དེ་ཡང་མེས་པོ་གོང་མ་རྣམས་ཀྱི་སྐུ་དྲིན་ལས་རིན་ཐང་གཞལ་དུ་མེད་པའི་རིག་རྫས་མང་པོ་ག་ས་གང་དུ་མཇལ་ཐུབ་པའི་སྐལ་བ་ཞིག་ཆགས་ཡོད་པ་དང་། རྒྱལ་ཁབ་ཀྱིས་ཀྱང་སྲུང་སྐྱོབ་དང་བདག་གཉེར་བྱེད་པའི་ལེགས་མཛད་ཀྱི་སྐལ་བ་འཆར་ཀའི་ཉི་མ་གསལ་བ་ལྟ་བུར་སྣང་། དུས་ཚོད་འདི་དང་གླགས་འབྲེལ་ནས་ས་གནས་སོ་སོའི་རིག་རྫས་སྲུང་སྐྱོབ་སྡེ་ཁག་རྣམས་ཀྱིས་མྱུར་སྐྱོབ་དང་དོ་དམ་གང་ལེགས་བྱེད་པའི་འགན་ཅི་ལྕོགས་སུ་འབད་བཞིན་ཡོད་ཅིང་། ལང་ཇུའི་ཡུལ་གྱི་བོད་བཙན་པོའི་སྐབས་བོད་འདུས་སྡེ་སྤྱི་དང་རྒྱ་སོག་མི་ཉག་གི་དད་ལྡན་ཡོངས་ཀྱིས་ནང་བསྟན་རིག་གནས་འདི་གལ་ཆེར་བཟུང་བའི་བཀའ་དྲིན་གྱིས་ད་ལྟ་ཡང་བོད་བྲིས་མ་མང་པོ་བཞུགས་ཡོད་པ་འདི། ཉིན་འགའི་བརྩོན་སྟོབས་ཀྱི་འབྲས་བུ་ཙམ་མ་ཡིན་པར་ཉིན་ནས་ཉིན། ཟླ་ནས་ཟླ། ལོ་ནས་ལོ་སྦྲེལ་ཏེ་བཞེངས་པའི་རིག་རྫས་རིན་ཐང་བྲལ་བ་ཞིག་ཏུ་འཁུམས། ཡིན་ཡང་ད་ལྟ་ས་དེར་མཚོན་ན་བོད་ཡིག་ཤེས་མཁན་ཤིན་ཏུ་ཉུང་བའི་སྟབས་ཀྱིས། བོད་ཀྱི་གཏམ་དཔེ་ལ། རྡོ་རྗེ་གོ་ཁ་ལྷུང་ན་བུ་ཆུང་གི་རྩེད་ཆས། ཞེས་པ་དང་གཉིས་སུ་མེད་སྟབས་སྔོན་གྱི་ལོ་རྒྱུས་རྙིང་བ་བྲག་དགོན་བསྟན་པ་རབ་རྒྱས་ཀྱི་གསུང་མདོ་སྨད་ཆོས་འབྱུང་དང་། དཔའ་རིས་སྔོ་ཁོ་ངག་དབང་ལེགས་བཤད་ཉི་མའི་དངོས་སློབ་མ་ཎི་ཞབས་དྲུང་གི་གསུང་ལང་ཇུས་སྡེ་བཞིའི་རྟེན་རྣམས་ཀྱི་དཀར་ཆགརྒྱལ་བ་ཚངས་དབྱངས་པའི་གསུང་དུ་གྲགས་པའི་ཏཱི་ཐུང་རྡོ་རྗེ་འཆང་གི་དཀར་ཆགཤིང་བཟའ་པཎྚི་ཏའི་སྤྲུལ་སྐུ་བློ་བཟང་བསྟན་པའི་དབང་ཕྱུག་གིས་མཛད་པའི་ཏཱི་ཐུང་བྲག་དགོན་གྱི་དཀར་ཆགམཁས་དབང་དོར་ཞི་ཚང་གི་སྡེ་བཞིའི་དཀར་ཆག་གི་ཟུར་རྒྱན་སོགས་དང་། ཁྱད་པར་དུ་དངོས་བཞུགས་བོད་བྲིས་གླེགས་བམ་སོ་སོ་དང་དེ་དག་གི་མཇུག་བྱང་དུ་བཀོད་པའི་བཞེངས་པ་པོའི་གནས་ཚུལ་སོགས་ལ་གཞི་བྱས། སྐབས་དོན་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་འབྲེལ་ཏེ་ཀན་སུའུ་ཞིང་ཆེན་བོའུ་ཝེ་གྲོང་ཁྱེར་གྱི་སྲིད་གཞུང་དང་། རིག་གནས་ཅུའུ། གནའ་རྫས་སྲུང་སྐྱོབ་ཁང་སོགས་ཀྱི་རེ་དོན་ལ་ཁ་གསལ་གྱི་ངོ་སྤྲོད་དང་འབྲེལ་ནམ་བཞེངས་ལོ་ཚིགས་ལ་དཔྱད་པར་ཆས་སོ། །
དང་པོ། ནམ་བཞེངས་དང་འབྲེལ་ཡོད་ཀྱི་བོད་ཀྱི་རྒྱལ་རབས་འགའི་ལོ་ཚིགས།
དེ་ཡང་གནམ་ན་ཉི་ཟླ་སྐར་གསུམ། ས་ན་མེས་དབོན་རྣམ་གསུམ་ཞེས་སུ་གྲགས་པ་ལས་མེས་ཨག་ཚོམ་གྱི་སྲས་བཙན་པོ་ཁྲི་སྲོང་ལྡེ་བཙན་ཕོ་བྲང་བྲག་དམར་དུ་སྤྱི་ལོ་790ལྕགས་རྟའི་ལོར་སྐུ་བལྟམས། དགུང་ལོ་བཅུ་གསུམ་ཆུ་རྟ་ལ་ཡབ་འདས་ནས་ཆབ་སྲིད་ཕྱག་ཏུ་བཞེས་དགོས་པ་བྱུང་། སྐུ་ཚེ་སྟོད་ལ་བློན་ཆེན་པོ་མཆིམས་ཁྲི་ཐོག་རྗེ་ཐང་ལ་འབར་དང་། ཅོག་རོ་སྐྱེས་བཟང་རྒྱལ་གོང་གིས་བློན་པོ་བྱས། དགུང་ལོ་ཉི་ཤུ་པའི་གླང་གི་ལོ་ལ་ཆོས་མཛད་ཀྱི་དགོངས་པ་འཁྲུངས། རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པད་མ་འབྱུང་གནས་རྣམ་པ་གཉིས་སྤྱན་དྲངས། བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་བསམ་གྱིས་མི་ཁྱབ་པ་བཞེངས། བསམ་ཡས་སུ་སྒྲ་བསྒྱུར་གླིང་བཙུགས་ནས་ལོ་ཙཱ་བ་བཻ་རོ་ཙ་ན་དང་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ། རྨ་རིན་ཆེན་མཆོག་སོགས་ཀྱིས་ཆོས་དཔག་ཏུ་མེད་པ་བསྒྱུར། སྤྱི་ལོ་824ཤིང་འབྲུག་ཙམ་ལ་ཕོ་བྲང་ལྡན་དཀར་དུ་ནང་པའི་ཆོས་གཞུང་བསྒྱུར་བ་དང་བརྩམས་པའི་རིགས་དཀར་ཆག་ཏུ་བཏབ་པའི་ཚེ་ཡང་བཀའ་བསྟན་བསྡོམས་བདུན་བརྒྱ་ཉི་ཤུ་རྩ་དགུ་དང་། ཞུ་ཆེན་མ་བགྱིས་པ་གཉིས། བསྟན་བཅོས་བསྒྱུར་འཕྲོར་ལུས་པ་དགུ་བཅས་ཀྱི་མཚན་ཐོ་བྱུང་ངོ་། །
ཁྲི་སྲོང་ལྡེ་བཙན་ལ་སྲས་མུ་ནེ་བཙན་པོ་དང་མུ་ཏིག་བཙན་པོ། གཅུང་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་དང་གསུམ་འཁྲུངས་པར་རྗེ་བཙུན་གྲགས་རྒྱམ་པས། ཁྲི་སྲོང་ལྡེ་བཙན་དེས་བཙུན་མོ་བཞེས་པའི་ཚེ་སྤོང་བཟའ་རྨ་རྒྱལ་མཚོ་སྐར་ལ་སྲས་བཞི་འཁྲུངས་ཏེ། ①ཞེས་གསུངས་པ་ལྟར་སད་ན་ལེགས་མཇིང་ཡོན་སྤྱི་ལོ་824ཤིང་འབྲུག་གི་ལོར་ཕོ་བྲང་བྲག་དམར་དུ་སྐུ་བལྟམས། དགུང་ལོ་ཉེར་གཉིས་པ་ཤིང་གླང་ལ་ཡབ་གཤེགས་ནས་ཆབ་སྲིད་ལོ་ཉེར་ལྔ་བཟུང་། འབྲོ་ཁྲི་བཟུང་ངམ་ཤག་སོགས་ཀྱིས་བློན་པོ་བྱས། རྒྱལ་པོ་འདིའི་སྐུ་དུས་སུ་ལོ་ཙཱ་བ་འཁོན་ཀླུའི་དབང་བོ་དང་རྨ་རིན་ཆེན་མཆོག་ལ་སོགས་ཀྱིས་ཆོས་མང་དུ་བསྒྱུར། ②ཀུན་མཁྱེན་བུས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ལོ་ཙཱ་བ་སད་མི་མི་བདུན་བྱོན་གསུངས་པའི་གྲས་སུ་ལོ་ཆེན་འདི་གཉིས་ཀྱང་སྣང་། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་བརྩམས་པའི་བསྟན་རྩིས་ཀུན་བཏུས་ལས། སྤྱི་ལོ་862པ་ཆུ་རྟ་དང་། ཡང་ན་སྤྱི་ལོ་874 པའི་ཤིང་རྟ་གང་རུང་ལ་སྒྲ་སྦྱོར་བམ་གཉིས་བརྩམས། ③ཞེས་གསལ་ཞིང་། སྤྱི་ལོ་845ཤིང་གླང་ལ་ཁྲི་སྲོང་ལྡེ་བཙན་འདས་ཞེས་གསལ་བས་སྐད་གསར་བཅད་དང་པོ་རྒྱལ་པོ་འདིའི་སྐུ་རིང་ལ་བྱས་སོ།།
ཁྲི་གཙུག་ལྡེ་བཙན་རལ་བ་ཅན་ནི་སྤྱི་ལོ་866པའི་མེ་ཁྱི་ལོ་ལ་ཕོ་བྲང་འོན་ཅང་རྡོར་སྐུ་བལྟམས། ཁོང་དགུང་གྲངས་བཅུ་གཉིས་སུ་ཕེབས་པའི་མེ་བྱ་ལོ་ལ་ཡབ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གཤེགས་པས་ཆབ་སྲིད་ཕྱག་ཏུ་བཞེས། བློན་ཆེན་པོ་ཞང་ཁྲི་སུམ་རྗེ་དང་ཞང་ལྷ་བཟང་། བྲན་ཀ་དཔལ་ཡོན་སོགས་ཀྱིས་བློན་པོ་བྱས། སྐུ་ཚེའི་སྟོད་ལ་མཐའ་མཚམས་ཀྱི་དགྲ་འདུལ་བའི་སླད་དམག་འཐབ་བྱས། ཕྱི་ཡི་སོ་སྡེ་གསུམ་ཞེས་པ་དང་འཐབ་པས་དགྲ་བོས་དམག་ས་མ་ཟིན་པ་དང་། དགྲ་ཕྱོགས་ནས་བར་འདུམ་བྱེད་རྒྱུའི་གྲོས་འགོ་བཏོན། སྤྱི་ལོ་866པའི་མེ་རྟ་ཙམ་ལ་མདོ་ཁམས་ཀྱི་དབྱར་མོ་ཐང་དུ་དགུན་གྱི་ཟླ་གསུམ་རིང་ཕན་ཚུན་ས་མཚམས་སྐོར་གྱི་གྲོས་མོལ་གནང་། ས་མཚམས་སུ་རྡོ་རིངས་བསླངས་ནས་ཆིངས་ཡིག་ཆེན་མོ་བཞགདབྱར་མོ་ཐང་དུ་གཙུག་ལག་ཁང་བཞེངས་ནས་ཆོས་ཀྱི་བྱེད་སྒོ་སྤེལ། རྒྱལ་བློན་རྣམས་ཀྱིས་དམག་ཆེན་བྱས་པའི་སྐབས་མི་བསད་ཁྲག་སྦྱོར་གྱི་སྡིག་ལས་མང་དུ་བྱས་པ་ལ་བཤགས་སྡོམ་གནང་། བོད་དང་རྒྱ་དང་འཇང་ལ་སོགས་ལྷན་བཞག་པའི་ཆིངས་ཡིག་དེ་ཡུན་དུ་བརྟན་པའི་སྨོན་ལམ་ཡང་བྱས། བཙན་པོའི་དབུ་རྨོག་བཙན་པ་དང་བློན་གྱི་འཕྲུལ་མཛངས་ཕུལ་དུ་བྱུང་བའི་བདག་རྐྱེན་ལས་དུས་འདི་ཙམ་ན་འཛམ་གླིང་སུམ་གཉིས་དབང་དུ་བསྡུས་པའི་ལོ་རྒྱུས་ཀྱི་སྙན་གྲགས་ཡོངས་སུ་ཁྱབ་པ་སོགས་ལྡེའུ་ཆོས་འབྱུང་དུའང་འདི་དང་མཐུན་པར་གསུངས་སོ། ། ④ཚལ་པའི་དེབ་དམར་དུ། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཛྙ་ཤྲི་ཝརྨ་དང་། རཏྣནྡྲ་ཤཱི་ལ་ལ་སོགས་པས་ཆོས་རྣམས་ལ་ཞུ་དག་དཀའ་སྤྱད་བྱས། ⑤ཞེས་འབྱུང་།
ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ཅེས་པ་འདི་བརྒྱ་ཕྲག་བཅུ་གཉིས་པའི་ནང་བརྩམས་པར་གྲགས་ལ། ལོ་རྒྱུས་བྱིངས་ལ་ཡང་བོད་རྩོམ་གྱི་འགྲོས་ཤུར་རེ་འདུག་པས་ཆོས་འབྱུང་སྔ་གྲས་ཤིག་ཡིན་པ་གོར་མ་ཆག དེར་ཁྲི་རལ་པ་ཅན་གྱི་དུས་སུ་སྐད་གསར་བཅད་ཀྱི་རིམ་པ་ཞིག་གསལ་བ་ནི། ཁོང་གིས་བོད་དུ་འགྱུར་བའི་ཆོས་ལ་གཟིགས་ཞིབ་གནང་སྐབས་སུ་རྒྱ་གར་དང་རྒྱ་ནགབལ་པོ། ཨུ་རྒྱན་བཅས་ཀྱི་སྐད་རིགས་སྣ་ཚོགས་མཐོང་བ་དང་། ཐུགས་དགོངས་ལ་མེས་ཀྱི་ཆོས་སྐད་སྣ་ཚོགས་སུ་འདུག་པ་འདི་སློབ་མི་བདེ་ཞིང་། སངས་རྒྱས་རྒྱ་གར་དུ་བྱོན་ནས་ཆོས་རྒྱ་གར་སྐད་དུ་གསུངས་པ་ཡིན་པས། སྐད་གཞན་རྣམས་བསྒྱུར་ནས་རྒྱ་གར་གྱི་སྐད་ཡུགས་ཅིག་ཏུ་བསྒྱུར་བར་བྱེད་ཅེས་བཀའ་བསྩལ་ནས་བོད་ཕྲུག་བློ་རྣོ་བ་སུམ་ཅུ་རྒྱ་གར་དུ་ལོ་ཙཱ་སློབ་ཏུ་བཏང་ཡང་སྒྲ་མ་ཤེས་ཤིང་། ལ་ལ་ཚད་པས་གུམ་སྟེ་དོན་མ་འགྲུབ་པར་བརྟེན། དེ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ལ་བྱོན་པ་འབྲོ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་གྱི་ཡེ་ཤེས་སྡེ་གསུམ་ལ་བཀའ་བསྩལ་ནས་འགྱུར་སྐྱོན་ཐམས་ཅད་བསལ་ཏེ། མ་འགྱུར་བ་དང་མ་གྲགས་པ་གཉིས། འགྱུར་ཆད་པ་དང་ལྷག་པ་གཉིས། འགྱུར་ལོག་དང་འགྱུར་འཁྲུགས་པ་གཉིས། འགྱུར་དམན་དང་འགྱུར་གཅོང་གཉིས་ཏེ། འགྱུར་སྐྱོན་བརྒྱད་ཀྱི་ཆ་ཅུང་ཟད་ཀྱང་མེད་པར་བྱས་ནས་འགྱུར་ཐམས་ཅད་དག་པར་བྱས། རྒྱ་གར་ཉི་འོག་གི་མཁན་པོ་ཨ་ཙཱརྱ་དང་། ཁ་ཆེའི་པཎ་ཌི་ཏ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོདྷི། དྷཱ་ན་ཤི་ལ་བཞིས་གཏན་ལ་ཕབ་ནས། སྔར་གྱི་བསྒྱུར་བ་རྣམས་ནི་མི་ཉམས་པར་བྱ་བ་དང་། ཕྱིས་འགྱུར་སློབ་པ་རྣམས་ལ་ཕན་པའི་ཡན་ལག་ཏུ། རྟ་ཆེ་ཆུང་དང་། བཀའ་བཅད་དང་། དཀར་ཆག་གི་ཡི་གེ་གསུམ་ཡང་མཛད་དོ། ། ལོ་པཎ་བགྲེས་པོ་དེ་རྣམས་ལ་སྒྲ་བསྒྱུར་རྒྱ་གར་གྱི་གླིང་དུ་ཆ་རྐྱེན་བླ་ནས་སྦྱར་ཏེ། མེས་ཀྱི་ལྷ་ཁང་ན་བཞུགས་པ་དང་། ⑥ཞེས་འབྱུང་བས། བཀའ་བསྟན་སྐོར་ཅིག་ལ་འགྱུར་བཅོས་གནང་བའི་སྐོར་ཤིན་ཏུ་གསལ། མཐར་དགུང་ལོ་སོ་དྲུག་ལ་ཕེབས་པའི་ལྕགས་མོ་བྱ་སྟེ་སྤྱི་ལོ་901 ལ་གཤེགས་སོ། ། ས་སྐྱའི་བཀའ་འབུམ་ལས། ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ཞེས་པ། ། མེ་ཕོ་ཁྱི་ལ་འོ་ཅང་དེའུར་བལྟམས། ། གསུམ་གྱི་གཅུང་པོ་ཡོན་ཏན་ལྡན་པ་འདི། ། བཅུ་གཉིས་ལོན་ནས་ཡབ་འདས་རྒྱལ་སར་བཏོན། ། ཉི་ཤུ་རྩ་བཞི་རྒྱལ་ས་བཟུང་བ་ལ། ། ལྕགས་བྱ་སུམ་ཅུ་རྩ་དྲུག་འདས་སོ་སྐད། ⑦ཅེས་གསུངས་པས་རྒྱལ་པོ་འདིའི་སྐུ་རིང་ལ་སྐད་གསར་བཅད་གཉིས་པ་བྱས་པ་ཡིན་ནོ། །
ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་དུས་སུ་སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག་བཀྲམས་ནས་སྤྱོད་པ་མ་དག་པ་དང་འགྱུར་ལོག་པ་རྣམས་དག་པར་བཅོས་ཏེ་སྐད་གསར་བཅད་གསུམ་པ་བྱས་པའི་ལོ་རྒྱུས་འོག་ཏུ་གསལ། ལོ་རྒྱུས་ཀྱི་ཕྲེང་བ་རྣམས་གོང་བསྒྲིགས་ནས་བརྩིས་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲིད་བཟུང་བ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བརྩེ་བའི་ལོ་ཆེན་རིན་བཟང་སྐུ་འདས་རེག་བར་གྱི་ལོ་ཚིགས་ཀྱི་དབང་དུ་བྱས་ན་སྤྱི་ལོ་803-སྤྱི་ལོ་1055བར་ལ་འཁེལ་ཞིང་། བར་གྱི་ལོ་ངོ་ཉིས་རྒྱ་(བརྒྱ་)དང་ང་གཉིས་ཀྱི་རིང་བོད་ཀྱི་ཆབ་དཔལ་རིག་གསུམ་འཛམ་གླིང་ཁྱོན་ན་གླེང་བའི་ཕྱག་རྗེས་བླ་ན་མཐོ་བ་མཛད་དོ། ། དེའི་རིང་བོད་ཀྱི་ཡི་གེ་འབྲི་ཀློག་མི་བདེ་བའི་བརྡ་རྙིང་བ་རྣམས་དོར་ཏེ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པར་གོང་གི་རྒྱལ་པོ་རིམ་བྱོན་གྱི་ཕྱག་རྗེས་ལས་རྣམ་གསལ་དུ་ངེས་ཤིང་། དེ་ལྟར་ན་གནའ་དཔེ་འདི་དག་ཀྱང་སྐད་གསར་བཅད་ཐེངས་གསུམ་པ་མ་བྱས་པའི་སྔོན་དུ་འཁེལ་བ་བོད་བྲིས་མའི་གཞུང་དངོས་དང་། མཇུག་བྱང་གི་ཡི་གེ་རྙིང་པ་དག་ལས་གསལ་པོར་མཚོན་ནུས་སོ། །
གཉིས་པ། གླེགས་བམ་དེ་དག་ནམ་བཞེངས་ཀྱི་ལོ་ཚིགས།
གནའ་དཔེ་བོད་བྲིས་མ་འདི་རྣམས་བཞུགས་སའི་ཡུལ་འདི་ལ་ལང་ཇུའམ་ལང་གྲུ་སྡེ་བཞི་ཞེས་པའི་སའི་ཆ། སྔོན་རྒྱའི་ཧན་ཆེན་པོའི་རིང་ལ་འགུ་ཚང་ཟེར་བས་རྒྱ་ཡིག་ཏུ་ཀོའུ་ཙང་(姑藏)ཞེས་ཟེར་ཞིང་། འགུ་ཚང་ཟེར་དོན་ཡང་སྔོན་ས་དེར་འགུ་ཚང་ཟེར་བའི་བོད་ཀྱི་ཚོ་སྡེ་ཆེན་པོ་ཞིག་ཡོད་པས་སྡེ་མིང་ཡུལ་ལ་ཐོག་པར་མངོན་ཏེ། ས་དེའི་མིའི་མིང་ཟུར་ལའང་འགུ་ཆོས་རྗེ། འགུ་ཞབས་དྲུང་། འགུ་ལྷ་རམས་པ་སོགས་མང་དུ་འདུག་པ་མདོ་སྨད་ཆོས་འབྱུང་⑧ལས་གསལ། དཔེ་རྙིང་དག་གི་མཇུག་བྱང་དུའང་འགུ་ཟ་གཟུངས་མ་རྒྱ། འགུ་ཕྱུག་བུ་རྒྱ་⑨ཞེས་སོགས་མིང་ཟུར་འགུ་འདིས་རྒྱན་པ་མང་དུ་མཐོང་ངོ་། ། ལང་ཇུའི་ཡུལ་དེ་གནའ་དུས་བོད་ས་ཡིན་པས་ཧན་ནུབ་མའི་ལོ་རྒྱུས་ཡིག་ཚང་དུའང་ལང་ཇུའི་ཁར་(མཁར)གྱི་ཕྱི་རོལ་ལེ་དབར་སྟོང་ལྷག་གི་ས་ཆར་བོད་མི་ཤ་སྟག་གནས་པ་དང་། ཐང་རྒྱལ་རབས་ཀྱི་མཇུག་ཙམ་ལ་དཔའ་རིས་པ་འཕན་བློ་གྲོས་(潘罗支) ཕ་བུས་ལང་ཇུའི་ཕྱོགས་ཀྱི་དམག་སྲིད་ཟུང་གི་ཡུལ་དཔོན་ལོ་མང་པོར་བྱས་པ་དང་། དེའི་རྗེས་མི་ཉག་གིས་བཟུང་ཞིང་དེ་ནས་ཇིང་གིར་རྒྱལ་པོས་མི་ཉག་བཅོམ་སྟེ་ཡོན་གྱི་རིང་ཧོར་གྱིས་བཟུང་། མིང་རྒྱལ་རབས་ཀྱི་སྐབས་རྒྱ་དམག་གིས་ཧོར་བདས་བས་མཁར་དེར་ས་སྲུང་རྒྱ་དམག་ལྔ་བརྒྱ་ཙམ་གཞི་བྱས་ནས་རྒྱ་རྒྱུད་བྱུང་ཚུལ་དང་། འགུ་ཚང་གི་ཚོ་རྒྱུད་དེ་མན་ཆིན་རྒྱལ་རབས་ཀྱི་མཇུག་བར་དུ་ལང་ཇུའི་ལྷོ་བྱང་གི་རི་རྒྱུད་དུ་གནས་པར་སྡེ་བཞིའི་དཀར་ཆག་གི་ཟུར་རྒྱན་ལས་⑩གསུངས་པ་དང་། དུམ་པ་ཨ་པའི་མཇུག་བྱང་དུའང་། འཛམ་གླིང་ཡུལ་དབུས་རྒྱ་གར་རྡོ་རྗེ་གདན། ། སངས་རྒྱས་བསྟན་པ་དར་བ་བོད་ཀྱི་ཡུལ། ། ཡུལ་ལ་མཚན་གསོལ་ལིང་ཅིའུ་གསེར་མོ་ལྗོངས། ། གནས་ལ་མཚན་མཆོག་སྡེ་ཆེན་བཞི་རྣམ་སྭོགས། ། ⑪ཞེས་འབྱུང་བ་སོགས་ལ་གཞིགས་ནའང་སྔོན་ཡུལ་འདི་དག་བོད་ས་ཞིག་ཡིན་པ་ཞུ་མ་དགོས་པ་ཞིག་རེད་ལ། ས་འདིར་ལིང་ཅིའུ་གསེར་མོ་ལྗོངས་ཞེས་སུ་འབོད་པའང་ད་ལྟ་ཐོས་འཛིན་སྟོང་བའི་དབྱངས་ལས་མེད་དོ།།
དེས་ན་བོད་བྲིས་མ་འདི་དག་དུས་ཚོད་ནམ་ཞིག་ལ་བཞེངས་པ་ཡིན་ཟེར་ན་དཔྱད་པར་བྱ་བ་འདི་སྣང་སྟེ། སྔོན་བོད་ཀྱི་ཡི་གེ་འདི་ལ་སྐད་གསར་བཅད་མ་བྱས་པའི་སྔོན་དུ་དེའ་ལའ་ནིའ་ཞེས་པ་ལྟ་བུ་འ་ཡིག་མཐའ་རྟེན་སྦྱར་བ་ནི་སུམ་རྟགས་ཀྱི་དགོངས་པ་ཡིན་པར་སྐྱོགས་ལོ་ཙཱ་བའི་ལི་ཤིའི་གུར་ཁང་དུ་གསལ་ལ། ཕྱིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་དུས་སུ། རྐྱང་བ་ཕུལ་ལ་འ་མཐའ་དགོས། ། བརྩེགས་པ་བུ་དྲུག་ཅན་ལ་སྤང་། ། ཞེས་རྔོག་ལོ་ཙཱ་བའི་དག་ཡིག་བསྡུས་པར་གསུངས་པ་བཞིན་ཡིན་པས་མགོ་ཅན་གསུམ་དང་ལྡན་པའི་བརྩེགས་པ་དང་། དེས་མཚོན་པའི་ལ་བཏགས་ཝ་བཏགས་དང་། དབྱངས་དྲུག་དང་ར་སྟ་ཡ་སྟ་སྟེ་བུ་དྲུག་ཅན་གྱི་མཐར་འ་མཐའ་མི་དགོས་པར་མཛད་དོ།།
བོད་བྲིས་མ་རང་ལས་སྐད་གསར་བཅད་སྐབས་བཅོས་ཟིན་པའི་ཡི་གེ་རྙིང་པ་མང་དུ་མཐོང་སྟེ། ཡིན་པ་ལ་ཡིན་པའ་དང་། གྱུར་པ་ལ་གྱུར་པའ། བཅོ་ལྔ་ལ་བཅྭོ་ལྔ། ལ་སོགས་ལ་ལ་སྭོགས། ལེགས་སོ་ལ་ལེགསྷོ། ཞལ་དྲོ་ལ་ཞལ་དྲོལ། ། ཡང་སོགས་ལ་སྩྭོགས་དང་། ཐེ་ཚོམ་ལ་ཐེ་ཙོམ། མིང་ལ་མྱིང་། མི་ལ་མྱི་སོགས་བྲིས་ཡོད། འདི་ལྟར་ན་སྐད་གསར་བཅད་གསུམ་པ་མ་བྱས་པ་ཡན་གྱི་འབྲི་སྲོལ་ཡིན་པ་ཞུ་མ་དགོས་པའི་དཔྱད་བབ་ཅིག་ཡིན་པས། ཁྲི་སྲོང་ལྡེ་བཙན་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བར་འདོད་དགོས། ལོ་རྒྱུས་ཀྱི་བབ་དང་གནས་ལུགས་ཀྱི་ཁ་ཐོད་གཏུགས་ན་འདོད་ཚུལ་འདི་བདེན་པར་མཐོང་སྟེ། སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་སྤྱི་ལོ་1186ཙམ་ལ་མཛད་པའི་བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་དུ། བཀས་བཅད་དང་པོ་བཙན་པོ་ཁྲི་སྲོང་གི་དུས་སུ་མཛད་པ་དང་། བཀས་བཅད་གཉིས་པ་ཁྲི་རལ་བ་ཅན་གྱི་སྐུ་དུས་སུ་མཛད་སྐོར་ཞིག་གསལ་ཏེ། དེ་ཉིད་ལས། ཐུ་མི་ས་འབོ་ར་དང་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི། དང་པོའི་བཀས་བཅད་ཀྱིས་བསྒྱུར་བ། ཞེས་གསུངས་ནས་སངས་རྒྱས་ཕལ་པོ་ཆེ་དང་། ལུང་སྡེ་བཞི་སོགས་ཀྱི་མདོ་ཁག་ཅིག་དེའི་དཔེ་མཚོན་དུ་བཀོད་ཅིང་། དེ་ཡང་སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པའི་རིགས་ཏེ། གང་ལ་གག་དང་། ཤིན་ཏུའམ་རབ་ཏུ་ཏེ་པོར་སོགས་ཀྱི་བརྡ་གསར་རྙིང་གི་བར་ཁྱད་སྐོར་ཞིག་བཀོད་འདུགབཀས་བཅད་དམ་སྐད་གསར་བཅད་གཉིས་པའི་སྐབས་སུ་ཡང་དང་པོ་དང་འདྲ་བར་བཤད་འདུག་སྟེ། དེ་ཡང་དེ་ཉིད་ལས། གཉིས་པ་སྐད་གསར་བཅད་ལ་ནི་དེ་དག་གི་ཟླས་དྲངས་པའི་ཇི་སྐད་བཤད་པ་རྣམས་དང་། གཞན་ཡང་གསུང་རབ་ལ་གྲགས་པའི་མིང་ཕལ་ཆེ་བ་རྣམས་སོ། ། ཞེས་འབྱུང་ངོ་། ། དེ་ཡང་སྡུམ་པ་ཞེས་པའི་བརྡ་རྙིང་གི་ཚབ་ཏུ་ཁྱིམ་སོགས་སུ་བཅོས་ཤིང་གཏན་ལ་ཕབ་ལྟ་བུའི་དགོངས་དོན་ཡིན་འདུག་ཅིང་། གཏན་འབེབས་འདི་གཉིས་ཀ་ཡང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ལ་སོགས་པས་མཛད་པར་གྲགས་སོ། །
བཀས་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་ལོ་ཆེན་རིན་ཆེན་བཟང་པོ་ནས་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་བར་གྱི་ལོ་ཙཱ་བ་དག་གིས་བྱས་པར་གྲགས་ཤིང་། དེ་དག་གི་སྐབས་སུ་གཉི་ཟླ་ལ་ཉི་ཟླ་སོགས་སུ་བཅོས་པར་གསལ་ལོ། ། དེ་ཡང་བསྟན་འགྱུར་ཁྲོད་དུ་བཀས་བཅད་སྐོར་གྱི་བསྟན་བཅོས་རྙེད་དུ་ཡོད་པ་ནི། བྱེ་བྲག་རྟོགས་བྱེད་དང་། སྒྲ་སྦྱོར་བམ་གཉིས་དག་ཡིན་ལ། བྱེ་བྲག་རྟོགས་བྱེད་དུ་གྲགས་པ་འདི་ནི་སྐད་གཉིས་ཤན་སྦྱར་དུ་བཀོད་པའི་དེང་གི་ཚིག་མཛོད་ལྟ་བུ་ཞིག་འདུག བོད་ཀྱི་ལོ་རྒྱུས་སྟེང་གི་ཚིག་མཛོད་ཀྱི་ཐོག་མ་འདི་ཡིན་ཞེ་ནའང་མི་མཐུན་པ་མེད་དོ། ། དེ་ཡང་དཔེར་ན། བུད་དྷཿལ་སངས་རྒྱས་ཞེས་རྒྱ་གར་སྐད་ཀྱི་མིང་ཚིག་ཁག་བོད་སྐད་དུ་བསྒྱུར་ནས་གཏན་ལ་ཕབ་ཡོད་དོ། །
སྒྲ་སྦྱོར་བམ་གཉིས་སུའང་བཀས་བཅད་ཇི་ལྟར་གནང་བའི་ཚུལ་ཅུང་གསལ་བས་འདིར་དྲངས་ན། རྟ་ཡི་ལོ་ལ་བཙད་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་གིའི་འོན་ཅང་རྡོ་ན་བཞུགས། ཞེས་པ་ནས། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་སྩལ་ཏེ། བསྒྱུར་དུ་བཅུག་པ་མ་གཏོགས། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་རུང་ངོ་། ། ⑫ཞེས་པའི་བར་བཀའ་སྩལ་བའི་ཡི་གེར་སྐད་གསར་བཅད་མཛད་སྐབས་ཅི་ཞིག་བྱ་དགོས་པའི་རིམ་པ་ཤིན་ཏུ་གསལ་ཞིང་། མཇུག་བྱང་དུ་ཡང་སྒྲ་སྦྱོར་བམ་པོ་གཉིས་པ་འདི་བཞིན་རྒྱ་གར་གྱི་མཁན་པོ་དང་། རྗེ་བློན་མོལ་ནས་རེག་ཟིད་དུ་མཛད་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཀས་བཅད་པའི་སྐོར་གསལ་ལོ། ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་དུས་སུ་སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག་བཀྲམས་ནས་སྤྱོད་པ་མ་དག་པ་དང་འགྱུར་ལོག་པ་རྣམས་དག་པར་བཅོས་པའི་ཚུལ་གནད་མཚོན་ཙམ་ཨ་མེ་རི་ཁའི་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་མཁས་པ་རབ་གསལ་ལགས་ཀྱི་བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་དུ་དྲངས་པ་ལྟར་ན། སྔོན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིས། ། ཞེས་པ་ནས། ཁྱི་དང་ཕག་པ་བས་ནི་གཙང་བཙོག་ཆུང་། ། ⑬ཞེས་པའི་བར་དུའང་བོད་འདིའི་རིག་གནས་ཀྱི་འགལ་རྐྱེན་གཙིགས་སུ་བྱས་ནས་བཀའ་ཆེན་པོ་ཕབ་ནའང་མ་ཉན་པས་ཇོ་བོ་རྗེ་བོད་དུ་ཞུ་དགོས་པའི་དགོངས་འདུན་འཁྲུངས་པ་ཡིན་ནོ། །
གནའ་དཔེ་ལག་བྲིས་མ་འདི་དག་ལས་མང་པོ་ཞིག་ལ་མཇུག་བྱང་དུ་ལོ་ཙཱ་བ་དང་པཎྜི་ཏའི་མཚན་མ་གཏོགས་ནམ་བཞེངས་ཀྱི་ལོ་ཚིགས་བཀོད་མེད་ཅིང་། ལྷག་ཏུ་སྔོན་གྱི་བརྡ་རྙིང་པ་མ་བཅོས་པར་ཡོད་པ་རྣམས་ཡིན། འདི་སྐབས་སྦྱིན་བདག་གི་མིང་དང་ལོ་ཚིགས་འགོད་པའི་སྲོལ་ཡང་དམིགས་གསལ་(བསལ་)མ་གཏོགས་ཡོད་ཚོད་མི་འདུག་སྙམ།
དེ་ལྟར་ན་ཁྲི་སྲོང་ལྡེ་བཙན་དགོངས་ལོ་བཅུ་གསུམ་སྟེང་རྒྱལ་སྲིད་བཟུང་བ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བརྩེ་བའི་ལོ་ཆེན་རིན་བཟང་སྐུ་འདས་རེག་བར་གྱི་ལོ་ཚིགས་ཀྱི་དབང་དུ་བྱས་ན་སྤྱི་ལོ་803—སྤྱི་ལོ་1055བར་ལ་འཁེལ་ཞིང་། བར་གྱི་ལོ་ངོ་ཉིས་བརྒྱ་དང་ང་གཉིས་ཀྱི་རིང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་ནས་ཡི་གེ་རྙིང་པ་དེ་རིགས་ཀྱང་མཐོང་ཡུལ་དུ་མ་གྱུར་པ་ལ་དཔྱད་ན་སྐད་གསར་བཅད་གཉིས་པའི་ཚུན་དང་། གསུམ་པ་མ་བྱས་པའི་སྐབས་སུ་བཞེངས་པར་འདོད་དགོས་པ་ཉིད་དུ་མཐོང་ངོ་། །
གཞན་ཡང་གླེགས་བམ་དེ་དག་ལས་འགའ་ཞིག་གི་ལོ་ཚིགས་ཤིན་ཏུ་གསལ་ཞིང་། གོང་སྨྲས་ཀྱི་སྐད་གསར་བཅད་སྐབས་བཅོས་པའི་ཡི་གེ་རྙིང་པ་ཡང་མཐོང་རྒྱུ་མང་པོ་མི་འདུག་ལ། མཇུག་བྱང་རྣམས་ཀྱང་ད་ལྟའི་ཁ་སྐད་ཀྱི་རྣམ་པ་ཅུང་ལྡན་པས་བཞེངས་དུས་ཀྱང་སྔ་མ་དག་ལས་ཅུང་འཕྱི་སྟེ། དཔེར་ན། གསེར་བྲིས་ཀ་དུམ་པ་འཕགས་པ་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོའི་མཇུག་བྱང་དུ། ༄༅། ། ཏའི་མིང་ལྦེན་ལི་ལོ་ཉི་ཤུ་རྩ་ལྔ་ཟླ་བ་དགུ་པའི་ཚེས་པ་དྲུག་གི་ཉིན་པར་བཀའ་འགྱུར་ལྷ་ཁང་ནང་ན་ལེགས་པར་འགྲུབ་བོ། ། དགེའོ། ། ⑭ཞེས་དང་། སྣག་བྲིས་ཨ་དུམ་ཤོག་སྡེབ་བཅོ་ལྔ་ཅན་ཞིག་གི་མཇུག་བྱང་དུ། ཏའི་མིང་ཝན་ལི་རྒྱལ་པོ་གོང་ལོ་བཞི་བཅུ་རྩ་དྲུག་གི་ལོ་ཟླ་བ་ལྔ་བའི་ཉི་ཤུ་གཅིག་ལ་གཞིག་བཟུང་ལི་ཡིན་ཟླ་བ་དྲུག་པའི་ཚེ་བརྒྱད་ལ་ལེགས་པར་འགྲུབ་པའོ། ། ⑮ཞེས་དང་། དུང་བྲིས་ཨ་དུམ་མཇུག་བྱང་ཤོག་སྡེབ་བཅུ་ཅན་ཞིག་ཏུ། མཱི་ཝང་རྒྱལ་པོ་ལོ་ནི་ལུག་ལོ་ལ་རྒུན་ཟླ་ར་བའི་ཚེ་གཉི་ལ་ལེགས་པར་འགྲུབ་པའོ། ། ⑯ཞེས་དང་། དངུལ་བྲིས་ཨ་དུམ་མཇུག་བྱང་ཤོག་སྡེབ་གསུམ་ཅན་ཞིག་ཏུ། མིང་ལྦང་རྒྱལ་བོ་ལོ་ནི་ལུག་གི་ལོ་ལས། དབྱར་ཟླ་ཐ་ཆུང་ཚེ་ཅིག་དབུ་བཟུང་སྟེ། སྟོན་ཟླ་འབྲིང་པོ་ཉི་ཤུ་ལྔའི་ཉིན་བཟང་ལས་ལེགས་པར་འགྲུབ་པའོ། ། ⑰སོགས་དཔེ་རང་ན་བཀོད་པ་ལྟར་སོར་བཞག་པས་ཡི་གེ་མི་དག་པ་ཡང་མང་ངོ་། ། ཕྱི་མ་འདི་དག་མཇུག་བྱང་གཞི་བྱས་ན་དུས་རབས་བཅུ་གསུམ་པའི་སྟོད་ཙམ་ནས་དུས་རབས་བཅོ་ལྔ་བའི་མཇུག་ཙམ་གྱི་བར་ལ་འཁེལ་ལོ། །
གསུམ་པ། གླེགས་བུམ་དེ་དག་གི་རྒྱུ་ཆ་དང་བཞེངས་སྐྲུན།
བོད་གནའ་རབས་ཀྱི་ཤོག་བུའི་འབྱུང་ཁུངས་ནི། དབུས་གཙང་ས་ཁུལ་དུ་དྭགས་ཤོག་དང་། གཙང་ཤོགའབྲུག་ཤོགསྙེ་ཤོག་སོགས་རྒྱུགས་ཆེ་ལ། ཨ་མདོའི་ཕྱོགས་སུ་མཚོ་ཤོག་དང་ཐོ་ཤོག ཨ་ཤོག་སོགས་རྒྱུགས་ཆེ། ཕལ་ཆེར་གྱི་རྒྱུ་ཆ་ནི་རྩ་དང་ཤིང་བྱེ་སོགས་ལས་བཟོས་པ་ཡིན། ཤིན་ཏུ་རྩིས་ཆེ་བའི་ཆོས་དཔེ་དང་དཔོན་པོའི་བཀའ་ཡིག་སོགས་ལ་རྒྱུ་ཆའི་ནང་དུ་རིན་པོ་ཆེ་དྲི་ཞིམ་པ་དང་ལུག་གུའི་བལ་སོགས་དང་སྦྱར་ནས་བཟོ་བའི་དཔེ་ཡོད་པར་མཁས་པའི་ངག་རྒྱུན་ཙམ་མ་གཏོགས་གཞུང་གང་ལས་མ་མཐོང་ཡང་དེང་བཞུགས་གནའ་ཤོག་ལ་དཔྱད་ན་བདེན་པར་མཐོང་། སྦྱོར་ཆུ་ནི་འབྲུ་སྣ་གང་རུང་ཉིན་མང་པོར་བཙོས་ཏེ་བཙགས་ནས་སྤྱོད་པ་དང་། རབ་ནི་ཀ་ཀོ་ལ། ཅུ་གང་། ཀུར་གུམ། ཛཱ་ཏི། སུག་སྨེལ་སོགས་བཟང་པོ་དྲུག་དང་། ཙན་ཏན་གྱི་ལོ་མའི་ཁུ་བར་འབྲས་ཟན་གྲས་གཅིག་ཏུ་བཙོས་ཏེ་ཁུ་བ་ནུར་མོ་འདྲ་བྱུང་བ་སུས་སྣ་བར་སོན་ཚེ་འཐུང་ན་མི་འདོད་པ་མེད་པའི་དྲི་ཞིམ་པོ་ཞིག་ཡིན་སྟབས་བཟོ་སྐབས་ཤོག་བུ་ལ་འབུ་སྲིན་མི་འབྱུང་བའི་ཐབས་སུ་འབུའི་གཉེན་པོར་དུག་གི་རང་བཞིན་ཅན་ཡང་གྲས་སུ་བཙོད་པའི་སྲོལ་ཡོད་ཅེས་ཀྱང་ཟེར་རོ། །
བྲི་ཆུ་ནི་སྣག་ཚ་དང་། གསེར། དངུལ། གཡུ། མུ་ཏིགདུང་། བྱུ་རུ་སོགས་བྱེར་ཁུ་བཟོས་ནས་བྲིས་པ་ཡིན་ལ། རྒྱུ་ཆ་ཅི་ཙམ་རྩ་ཆེ་ན་དེ་ལྟར་ཚོགས་བསགས་དམ་པའི་ངོ་བོར་འདོད་ཅིང་། དེ་ལ་དཔོན་དམངས་ཐམས་ཅད་ཀྱིས་ཤི་བོ་ལ་དགེ་སྒྲུབ་དང་གསོན་པོས་ཚོགས་བསགས་སུ་དམིགས་ནས་བརྩིས་མི་བྱེད་པ་ཤིན་ཏུ་ཉུང་། བོད་དང་རྒྱ་སོག་པོ་མི་ཉག་གི་ནང་བསྟན་ལ་དད་པ་བྱེད་མཁན་སུ་ཡིན་རུང་དམིགས་ཡུལ་གཅིག་ཏུ་མཐོང་ངོ་། ། འདིའི་ཁུངས་གཏུག་ས་ནི། སྡེ་དགེའི་བཀའ་འགྱུར་དཀར་ཆག་ཏུ་ཕན་ཡོན་གསུང་སྐབས་རྒྱལ་བའི་ཡུམ་དྲངས་པར། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འདི་ལ་མངོན་པར་དད་དེ་ཞེས་པ་ནས་ནང་བ་སངས་རྒྱས་རྣམས་ཀྱི་ཚུལ་ནི་གཙོ་མོ་སྟེ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ལ། འདི་ནི་གླེགས་བམ་དུ་བྲིས་པ་མེད་ན་བཀླག་པ་དང་ཁ་དོན་ལ་སོགས་པ་མེད་པར་འགྱུར་བས། དེ་རྒྱུན་ཆད་པར་མ་གྱུར་པའོ། ། དེ་བཞིན་དུ་ཡུམ་མི་བཞུགས་ཏེ་རྟོགས་པ་དང་ལུང་གིས་དམ་པའི་ཆོས་ནུབ་པར་མ་གྱུར་ཅིག་ཅེས་པའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའང་ཡུམ་ཡིན་པས་གླེགས་བམ་དུ་བཞུགས་པས་ཉན་པ་ལ་སོགས་པའི་མཚན་གྱི་ཕན་གདགས་པ་བསྒྲུབ་པ་བྱས་པར་འགྱུར་བ་ཡིན་ནོ། ། ⑱ཞེས་གསུངས་ཤིང་། སྡུད་པ་ལས་ཀྱང་། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། ། མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཚོན་བྱེད་ལ། ། བདེ་བར་གཤེགས་པའི་མཆོན་རྟེན་དེ་དག་གངྒཱ་ཡི། ། བྱེ་མ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། ། ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། ། སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། ། ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། ། བྱུག་པས་དུས་གསུམ་བསྐལ་བའམ་དེ་བས་ལྷག་མཆོད་ལ། ། གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། ། བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། ། འཆིང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། ། མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། ། ⑲ཅེས་དང་། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། ། སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། ། གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། ། སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། ། ⑳ཞེས་གསུངས་པ་ལྟ་བུ་དག་ལ་གཞི་བྱས་ནས་རྣམ་དཀར་ལེགས་བྱས་ཀྱི་བསོད་ནམས་ཆེན་པོའི་ཞིང་ས་དམ་པ་འདི་བསྐྲུན་པ་ཡིན་ནོ།།
ལང་ཇུའི་ཡུལ་གྱི་གནའ་དཔེ་བོད་བྲིས་མ་འདི་དག་ཀྱང་རྒྱུ་ཆ་གོང་མཐུན་ལྟར་མཚོ་སྔོན་ནས་བཟོས་པའི་རྩྭ་དང་བལ་འདྲེས་ཀྱི་ཤོག་བུ་དང་བསྡུར་ན་བཟོ་གཤིས་དེ་དང་མཐུན། བྲི་བྱེ་ཡང་གསེར་དང་དངུལ། བྱུ་རུ་དང་དུང་། མུ་ཏིག་དང་སྣག་ཚ་སོགས་ཀྱིས་བྲིས་ཡོད།
བྲི་ཡུན་ཡང་ཉིན་འགའ་དང་ཟླ་ངོ་འགས་འགྲུབ་ཐུབ་པ་ཞིག་མ་ཡིན་ཏེ། དུམ་པ་གཅིག་ལ་དཔེ་བླངས་ནས་དཔྱད་ན། ཐེག་ཆེན་མདོ་མང་གི་དམ་པའི་ཆོས་པད་མ་དཀར་པོ་བམ་པོ་བཅུ་གསུམ་དང་ལེའུ་ཉེར་བདུན་པ་ཞིག་བཞུགས་པར་ཤོག་སྡེབ་887བཞུགས། བོད་སྔ་མ་དག་གི་སྲོལ་ལྟར་ཤོག་བུའི་ཉིན་སྲིབ་གཉིས་ཤོག་སྡེབ་གཅིག་ཏུ་རྩིས་པ་ཡིན། འདིའི་བྲི་ཡུན་ནི་མཇུག་བྱང་དུ། དབྱར་ཟླ་ཆུང་གི་ཚེས་གཅིག་ནས་དབུ་བཟུང་སྟེ། སྟོན་ཟླ་འབྲིང་བོའི་ཉི་ཤུ་ལྔའི་ཉིན་རྫོགས་པར་གྲུབ་པའོ། ། (21)ཞེས་འབྱུང་བས། ཟླ་ངོ་གཉིས་དང་ཉིན་ཉེར་ལྔ་ལ་བགོས་ན་ཉིན་རེར་4.55མ་གཏོགས་བྲི་མ་ཐུབ་པ་གསལ། དེར་བཞུགས་ཤོག་སྡེབ་ཆེས་མང་པོ་ནི་432ཡིན་པས་ཆ་སྙོམས་བྱས་ན་ཤོག་སྡེབ་410 ཐོབ། སྡེ་དགེ་པར་གཞི་ལྟར་རྒྱལ་བའི་བཀའ་འགྱུར་དུམ་པ་བརྒྱ་ཕྲག་གཅིག་དང་རྙིང་རྒྱུད་དུམ་པ་གསུམ་གྱི་དབང་དུ་བྱས་ན་དུམ་པ་103ཡོད་ཅིང་། སྐབས་འདིའི་བོད་བྲིས་མའི་ཆ་སྙོམས་ཀྱི་ཤོག་གྲངས་ལ་བསྒྱུར་ན་ཤོག་སྡེབ་42200ཕལ་ཆེར་ཡོད་དགོས། འདི་མི་གཅིག་གིས་བྲི་རྒྱུའི་དབང་དུ་བྱས་ན་ལོ་ངོ་25.4ལ་འབྲི་དགོས་པ་ཉིད་དུ་འདུག་པས་ད་ལྟའི་མི་ལ་བཤད་ན་ཧ་ལས་རྒྱུ་འདུགདེ་མིན་བྲི་ཤོག་བཟོ་བ་དང་བྲི་བྱེ་བརྡར་བ་སོགས་ཀྱི་ཚེགས་ཆེན་པོའི་དུས་ཚོད་རྣམས་བསྣན་ན་དེ་བས་ཀྱང་ཧ་ལས་པ་འབྱུང་ངོ་།།
བཞི་པ། བརྗོད་བྱ་དང་བཞེངས་པ་པོའི་དམིགས་ཡུལ།
སྔོན་གྱི་ལོ་རྒྱུས་ཁུངས་བཙུན་རྣམས་དག་གཞི་བྱས་ནས་དཔྱད་ན་ལང་ཇུའི་ཡུལ་འདི་ནི་བོད་དང་རྒྱ་སོག་པོ་མི་ཉག་བཅས་འདུས་སྡོད་བྱས་མྱོང་བའི་ཡུལ་ཁམས་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་། གནའ་དུས་སུ་འདི་ལ་ལང་ཇུ་གསེར་མོ་ལྗོངས་སུ་འབོད་པ་གནའ་དཔེ་བོད་བྲིས་མ་དེ་དག་ལས་གསལ་ལ། ཕལ་ཆེར་ཞིང་འབྲོག་གི་ཐོན་སྐྱེད་ལ་བརྟེན་ནས་འཚོ་བ་རོལ་བའི་རྣམ་པ་ད་ལྟའང་མཚོན་ཐུབ། ཐང་རྒྱལ་རབས་དང་བོད་བཙན་པོའི་སྐབས་ནང་བསྟན་རིག་གནས་འདི་དར་རྒྱས་ཆེན་པོ་བྱུང་བ་ལ་བརྟེན་ནས་ས་ཆ་ཡུལ་ཕྱོགས་ཀུན་ཏུ་ཉི་མའི་སྣང་བ་ལྟར་ཁྱབ་ཆེ་ཞིང་། ཡུལ་མི་ཀུན་གྱིས་དམ་པའི་ལྷ་ཆོས་སུ་བཀུར་བའི་སྲོལ་ད་ལྟའི་བར་མ་ཉམས་པར་གནས། དེ་ཕྱིར་ཐམས་ཅད་ཀྱིས་རྒྱལ་པོའི་བཀའ་མི་བརྩི་བ་མེད་པ་ལྟར་དམ་པའི་ལྷ་ཆོས་ལའང་གདེང་འཇོག་ཚད་མེད་ཐོབ་པ་ཞུ་མི་དགོས་པའི་ལོ་རྒྱུས་ཀྱི་གནས་བབས་ཤིག་རེད། དེ་མཐུན་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་པ་ལ་བཀའ་དྲིན་ཆེ་བའི་སྐྱེས་བུ་དམ་པ་རྣམས་ཀྱི་བསྟན་བཅོས་མཐའ་དག་ཀྱང་རྒྱལ་སྲིད་ཆེན་པོའི་དཔུང་གྲོགས་སུ་གྱུར་པ་ཡིན་ནོ། ། གོང་མ་ཟོན་ཏེས། སངས་རྒྱས་ཀྱི་བསྟན་པ་དང་ངའི་རྒྱལ་སྲིད་གཉིས་ལོ་ཁྲི་ཕྲག་ཁྲི་ཕྲག་ཏུ་མཉམ་དུ་གནས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་རྡོ་རིང་དུ་བཀོད་པ་བཞིན་འདིར་ཡང་བོད་བྲིས་མ་དག་གི་མཇུག་བྱང་དུ་དགེ་བསྔོའི་ཚིག་ལ་འདི་ལྟར། སྦྱིན་པའི་བདག་པོ་བདག་མོ་དང་དེ་རྣམས་ཐད། ཁྱད་པར་དུ་བློས་ཆོས་དགའ་བྱེད་པའི་མིང་རྣམས་ཐམས་ཅད་དང་། དེ་རྣམས་ཀྱི་དྲིན་ཅན་གིས་ཕ་མའི་གཙོའ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོའོ། ། ཁྱད་པར་དུ་ཡང་ཤ་ཁྲག་ཤ་མོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕངས་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག(22) ཅེས་དང་། སྦྱིན་པའི་བདག་པོ་པར་རི་ཞང་སྐྱབས་ཡིན། ། གྲོག་ལྡན་ཐུན་གུར་བྱེད་པའི་སྐྱབ་ཙེ་དཔོན་པོ་གྲགས་པ་རྒྱ་མཚོའི། སངས་རྒྱས་རྒྱལ་མཚན་དང་། ལྷ་པ་བཟུང་རྒྱལ། རྒྱབ་ཟ་མིང་མཚོའི་དང་། ཆུ་ལེན་མེའ་བུད་ཚེག་བརྩོན་བྱེད་པའི་བཀྲ་ཤིས་པར་གྱུར་ཅིག(23)ཅེས་དང་། སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་མི་མཇད་འདིར། ། ཐུབ་པས་གསུངས་པ་ཆོས་རྣམས་དར་ཞིང་རྒྱས། ། གླིང་བཞི་གླིང་མཆོག་ལྷོ་རྒྱལ་འཛམ་བུའི་གླིང་། ། གནམ་ལ་བཀྲ་ཤིས་འཁོར་ལོ་རྩབ་བརྒྱད་འོག། ས་ལ་བཀྲ་ཤིས་པདྨ་འདབ་བརྒྱད་སྟེང་། ། བར་ན་བཀྲ་ཤིས་ཉི་ཟླ་སྐར་སུཾ་མཛེས། ། (24)ཞེས་པ་སོགས་ཀྱིས་མཚོན་འཛམ་གླིང་སྤྱི་དང་། བྱེ་བྲག་རྒྱལ་བདེ་དམངས་བདེའི་སྨོན་ལམ་དང་། སེམས་ཅན་ཤི་གསོན། ཐ་ན་ཇ་མ་ཆུ་ལེན་ཚུན་གྱི་དོན་དུ་དགེ་སྔོའི་ལྷག་བསམ་དཀར་པོ་ཡུགས་གཅིག་གིས་མཚོན་པར་བྱས་ཡོད་ཅིང་། སྐབས་དོན་ཡུལ་ཕྱོགས་འདིའི་དཔོན་ཁག་དང་དམངས་ཚོགས་ཀུན་གྱི་བསམ་བློ་དང་དམིགས་ཡུལ་གསལ་པོར་རྟོགས་ཐུབ། བྲིས་བཞེངས་ཀྱི་གཙོ་བོ་རྒྱལ་བའི་བཀའ་རིན་པོ་ཆེ་བཀའ་འགྱུར་དང་། བཀའ་གདམས་རྙིང་རྒྱུད་ཀྱི་དུམ་སྐོར་ཤིན་ཏུ་མང་། ལྷག་པར་དུ་རྒྱལ་བའི་བཀའ་ལས་སྙིང་རྗེ་པད་དཀར་དང་། སྟོང་ཕྲག་བརྒྱད་པ། རྡོ་རྗེ་གཅོད་པ་སོགས་དུམ་ཚར་མང་དུ་བཞུགས། གཞན་སློབ་དཔོན་རིན་པོ་ཆེའི་གསུང་གི་ཆོས་སྐོར་དང་། བཞེངས་པ་པོའི་མཚན་ཐོ་རྒྱས་པ་ལ་ཤོག་སྡེབ་བཅོ་ལྔ་ཅན། བཅུ་ཅན། བདུན་ཅན། གསུམ་ཅན་སོགས་གྲངས་མི་ཟིན། སྤྱིའི་ཤོག་སྡེབ་249600 ཡོད་ལ། གོང་བཞིན་ཉིན་གཅིག་ལ་མི་གཅིག་གིས་ཤོག་སྡེབ་4.55འབྲི་ཐུབ་པའི་དབང་དུ་བཏང་ན་ཉིན་54857.14ལ་འབྲི་དགོས་ཤིང་། ལོ་150.29ལ་འབྲི་དགོས་པས་ཚེགས་ཆེན་པོའི་ལས་ཀྱང་བློ་ཡུལ་དུ་མི་ཤོང་ངོ་།།
ལྔ་བ། བཞེངས་མཁན་སྦྱིན་བདག་དང་དེའི་མི་རིགས།
དུས་རབས་མང་པོ་ཞིག་གི་རིང་ལ་འཕེལ་རྒྱས་བྱུང་བའི་གནས་ཚུལ་ལ་དཔྱད་པ་གཏོང་དགོས་ན། ངེས་པར་དུ་ལོ་རྒྱུས་བྱིངས་ལ་གྲགས་པའི་གནས་བབས་ལ་རྒྱུས་ལོན་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་། སྤྱི་ཁྱབ་ནས་བལྟས་ན་ལང་ཇུའི་ཡུལ་འདི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་བཞི་མདོ་ལྟ་བུ་ཞིག་ཡིན་པར་སྔོན་གྱི་ལོ་རྒྱུས་ཡིག་ཚང་དག་ལས་གསལ་ཞིང་། བྱེ་བྲག་ཏུ་ད་ཡོད་གླེགས་བུམ་དག་གི་མཇུག་བྱང་ལས་ཤེས་ཐུབ་པ་ནི། བོད་རིགས་སྦྱིན་བདག་གི་མིང་དུ། སྐྱབ་ཙེ་བྱམས་པ། པར་རི་ཞང་སྐྱབས། ལྷོ་ཟ་ཁྱུ་གུ་མ། གོ་ཟ་ཚེ་སྐྱིད། ཞ་མར་པན་ཁོ། གླང་ཟའི་ཐུབ་པའ་རྒྱ། འཁྱང་ཚ་ལྷ་སྐྱབས་སོགས་དང་། རྒྱ་རིགས་སྦྱིན་བདག་གི་མིང་དུ། ཁོ་ད་ཅི་། རྒྱ་མོ་མཚེའ། ཕན་ཎ། རྒྱ་ཚེ་གོབང་རྒྱ་ཕྱུག་སོགས་དང་། ཧོར་རིགས་ཀྱི་སྦྱིན་བདག་གི་མིང་དུ། ཧོར་བདུན་ཚངས་པ། ཧོར་ཟ་ཆོས་སྨན་རྒྱ། ཧོར་གཟུང་སྐྱབས། ཧོར་དུམ་ཟ་བུ་སྐྱིད། ཧོར་དུམ་ཁྱི་པག་ཐར་སོགས་དང་། སོག་རིགས་སྦྱིན་བདག་གི་མིང་དུ། སོག་ཟ་མིང་མཚོ། སོག་པོ་ཞང་སྐྱབ། སོག་པོ་ཆོས་ཕྱུགཐེ་མུར་སོགས་མི་རིགས་གང་ཡིན་རང་རང་གི་མིང་ཟུར་ཙམ་གྱིས་ཀྱང་ཤེས་ནུས་པས་བགྲང་བས་མི་ཟིན་ཚད་དུ་འདུགཡི་གེ་མི་དག་པ་མང་ཡང་དཔེ་དངོས་ལྟར་རང་སོར་བཞག འདིའི་ཐད་ནས་ཡིད་འགྲོ་རྒྱུ་ཞིག་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་བཀའ་དྲིན་གྱིས་མི་རིགས་མང་པོ་གྲོས་མགོ་གཅིག་ཐོན་དང་། འབྲེལ་ལམ་ཡག་པོ་བྱུང་བའི་གནས་ཚུལ་ངེས་པས་ལེགས་ཚོགས་ཀྱི་བྱ་བ་ཞིག་ཏུ་མཐོང་། མི་རིགས་མཐུན་སྒྲིལ་ཡོང་རྒྱུ་ནི་རྒྱལ་ཁབ་ཅིག་ལ་མཚོན་ན་ཆེས་གལ་ཆེ་བའི་བྱ་གཞག་ཅིག་ཡིན་པས། མཐུན་སྒྲིལ་ནི་སྟོབས་ཤུགས་ཀྱི་རྒྱུ་རྩར་གོ་བ་ཡང་གནད་མཚུངས་སུ་གྲུབ། སྤྱིར་བཏང་ནས་བཤད་ན་དུས་སྐབས་དེར་ས་ཆ་ཡུལ་ཕྱོགས་དེ་མི་རིགས་གཅིག་གིས་བཅད་བཟུང་བྱས་ཡོད་པ་ཞིག་མ་ཡིན་པར་བོད་རྒྱ་སོག་ཧོར་སོགས་མི་རིགས་སྣ་མང་ཞིག་འཚོ་སྡོད་བྱས་ཚོད་འདུགབོད་བྲིས་མ་དེ་དག་གི་མཇུག་བྱང་དུ་གསལ་བའི་སྦྱིན་བདག་གི་མཚན་ཐོ་ལས་ཀྱང་གསལ་པོར་རྟོགས་ནུས་ཤིང་། ད་ལྟའི་སྡེ་བཞིར་བཞུགས་པའི་སྐུ་གསུང་ཐུགས་རྟེན་བཞུགས་སོ་ཅོག་གི་བཞེངས་ལུགས་ལ་བལྟས་ནའང་མི་རིགས་སོ་སོའི་ཁྱད་ཆོས་ཡོད་པའི་བཟོ་དབྱིབས་ཐུན་མོང་མ་ཡིན་པ་རེ་མཚོན་ཐུབ། སྐབས་འདི་དང་འབྲེལ་ནས་ཁྲི་རལ་བ་ཅན་གྱི་ཡན་ཆོད་ས་དེ་གའི་མི་རིགས་དེ་དག་གི་རྒྱུས་གསལ་པོ་ཞིག་དང་། ཐ་ན་མིང་ཟུར་ལ་ས་མིང་སྡེ་མིང་དང་རིགས་རུས་ཀྱིས་བརྒྱན་ཏེ་འབོད་པའི་སྲོལ་དར་ཆེ་བ་ལ་དཔྱད་རྒྱུ་མང་ཡང་དུས་ཚོད་ཀྱི་དབང་གིས་རྒྱུ་ཆ་འཚོལ་སྡུད་བྱེད་པར་དཀའ་བས་རྗེས་སུ་ཞུ།
དྲུག་པ། རེ་སྨོན་དུ་བྱ་བའི་གཏམ།
ལང་ཇུའི་ཡུལ་གྱི་གནའ་དཔེ་བོད་བྲིས་མ་འདི་དག་ནམ་བཞེངས་ལོ་ཚིགས་དང་འབྲེལ་ནས་ཞིབ་དཔྱད་འདྲ་བཏང་བ་ནི། གཅིག་ནས་གསེར་དངུལ་མུ་ཏིག་བྱུ་རུ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་མས་བྲིས་པའི་གླེགས་བམ་ཤིན་ཏུ་ཉུང་ཞིང་། མཐོང་ཆེན་དོ་སྣང་བྱེད་མཁན་དཀོན་པས་རྡོ་རྗེ་གོད་ཁ་ལྷུང་ན་བུ་ཆུང་གི་རྩེད་ཆས་ཞེས་པ་དང་གཉིས་སུ་མེད་པར་གྱུར་ཡོད་པ་དང་། གཉིས་ནས་ས་ཆ་འདིར་བོད་བརྒྱུད་གནའ་ཤུལ་རིག་རྫས་ལ་ཞིབ་འཇུག་བྱེད་མཁན་ཉུང་བ་མ་ཟད། འདི་ཕྱོགས་ཀྱི་དཔྱད་གཞིའི་ཡིག་ཆ་མེད་པ་དང་། ལྷག་ཏུ་བོད་ཡིག་ཤེས་མཁན་མེད་པའི་གྲོང་ཁྱེར་ན་བཞུགས་པའི་བོད་བྲིས་གླེགས་བམ་འདི་རིགས་ལ་མཚོན་ན་རིན་ཐང་མ་ཤེས་པའི་ནོར་བུ་རིན་པོ་ཆེ་འབུ་དང་ཙི་གུའི་གནས་ཚང་ལྟ་བུར་གྱུར་ཡོད་པ་དང་། གསུམ་ནས་ཀན་སུའུ་ཞིང་ཆེན་བོའུ་ལྦེ་གྲོང་ཁྱེར་གྱི་སྲིད་གཞུང་དང་། རིག་གནས་ཅུའུ། གནའ་རྫས་སྲུང་སྐྱོབ་ཁང་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་པས་བྱ་བ་འདི་གལ་ཆེར་བཟུང་བའི་བཀའ་དྲིན་སོགས་ཀྱི་རྒྱུ་བྱས་བོའུ་ཝེ་གྲོང་ཁྱེར་གནའ་རྫས་རྟོག་ཞིབ་ཁང་གི་ཞིབ་འཇུག་པ་ཆེ་མོ་སྐལ་བཟང་དོན་གྲུབ། ལིང་ཅིས་ཧུང་། གནའ་རྫས་སྲུང་སྐྱོབ་ཁང་གི་ཉར་ཚགས་པ་བཅུ་ཕྲག་ལྷག་གིས་གྲོགས་དམ་བཟང་བོའི་ལས་དང་འབྲེལ་ད་ལོའི་ཟླ་དང་པོའི་ཚེས་ལྔ་ནས་དབུ་བཟུང་སྟེ་བོའུ་ཝེ་གྲོང་ཁྱེར་གནའ་རྫས་སྲུང་སྐྱོབ་ཁང་དུ་བཞུགས་པའི་གླེགས་བམ་བོད་བྲིས་མ་འདི་དག་གི་རིན་ཐང་དང་། ནམ་བཞེངས་ལོ་ཚིགས། སྐབས་དོན་གྱི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་རྒྱུའི་སྐལ་བ་བྱུང་ངོ་། །
ལྷག་ཏུ་རང་གིས་ཀྱང་བྱ་བ་འདི་དགེ་ལེགས་ཀྱི་ཚོགས་ཆེན་པོ་ཞིག་ཏུ་བསམ་ནས་བོའུ་ཝེ་གྲོང་ཁྱེར་གྱི་སྲིད་གཞུང་འགོ་ཁྲིད་པས་རྒྱབ་སྐྱོར་འོག་འབད་པ་ཆེན་པོས་ཞིབ་འཇུག་ཉར་ཚགས་ཞུ་བའི་འཆར་འགོད་བཟོས་ཤིང་། གོ་རིམ་འཁྲུག་པ་དང་ཆུ་གྲོན་དུ་ཤོར་བ། འབུ་ཟས་སུ་སོང་བ་སོགས་ཀྱི་གནས་ཚུལ་གླེང་ན་ཡིད་སྐྱོ་བ་ཞིག་རེད། དུམ་པ་རེ་རེའི་ཤོག་སྡེབ་ཀྱི་གསེབ་ན་གླེགས་བམ་ཟས་སུ་བྱེད་པའི་འབུ་ཡ་ཁྱོར་གང་རེ་ཕོད་རྒྱུ་འདུག རླན་གྱིས་ཁྱེར་བའི་གནས་ཚུལ་ཡང་མང་སྟེ། དུམ་པ་ཁ་ཤས་སྡེབ་གཅིག་ཏུ་འབྱར་ནས་ཡོད་པས་ཤོག་ཐར་གཅིག་ཀྱང་ཀློག་པའི་གནས་མེད་དོ། ། རྒྱུས་གསལ་པོར་ད་ལོའི་ཟླ་འདིའི་ཚེས་བཅོ་ལྔ་ནས་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་ཉིས་སྟོང་གཅིག་གི་ལོའི་བོད་ཡིག་དངོས་གཞི་འཛིན་གྲྭ་གཅིག་གིས་ཞིབ་དུ་ཉར་ཚགས་ཞུ་རྒྱུ་ཡིན་པས་ཕྱིས་སུ་ཞུ།
དེ་ཕྱིར་གནའ་དཔེ་བོད་བྲིས་མ་འདི་དག་ལ་རྟོག་ཞིབ་བྱས་པ་བརྒྱུད་རེ་བ་ཞུ་རྒྱུ་ནི། རིན་ཐང་གཞལ་མེད་ཀྱི་གཙུག་ལག་འདི་རིགས་ལ་རྒྱལ་ཁབ་རིམ་པས་བརྩི་མཐོང་རེ་ཨེ་ཐོབ་ལ་རེ་ཆེན་པོ་ཡོད་ཅིང་། མྱུར་སྐྱོབ་ཀྱི་ལས་ཀ་སྒྲུབ་རྒྱུའང་གལ་བོ་ཆེ་ལ་བརྒྱ་ཚར་གྱི་ཚུལ་དུ་ཞུ་དགོས་ངེས་ཀྱི་ཉེ་བབས་དོན་ཆེན་དུ་མཐོང་། འདིའི་ནང་རྒྱུས་གསལ་བའི་ཤེས་ཡོན་ཅན་སུ་ཞིག་ཡིན་རུང་ཕངས་སེམས་མི་སྐྱེ་བ་མི་སྲིད་ལ། རྒྱལ་ཁབ་ཀྱི་གནའ་བོའི་རིག་གནས་ཤུལ་བཞག་ལ་ཤ་ཞེན་ཆེ་བ་ཞིག་ཡིན་ཚེ་ཡང་དོན་ཆེན་པོ་ཉིད་དུ་མི་བརྩི་བ་མེད་དོ་སྙམ་མོ། །
མཆན་འགྲེལ།
① ས་སྐྱའི་བཀའ་འབུམ། ཏ ཤོག་སྡེབ་196པའི་ཐིག་ཕྲེང་4 པར་གསལ།
② ཚལ་པའི་དེབ་དམར། ཤོག་སྡེབ་38ན་གསལ།
③ བསྟན་བརྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་སྡེབ་139ན་གསལ།
④ ལྡེའུ་ཆོས་འབྱུང་། ཤོག་སྡེབ་137ན་གསལ། 1987ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
⑤ ཚལ་པའི་དེབ་དམར། ཤོག་སྡེབ་39ན་གསལ།
⑥ ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། གངས་ཅན་རིག་མཛོད། དེབ་ལྔ་པ། ཤོག་སྡེབ་420ན་གསལ།
⑦ ས་སྐྱའི་བཀའ་འབུམ། ཏཤོག་སྡེབ་198པའི་ཐིག་ཕྲེང་4པར་གསལ།
⑧ མདོ་སྨད་ཆོས་འབྱུང་། ཤོག་སྡེབ་138 ཐིག་ཕྲེང་24ན་གསལ།
⑨ བྱུ་རུས་བྲིས་པའི་བརྒྱད་སྟོང་བ། ཤོག་སྡེབ་487སྲིབ་ཐིག་6 པར།
⑩ སྡེ་བཞིའི་དཀར་ཆག་གི་ཟུར་རྒྱན། ཤོག་ལྕེ་75ཐིག་གྲངས་3པར་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
⑪རིན་པོ་ཆེ་དངུལ་གྱིས་བྲིས་པའི་དམ་ཆོས་པད་དཀར་དུམ་པ་ཨ་བའི་མཇུག་བྱང་ཤོག་སྡེབ་1ཅན་གྱི་ཐིག་ཕྲེང་8པར་གསལ།
⑫སྡེ་དགེ་བསྟན་འགྱུར། སྣ་ཚོགས། ཅོ། ཤོག་སྡེབ་131 པའི་ཐིག་ཕྲེང་། ན་གསལ།
⑬རབ་གསལ་མེ་ལོང་། ཤོག་སྡེབ་105ཡི་ཐིག་ཕྲེང་4 པར་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
⑭གསེར་བྲིས་ཀ་དུམ་པ་འཕགས་པ་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ། མཇུག་བྱང་ཤོག་སྡེབ་48ཐིག་ཕྲེང་5པར་གསལ།
⑮སྣག་བྲིས་ཨ་དུམ་ཤོག་སྡེབ་བཅོ་ལྔ་ཅན། མཇུག་བྱང་ཤོག་སྡེབ་15པ། ཐིག་ཕྲེང་3པར་གསལ།
⑯དུང་བྲིས་ཨ་དུམ་མཇུག་བྱང་ཤོག་སྡེབ་བཅུ་ཅན། ཤོག་སྡེབ་10 ཐིག་ཕྲེང་10 ན་གསལ།
⑰དངུལ་བྲིས་ཨ་དུམ་མཇུག་བྱང་ཤོག་སྡེབ་གསུམ་ཅན། ཤོག་སྡེབ་3པའི་ཐིག་ཕྲེང་8པར་གསལ།
⑱སྡེ་དགེའི་བཀའ་འགྱུར་དཀར་ཆགཤོག་སྡེབ་455ཐིག་ཕྲེང་17ན་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989.7
⑲སྡུད་པ་ཚིགས་སུ་བཅད་པ། ཤོག་སྡེབ་15ཐིག་ཕྲེང་11ན་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989.7
⑳སྡུད་པ་ཚིགས་སུ་བཅད་པ། ཤོག་སྡེབ་15ཐིག་ཕྲེང་། 11ན་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989.7
(21) དངུལ་བྲིས་ཨ་དུམ་མཇུག་བྱང་ཤོག་སྡེབ་གསུམ་ཅན། ཤོག་སྡེབ་3པའི་ཐིག་ཕྲེང་8པར་གསལ།
(22) དངུལ་བྲིས་ཨ་དུམ་མཇུག་བྱང་ཤོག་སྡེ་བ་གསུམ་ཅན། ཤོག་སྡེབ་3པའི་ཐིག་ཕྲེང་6 པར་གསལ།
(23) དུང་བྲིས་ཨ་དུམ་ཤོག་སྡེབ་331 ཐིག་ཕྲེང་7པར་གསལ།
(24)དུང་བྲིས་ཀ་དུམ་མཇུག་བྱང་ཤོག་སྡེབ་བདུན་ཅན། ཤོག་སྡེབ་7པའི་ཐིག་ཕྲེང་6 པར་གསལ།