ལ། སྒྱུ་རྩལ་ལས་ཐོན་པའི་རྩོམ་རིག་གི་རིན་ཐང་སོགས་ཅི་ཡང་གསར་རྙེད་བྱེད་མི་ཐུབ། ཡང་གཞན་ཐད་ནས་བཤད་ན། གོང་ནས་བརྗོད་པའི་སྒྱུ་རྩལ་མ་ཡིན་པའི་དངོས་པོ་འདི་དག་གིས་ད་གཟོད་ཟློས་གར་དང་ཟློས་གར་ཁྲོད་ཀྱི་མི་སྣའི་མཛེས་པ་གསལ་པོར་མཚོན་ཐུབ་ཅིང་། ཟློས་གར་རང་སྟེང་ན་གནས་པའི་ཚད་མཐོའི་སྒྱུ་རྩལ་དང་སྤྱི་ཚོགས་ཀྱི་རིན་ཐང་ཡང་དམར་རྗེན་དུ་ཀློག་པ་པོའི་མིག་སྔར་འདྲེན་ཐུབ།

གསུམ་པ། 《ཤཀུནྟལཱའི》སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་རིན་ཐང་།
        ཟློས་གར《ཤཀུནྟལཱ》ནི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས། འདི་ལ་སྤྱི་ཚོགས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་དེ། ཕྱི་ཚུལ་ནས་བལྟས་ན་བརྩམས་ཆོས་འདི་ནི་སློབ་དཔོན་ནག་མོ་ཁོལ་གྱི་པུར་རྩེ་ལས་ཐོན་པའི་ཕོ་མོ་བར་གྱི་བརྩེ་དུང་དང་། འཇིག་རྟེན་མཐུན་འཇུག་ལ་རོལ་བའི་གཏམ་གྱི་བྱུང་བ་གྲགས་ཅན་ཞིག་ཡིན་མོད། དོན་དངོས་སུ་རྩོམ་པ་པོས་རང་ཉིད་འཚོ་སྡོད་བྱེད་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་། འདུ་ཤེས་འཛིན་སྟངས། མི་དང་མིའི་བར་གྱི་འབྲེལ་བ། རིམ་གྲས་མི་འདྲ་བའི་བར་གྱི་ཁེ་ཕན་སོགས་བསྟན་ཏེ་མི་གཤིས་འཛུགས་སྐྲུན་དང་། ཕན་ཚུན་བར་གྱི་འགལ་འདུ་སྙོམ་སྒྲིག་བྱེད་པ། སྤྱི་ཚོགས་ཡར་ཐོན་དང་འཆམ་མཐུན་ཡོང་བར་སྐུལ་ལྕག་གཏོང་བའི་སྨོན་འདུན་ཟུར་ཤུགས་སུ་བསྟན་ཡོད་པས། རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས་སུ་གོ་གནས་གལ་ཆེན་བཟུང་ཡོད་པར་མ་ཟད། འཛམ་གླིང་གི་རྩོམ་རིག་བང་མཛོད་ཀྱི་གཅེས་ནོར་དུའང་གྱུར་ཡོད། ལར་བརྩམས་ཆོས་ལ་ཕྱོགས་མི་འདྲ་བ་གསུམ་ནས་བལྟས་ན།
༡. ངོས་འཛིན་དང་སློབ་གསོའི་ནུས་པ།
        འཁྲབ་གཞུང་ལས་སྔ་རྗེས་སུ་དཀའ་ཐུབ་པ་དང་བྱ་ལེན་མ། སྒོ་སྲུང་དང་ལྟ་སྲུང་པ། རྒྱལ་པོོ་དང་དྲང་སྲོང་གཞོན་ནུ། བཙུན་མོ་དང་ཞལ་ཏ་མ། ཕོ་བྲང་དང་གཡོག་མོ། བརྒྱ་བྱིན་དང་ཤིང་རྟའི་ཁ་ལོ་པ། བློན་པོ་དང་བཙུན་མོའི་གཡོག་མོ། བརྒྱ་བྱིན་གྱི་བུ་དང་ཚངས་པའི་བུ་སོགས་མི་སྣ་མང་པོ་བྱུང་ཡོད། མི་སྣ་འདི་དག་རྒྱ་གར་གྱི་རིགས་རུས་ལྟར་དགར་ན། རྒྱལ་པོོ་མཚོན་བྱེད་དུ་གྱུར་པའི་རྒྱལ་རིགས་དང་། དཀའ་ཐུབ་པ་དང་དྲང་སྲོང་མཚོན་བྱེད་དུ་གྱུར་པའི་རྗེ་རིགས། བྱ་ལེན་མའི་གྲོགས་མོ་དང་སྒོ་སྲུང་བ། གཡོག་མོ་སོགས་མཚོན་བྱེད་དུ་གྱུར་པའི་དམངས་རིགས། ཉ་བ་སོགས་མཚོན་བྱེད་དུ་གྱུར་པའི་གདོལ་རིགས། གཞན་མི་ཡུལ་ལས་རིང་དུ་འདའ་བའི་བརྒྱ་བྱིན་སོགས་ཀྱིས་མཚོན་པའི་ལྷའི་རིགས་སོགས་མདོར་ན་སྤྱི་ཚོགས་ཀྱི་ལས་གནས་སོ་སོ་དང་རིམ་གྲས་མི་འདྲ་བ་ནས་ཐོན་པའི་ཚབ་བྱེད་ལ་གཞིགས་ན། གཏམ་རྒྱུད་ཁྲོད་ཀྱི་བྱ་ལེན་མ་དང་རྒྱལ་པོའི་བར་གྱི་བརྩེ་དུང་དེ་མ་གཞི་རང་ཉིད་ནས་ཐག་གཅོད་བྱས་ཆོག་རུང་། ཐོག་མཐའ་བར་གསུམ་དུ་ལྷའི་བར་ཆད་དང་ལྷའི་བཀོད་སྒྲིག་བྱེད་པ་དང། རྒྱལ་པོོ་བྱ་ལེན་མའི་རིགས་རུས་ལ་ཐེ་ཚོམ་སྐྱེས་པ་དང་། བྱ་ལེན་མ་རང་ཉིད་ལ་ཆ་མཚོན་ན། ཡུན་རིང་བསྒུགས་པའི་བརྩེ་དུང་ངོ་མ་དེ་མིག་མདུན་དུ་སླེབས་དུས། དོགས་གཞི་དང་སྐྲག་སྣང་། མི་ཁ་དང་སྤྱི་ཚོགས་ཀྱི་གཏམ་གླེང་གང་ལའང་མི་འཛེམ་པར་བརྟན་བརླིང་དང་བབ་ཆགས་ཀྱི་བརྩེ་དུང་རྣལ་མའི་ཕུགས་བསམ་བརྩོན་ལེན་བྱེད་དུས། རྒྱལ་པོོས་ཁོ་མོར་བཅངས་པའི་བརྩེ་བ་དེ་ཁོ་མོའི་སྐྱེ་གཟུགས་ལང་ཚོ་ཁོ་ན་ལ་ཆགས་པ་མ་གཏོགས། བྱ་ལེན་མའི་ཆེས་སྤྱིར་བཏང་དང་ཡང་ཆེས་སྤྱིར་བཏང་མ་ཡིན་པའི་རྒྱ་གར་གནའ་གཞུང་བུད་མེད་ཀྱི་ནང་སེམས་ཀྱི་མཛེས་པ་དང་། ཕྱི་ལུས་ཀྱི་ཡ་རབས་སྤྱོད་བཟང་དང་བབ་ཆགས་ཀྱི་ཡོན་ཏན་ལ་ཞེ་འཁོར་མེད་པ་དང་། དེའི་བར་ནས་ལྷ་རྣམས་ཀྱིས་དམོད་མོ་བོར་ནས་ཁོ་གཉིས་བར་གྱི་བརྩེ་དུང་གི་རྒྱུན་ཐག་རེ་ཞིག་ཆད་པ། གཞན་རྒྱལ་པོ་གདུལ་དཀའ་རང་ཉིད་དབང་སྒྱུར་པ་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་འདོད་པ་དེ་གཟབ་ནན་གུས་ལུགས་ཀྱི་དབང་དུ་གྱུར་ཏེ། བྱ་ལེན་མའི་རིགས་རུས་ལ་དོགས་པ་ཟ་དུས་དང་རྗེས་ནས་རྟོག་དཔྱོད་རྩད་འདྲི་བྱས་པས། བྱ་ལེན་མ་དང་རང་ཉིད་རིགས་རྒྱུད་གཅིག་ལ་གཏོགས་པ་ཚོར་རྗེས། ཡང་དགའ་བ་ཆེན་པོ་སྐྱེས་པ་སོགས་ཀྱག་ཀྱོག་གི་མི་ཚེའི་གཏམ་རྒྱུད་ལ་བརྟེན་ནས། རྩོམ་པ་པོས་ལྡོག་ཕྱོགས་ནས་གནའ་བོའི་རྒྱ་གར་གྱི་བཀས་བཀོད་རྒྱུད་འཛིན་གྱི་མིས་མི་ཟ་བའི་རིམ་གྲས་ཀྱི་འདུ་ཤེས་ལ་དགག་པ་ནན་མོ་བརྒྱབ་ཡོད་པ་དང་། དབང་སྒྱུར་པའི་བག་མེད་ལོངས་སྤྱོད་དང་། རང་ཚུགས་མེད་པ། འབངས་མིའི་བདེ་སྡུག་ལ་སེམས་ཁུར་མི་བྱེད་པའི་ཡ་ང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཐེར་འདོན་བྱས་ཡོད་པ་དང། དྲང་ཕྱོགས་ནས་བྱ་ལེན་མ་གཙོ་བྱས་པའི་རང་ཉིད་དང་ཁོར་ཡུག་གཅིག་ན་ཡོད་པའི་མི་རྣམས་ཀྱིས། བདེ་སྐྱིད་འཚོ་བར་སྨོན་པའི་རེ་བ་དང་ལུས་སེམས་གཙང་མའི་མི་གཤིས་སོགས་ལ་བསྟོད་བསྔགས་བྱས་ནས་རྒྱལ་པོོ་དང་བྱ་ལེན་མ་གཉིས་དྲང་ལྡོག་ཕྱོགས་ཀྱི་མི་སྣ་གཉིས་སུ་བཞེངས་སྐྲུན་བྱས་ཏེ། མི་རྣམས་ལ་རང་ཉིད་ཀྱི་བརྩེ་དུང་རང་ཉིད་ཀྱིས་བརྩོན་ལེན་བྱེད་དགོས་པ་དང་།མི་སུ་ཡིན་རུང་ཕན་ཚུན་ལ་ཡིད་རྟོན་བྱེད་པ་འབྲེལ་བའི་རྩ་བར་བཟུང་ན། སྤྱི་ཚོགས་བདེ་འཇགས་དང་མི་ཚེ་བདེ་སྐྱིད་ལྡན་པ་ཡོང་ཐུབ་པར་ཁ་ཚོན་བཅད་ཡོད།

༢. མཛེས་རྟོག་དང་སྤྲོ་གཡེང་གི་ནུས་པ།
        སྤྱིར་བཏང་དུ་མཛེས་རྟོག་གི་ཚོར་བ་ནི་རྩོམ་རིག་བརྩམས་ཆོས་ལ་རོལ་མྱོང་བྱེད་སྐབས་བརྩམས་ཆོས་ཁྲོད་ཀྱི་མི་སྣ་དང་དོན་རྐྱེན་ཁོར་ཡུག་བཅས་ཀྱིས་ཀློག་མཁན་གྱི་སེམས་ལ་བསྩལ་བའི་ནུས་པ་ཁྱད་པར་ཅན་ཞིག་ལ་སྟོན་གྱིན་ཡོད་ལ། སྐབས་འདིར་ཤེས་དགོས་པ་ནི《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར》 ནི། “མཛེས་པ”ཁྱད་ཆོས་སུ་བཟུང་བའི་འཁྲབ་གཞུང་ཞིག་ཡིན་པའི་ཐད་ནས། དེར་གནའ་གཞུང་ལེགས་སྦྱར་སྐད་ཀྱི་ཟློས་གར་སྐད་རིགས་ཀྱི་མཛེས་པ་དང་། དམིགས་བསལ་གྱི་ཀུན་རྟོག་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་བསྟི་གནས་ནགས་ཚལ་གྱི་སྙན་ངག་ལྟར་བརྗོད་དོན་གྱིས་ཕྱུག་ཅིང་རི་མོ་ལྟར་མཛེས་པའི་རང་བྱུང་གི་མཛེས་པ། བརྩམས་ཆོས་ཁྲོད་ཀྱི་མི་སྣ་གཙོ་བོའི་རང་གྲུབ་ཀྱི་མཛེས་པའི་སྣང་བརྙན་དང་བབ་ཆགས་སྤྱོད་བཟང་གི་སེམས་ཀྱི་མཛེས་པ། དེ་ལས་ཀྱང་བརྩམས་ཆོས་ཀྱི་བསྟོད་བསྔགས་བྱ་ཡུལ་དུ་གྱུར་པའི་བློ་སེམས་དཀར་ཞིང་དཀའ་ངལ་ལ་མགོ་མི་སྒུར་བའི་བརྩེ་དུང་གི་མཛེས་པ་སོགས་མཛེས་དཔྱོད་ཀྱི་ཆ་མང་དུ་གནས་པས། རྩོམ་པ་པོས་མཛེས་པ་དེ་དག་སྙན་ངག་གི་རྒྱན་མི་འདྲ་བ་དུ་མས་བཅིངས་ཡོད་དེ། དཔེར་ན། ལེའུ་དང་པོ་ལས། རྒྱལ་པོས་བསྟི་གནས་ནགས་ཚལ་ན་རི་དྭགས་རྔོན་སྐབས། རི་མོ་ལྟར་མཛེས་པའི་ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་མཛེས་པ་དེ་སྡུག་པའི་ལས་སུ་མི་འགྱུར་བའི་ཆེད་དུ། དཀའ་ཐུབ་པས། བསྟི་གནས་ཀྱི་རི་དྭགས་འདི་མ་གསོད་ཅིག མ་ཡིན་མ་ཡིན་འཇམ་མཉེན་པདྨའི་ཚོགས་ལ་དྲགས་པོའི་མེ་ལྕེ་བཞིན། ། མཛེས་པའི་རི་དྭགས་འདི་ཡི་ལུས་ལ་སྒྲོ་ལྡན་མཚོན་གྱིས་མ་འདེབས་ཤིག།། ཨ་ཧོ་སྡུག་གུ་ཉམ་ཆུང་འདི་ཡི་འདར་བའི་སྲོག་ནི་ཅི་ཙམ་ཞིག།། རྡོ་རྗེ་སྙིང་པོ་རྣོ་ངར་འབབ་པ་ཁྱོད་ཀྱི་ཉག་ཕྲན་ཅི་ལྟ་ཞིག།། རྒྱལ་པོ་དེའི་ཕྱིར་ལེགས་པར་སྦྱར་བ་ཡི། ། མདའ་འདི་བོར་ཅིག་གང་ཕྱིར་ཁྱོད་ཀྱི་མཚོན། །
        ཉོན་མོངས་སྐྱེས་བུ་བསྲུང་བའི་སླད་དུ་སྟེ། ། ཉེས་པ་མེད་རྣམས་གཞོམ་པའི་སླད་དུ་མིན། ། ཞེས་དཔེ་རྒྱན་ལ་སྦྱར་ཏེ་མཚོན་བྱ་དམིགས་ཡུལ་གྱི་མཛེས་པ་དེ་འཛུགས་སྐྲུན་བྱེད་པ་དང་། ཡང་། རླུང་གིས་བསྐྱོད་པའི་ཆུ་ངོགས་རླབས་ཀྱིས་རྩ་བ་བཀྲུས་པའི་ཡལ་ག་ཅན། ། སྦྱིན་སྲེག་དུ་བའི་ཚོན་གྱིས་བསྒྱུར་བའི་རྣམ་པ་གན་གྱི་ལོ་འདབ་འཛིན། ། ཀུ་ཤ་གཞོན་ནུའི་མྱུ་གུ་འཐོར་བའི་ཉེ་བའི་ས་ཡི་མཐོངས་དག་ནས། ། འཇིགས་པ་མེད་པའི་རི་དྭགས་བུ་རྣམས་མདུན་གྱི་ངོས་སུ་དལ་བར་རྒྱུ། ། ཞེས་གོམ་གང་མདུན་སྤོས་ཀྱིས་རྒྱལ་པོོས་སེམས་ཁམས་ལས་འཕྲོས་ཤིང་། རང་བཞིན་བརྗོད་པའི་རྒྱན་གྱིས་བཅིངས་པའི་ཉམས་འདི་ལས་རང་བྱུང་ཁམས་ལ་ངོས་འཛིན་གསལ་པོ་མེད་པ་ནས། རིམ་བཞིན་རང་བྱུང་གི་མཛེས་པས་ཡིད་དབང་རབ་ཏུ་བཀུག་པའི་སྤྲོ་གཡེང་གི་ནུས་པ་གསལ་པོར་ཐོན་ཡོད། གཞན་རབ་རྟོག་གི་རྒྱན་མང་དུ་བཀོལ་ནས་ལྗོངས་དང་ཁོར་ཡུག་ན་གནས་པའི་མཛེས་པའི་བྱ་དངོས་མ་ལུས་པའི་ཡོན་ཏན་དང་། རང་བྱུང་ཁམས་ཀྱི་ཉིང་བཅུད་གཅིག་ཏུ་བསྡུས་པའི་བདག་ཉིད་དེ་བྱ་ལེན་མའི་མཛེས་པ་ལ་ཆ་འགོད་དང་བསྡུར་བ་བྱས་ཡོད་པ་དཔེར་ན། ཕྲག་པའི་ཡུལ་དུ་ཕྲ་མོའི་མདུད་པ་བཅས། ། ནུ་མའི་འབུར་གྱིས་མཐོ་བའི་ཤིང་ཤུན་འདིས། །
        ལོ་མ་སེར་སྐྱས་གཡོགས་པའི་མེ་ཏོག་བཞིན། ། གཞོན་ལུས་འདི་ལ་ལང་ཚོ་སྤེལ་མ་བྱས། ། ཡང་། འདམ་བུའི་ཚལ་ན་མཚོ་སྐྱེས་མཛེས་པ་སྟེ། ། ར་རིས་བརྒྱན་པའི་ཟླ་བ་ཡིད་འོང་ཉིད། ། ཤིང་ཤུན་གྱོན་ཡང་ཕྲ་ལ་ལྡེམ་པའི་ལུས། ། མཛེས་སྡུག་ཅན་ལ་རྒྱན་དུ་མི་འགྱུར་གང་། ། ལྟ་བུའོ། ། ཟློས་གར་ལས་རྒྱལ་པོོ་དང་བྱ་ལེན་མ་གཉིས་བར་གྱི་ལྷད་མེད་པའི་བརྩེ་དུང་གི་མཛེས་པ་དེ་ལེའུ་སྔོན་མ་དག་ལས། གཙོ་བོ་རྒྱལ་པོ་གདུལ་དཀའ་བྱ་ལེན་མའི་མཛེས་པ་ལ་ཡིད་ཤོར་བའི་གནས་སྐབས་མང་པོ་ཞིག་རྩོམ་པ་པོས་སེམས་ཁམས་ཞིབ་འབྲིའི་ཐབས་ལ་བརྟེན་ནས་བརྗོད་ཡོད་པ་དཔེར་ན། དགའ་མ་མངོན་པར་ཐོབ་དཀའ་ཡང་། ། རྣམ་འགྱུར་ལས་ནི་ངལ་གསོ་ཐོབ། ། མཛའ་བ་མངོན་དུ་མ་གྱུར་ཀྱང་། ། ཕན་ཚུན་དྲན་པས་བདེ་བ་བྱིན། ། ལྟ་བུ་དང་། ལྷག་པར་དུ་ལེའུ་གསུམ་པའི་ནང་དོན་གཙོ་བོ་རྒྱལ་པོོ་དང་བྱ་ལེན་མ་གཉིས་འཇིག་རྟེན་མཐུན་འཇུག་གི་ལས་སུ་སོང་བ་གཙོར་བཀོད་ཡོད་པས། བརྩེ་དུང་གི་མཛེས་པ་དེ་ཕྱི་ལུས་ཀྱི་མཛེས་པ་དང་ནང་སེམས་ཀྱི་དུང་བ་ཆུ་དང་འོ་མ་འདྲེས་པ་བཞིན། ཕན་ཚུན་ལ་ཆགས་པའི་སེམས་ཀྱི་རྦ་རླབས་དྲག་ཏུ་གཡོས་ཏེ་ནམ་མཁའ་འགོམས་པར་བྱེད་པ་དང་།
འདོད་པའི་མེ་ལྕེས་ས་གཞི་ལན་བརྒྱར་བསྲེགས་པའི་ཚོར་བ་འགོག་ཐབས་མེད་པ་བྱུང་ཡོད་པ་དཔེར་ན། རྒྱལ་པོས། འདོད་པའི་མྱོས་པའི་ཟུར་མིག་འཁྱོག་པོ་ཀེམ་ཀེམ་གཡོ་བའི་ནུ་རྒྱས་མ། ། བདག་ཡུལ་གདུང་བའི་བྱེད་པོར་བསྐྲུན་ཏེ་རྟག་ཏུ་དུཿཁས་གཙེས་ན་ཡང་། ། ཁོ་བོ་ཁྱེད་ལ་ཞེ་ནི་མི་ཁྲེལ་མཛའ་བའི་སྟོབས་ནི་ལྷག་ཏུ་རྒྱས། ། ཡང་།སྙན་ངག་རྩོམ་པར་བྱེད་པ་མོའི། ། དཀྱུས་རིང་སྨིན་མ་འཁྱོག་པ་དང་། ། འགྲམ་པའི་སྤུ་ལོང་རྒྱས་པ་ལས། ། བདག་ལ་ཆགས་པའི་ཉམས་དག་གསལ། ། ལྟ་བུ་དང་།བྱ་ལེན་མས། གཏུམ་པོ་ཁྱེད་ཡིད་མི་རྟོགས་ཀྱང་། ། འདོད་པས་ཉིན་མཚན་རེས་མོས་སུ། ། བདག་གི་ཡན་ལག་སྲེག་བྱེད་པ། ། ཁྱོད་ལས་གཞན་པ་བདག་མི་སེམས། ། ལྟ་བུ་སོགས་ལས་མཚོན་པར་བྱས་ཡོད། ལྷག་པར་དུ་བརྩམས་ཆོས་ཁྲོད་ཀྱི་རྒྱན་མང་པོའི་ནང་དུ་མཛེས་མའི་དཔེ་ལ་ཟླ་བ་དང་པདྨ་སོགས་མང་པོ་ཡང་དང་བསྐྱར་དུ་བཞག་ཡོད་པ་ལས། སའི་ཆགས་སྟེང་གི་ཐད་ནས་བཤད་ན། རྒྱ་གར་གྱི་ས་ཆ་ཕལ་ཆེར་ཐིག་དམར་དང་ཐིག་དམར་གྱི་གོང་འོག་ཏུ་ཁེལ་བའི་དབང་གིས་ཚ་ཁུལ་དུ་གཏོགས་པས་ཚ་བ་ཆེ་དུས་སུ། ཟླ་བ་དང་པདྨ་སོགས་བསིལ་བའི་རང་བཞིན་ཅན་གྱི་བྱ་དངོས་དག་མི་རྣམས་ཀྱིས་རེ་སྨོན་བྱེད་སར་གྱུར་པ་དང་། མིའི་སེམས་ནང་གི་མཛེས་པའི་བྱ་དངོས་ཀྱང་ཡིན་པས་གོམས་གཤིས་དང་ནམ་ཟླའི་ཁོར་ཡུག་སོགས་ཀྱིས་དུས་རྒྱུན་དང་། སྒོས་སུ་སྙན་ངག་མང་པོ་ལས་མཛེས་མའི་དཔེ་རུ་སྦྱར་ཡོད་པས། སྐད་རིགས་དང་རིག་གནས་ཀྱི་མཛེས་པའང་མངོན་པར་མཚོན་ཡོད་པ་སོགས་ཟློས་གར་ཁྲོད་བྱུང་བའི་མཛེས་པའི་བྱ་དངོས་ཡོད་དོ་ཅོག་གིས་ཀློག་པ་པོའི་ཡིད་སེམས་དྲག་ཏུ་གཡོས་ཏེ་མཛེས་རྟོག་བསྐྱེད་ཡོད་དོ། །


དཔྱད་གཞིའི་ཡིག་ཆ།
[1] དོར་ཞི། སྤྲིན་གྱི་ཕོ་ཉའི་འགྲེལ་པ།[M]མི་རིགས་དཔེ་སྐྲུན་ཁང་། 1988
[2] དགེ་འདུན་ཆོས་འཕེལ། དེབ་ཐེར་དཀར་པོ།[M]མི་རིགས་དཔེ་སྐྲུན་ཁང་། 2002
[3] དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2007
[4] ཨོ་རྒྱན་གྱིས་བསྒྱུར། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།[M]མི་རིགས་དཔེ་སྐྲུན་ཁང་། 2009
[5] གཙོ་སྒྲིག་པ་རྒྱ་ཡེ་བཀྲ་བྷོ། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། སྨད་ཆ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1