[ནང་དོན་གནད་བསྡུས] ཡང་འཇུག་ད་དྲག་དང་དེའི་ཕྲད་ཀྱི་འཇུག་ཚུལ་སྐོར་ལ། སྐད་གསར་བཅད་ཀྱི་རྗེས་ནས་ཡི་གེ་ཟོར་ཡང་བའི་ཆེད་དུ་ད་དྲག་བསྡུས་པའི་རྐྱེན་གྱིས། ད་དྲག་གི་ཕྲད་ཀྱི་འཇུག་ཚུལ་ལ་འཁྲུལ་བའམ་མ་དག་རྒྱུན་འབྱམས་སུ་སོང་བ་མང་དུ་འདུག་པས། འདིར་སླར་བསྡུ་དང་འབྲེལ་ཏེ་དེའི་ཕྲད་ཀྱི་འཇུག་ཚུལ་སྐོར་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་དཔྱད་པར་བྱ་བ་ལ་དགེ་མཚན་མི་དམན་པ་ཞིག་ཡོད་པས། དམ་པ་གོང་མའི་གཞུང་ཁུངས་ལྡན་རྣམས་ལ་གཞི་བཅོལ། རིགས་པ་རྣམ་དག་གིས་བརྡར་ཤ་བཅད་དེ་གསལ་བྱེད་ཀྱི་དཔེ་ཁུངས་བཙུན་བཞག་པའི་སྒོ་ནས་ད་དྲག་དང་དེའི་ཕྲད་ཀྱི་འཇུག་ཚུལ་བརྗོད་ཡོད།
[གནད་ཚིག] བརྡ་སྤྲོད། ད་དྲག ཕྲད་ཀྱི་འཇུག་ཚུལ།
དེ་ཡང་བོད་ཀྱི་བརྡ་སྤྲོད་རིག་པ་ལས་ཡང་འཇུག་ད་དྲག་གི་འཇུག་ཚུལ་སྐོར་ལ་སྐད་གསར་བཅད་ཀྱི་རྗེས་ནས། ཡང་འཇུག་ད་དྲག་གི་ཡི་གེ་ཉིད་ཟོར་ཡང་བའི་ཕྱིར་དུ་དོར་བའི་རྐྱེན་གྱིས། དེང་གི་དུས་འདིར་འདིའི་ཕྲད་ཀྱི་སྦྱོར་སྟངས་ཐད་མ་དག་རྒྱུན་འབྱམས་སུ་སོང་བ་མང་ཞིང་། ཁུངས་མེད་ལུགས་མེད་ཀྱི་གནས་སུ་གྱར་ཡོད་པས་འདིར་རྒྱབ་བརྟེན་གྱི་ལུང་ཁུངས་བཙུན་དང་། གསལ་བྱེད་ཀྱི་དཔེ་རྣམ་དག སྒྲུབ་བྱེད་ཀྱི་རིགས་པ་ལ་བརྟེན་ནས། སླར་བསྡུའི་སྒྲའི་འཇུག་པ་དང་འབྲེལ་ཏེ་ཡང་འཇུག་ད་དྲག་དང་དེའི་ཕྲད་ཀྱི་སྦྱོར་ཚུལ་སྐོར་བཤད་པ་ལ།
དང་པོ། མཁས་པ་རྣམས་ཀྱི་བཞེད་པ་དང་འབྲེལ་ཏེ་ད་དྲག་གི་ཕྲད་ཀྱི་འཇུག་ཚུལ་ལ་དཔྱད་པ།
1. རྔོག་བློ་ལྡན་ཤེས་རབ་ཀྱི་བཞེད་པ།
རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི 《དག་ཡིག་ཉེར་མཁོ་བསྡུས་པ》ཞེས་པ་ལས། ན་ར་ལ་གསུམ་རྗེས་སུ་ནི། །སྒྲ་བསྒྱུར་སྔ་མས་ད་དྲག་བཞེད། །དེ་ཚེ་ཅིང་ཅེས་ཅིག་འཐོབ་ཀྱང་། །ཕྱི་མ་རྣམས་ཀྱིས་ད་དྲག་དོར། །འོན་ཀྱང་ན་ར་ལ་གསུམ་གྱི། །རྗེས་སུ་ཞིང་ཞེས་ཞིག་ཡིན་ནའང་། །ད་དྲག་ངེས་པར་འཐོབ་པ་དེར། །ད་དྲག་སྦྱོར་རམ་མི་སྦྱོར་ཡང་། །ཅིང་ཅེས་ཅིག་ཅེས་ཞེས་སྟེ་དཔེར། །མཁས་པར་མཁྱེན་ཅིང་ཡོན་ཏན་གྱིས། །བརྒྱན་ཅེས་ཐོབ་ཀྱི་སྟོན་ཅིག་ཅེས། །ཟེར་ཅིང་མཐོང་ནས་མཚར་ཅེས་ཏེ། །བདག་ཀྱང་འདི་འདྲར་གྱུར་ཅིག་ཅེས། །སྨོན་ལམ་བཙལ་ཅིང་སློབ་པར་ནི། །འཚལ་ཅེས་ཟེར་གྱིས(ཀྱིས)མྱུར་རྩོལ་ཅིག ། [1]ཅེས་གསུངས་པ་ནི་ལེགས་བཤད་རྨད་དུ་བྱུང་བ་སྟེ། ད་དྲག་སྟེ་ཡང་འཇུག་ད་ཡི་འཇུག་ཚུལ་ཤེས་པ་ལ་རིགས་པའི་སྒོ་མོ་ཆེས་ཆེར་ཕྱེ་བར་འདོད།
2.པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་བཞེད་པ།
དེ་ལྟར་ཡང་རྗེ་པྲ་ཏི་རིན་པོ་ཆེའི《ཀུན་བཟང་དགོངས་རྒྱན》ལས། འདིར་དངོས་སུ་མ་བཤད་པ། ད་དྲག་གི་དབང་གིས་ཀྱི་ཐོབ་པ་ནི། རྣམ་ཐར་ཀྱི་སྒོ། ཕྱི་རོལ་ཀྱི་ཁང་པ། [2]ཞེས་གསུངས་ཡོད་ཅིང་། ཀརྨ་སྨོན་ལམ་འོད་ཟེར་གྱི《བརྡ་སྤྲོད་ལེགས་བཤད་སྣང་བ》ལས། ད་དྲག་ཅན་གྱི་མཐའ་རུ་ཀྱི་དོན་གྱིས་ཐོབ་པས་ཀུནད་ཀྱི་མཆོག་ལྟ་བུར་འགྱུར། [3]ཞེས་དང་།
3. ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་བཞེད་པ།
《ཐོན་མིའི་ཞལ་ལུང》ལས། འདིར་གསལ་བྱེད་སུམ་ཅུ་ལས་རྗེས་འཇུག་གི་ཡི་གེ་བཅུ་དབྱུང་བར་བསྟན་པའི་ཤུགས་ཀྱིས་སམ་ཞར་ལ་རྗེས་འཇུག་ག་ང་བ་མ་བཞིའི་མཐར་འཇུག་པའི་ས་དྲག་དང་། རྗེས་འཇུག་ན་ར་ལ་གསུམ་གྱི་མཐར་འཇུག་པའི་ད་དྲག་གཉིས་ཀྱང་བསྟན་པར་འདོད་དགོས་སོ། །དེ་ཡང་ཡིན་ཏེ། ཀུན་ཏུ་བཟང་པོའི་བསྟན་བཅོས་གཞན་དྲུག་ཏུ་ད་དྲག་དང་ས་དྲག་གི་རྣམ་གཞག་བསྟན་ཀྱང་མ་བསྟན་ཀྱང་བླ་ཡི། དེ་ནི་ད་ལྟ་བདག་ཅག་ལ་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་དེ་ལ་ཁག་བཞག་པའི་དགོས་པ་ཅི་ཡང་མི་འགྲུབ་བོ། །དེ་བས་སུམ་ཅུ་བའི་གཞུང་ནས་རྗེས་འཇུག་གི་ཡི་གེ་བཅུའི་ནང་ཚན་དུ་གྱུར་པའི་ད་དང་ས་གཉིས་དངོས་སུ་བསྟན་པ་འདིས་ད་ས་གཉིས་ཀྱི་ཡང་འཇུག་ཀྱང་ཤུགས་ལ་བསྟན་པ་ཡིན་ཅེས་བཤད་ན་ཨུ་ཚུགས་དང་མ་འདྲེས་ཤིང་ལྷོད་ཆགས་པའི་གཏམ་དུ་འགྱུར་བ་ཡིན་ནོ། ། [4]ཞེས་གསུངས་པ་དང་། ཡང་། དེ་ཉིད་ལས། ད་དྲག་གི་མཐར་ཏམ་གཅིག་པུར་མ་ཟད། སླར་བསྡུ་དང་། བྱེད་འབྲེལ། ཚིག་རྒྱན་གང་གི་སྐབས་སུ་ཡང་ད་དྲག་གི་མཐར་ཏོ་དང་། ཀྱི། ཀྱིས། ཀྱང་སོགས་སྦྱོར་བ་ནི་ཤུགས་བསྟན་ལས་བྱུང་བའི་ད་དྲག་གི་དབང་གིས་ཡིན[5]ཅེས་པའི་སོགས་སྒྲས་ད་དྲག་གི་དབང་གིས་འཐོབ་པ་ནི་ལ་དོན་གྱི་ཏུ་དང་ལྷག་བཅས་ཀྱི་ཏེ། ཚིག་ཕྲད་ཅིང་ཅེས་ཅེའོ་ཅེ་ན་ཅིག་རྣམས་བསྟན་ཏོ། །
4. ཨ་ལ་ཤ་ངག་དབང་བསྟན་དར་གྱི་བཞེད་དགོངས།
ཨ་ལ་ཤས《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན》 ལས། དེང་སང་ཕལ་ཆེ་བས། ད་བ་ས་ཀྱི་ག་ང་གི །ན་མ་ར་ལ་གྱི་སྡེ་དཔེར། །ལྟ་བུ་སྡོམ་ཚིག་གིས་ཚིམ་ནས་ན་ར་ལ་གསུམ་གྱི་རྗེས་སུ་ཀྱི་སྒྲ་ཐོབ་པ་ངེས་པར་མེད་ཅེས་གོ་བ་ནི། ད་དྲག་གི་གཏམ་རྣ་ཁུང་དུ་འདྲེས་པར་མ་བྱས་པའི་སྐྱོན་ཡིན་ཏེ། དཔེ་དག་པ་རྣམས་སུ་ཏིང་ངེ་འཛིན་ཀྱི་ཡུལ། རྣམ་ཐར་ཀྱི་སྒོ། ཕ་རོལ་ཀྱི་མཐའ་ཞེས་ཀ་ཀྱི་ཡོད་པ་དང་། དག་ཡིག་རྣམས་སུ་རང་གསལ་བར་བྱུང་བས་སོ། །ད་དྲག་ཤེས་པ་ཤིན་ཏུ་གལ་ཆེ་བས་དཔེར་བརྗོད་ཅུང་ཟད་བྱ་ན། ཀུན་ཏུ། བསྟན་ཅེས། སྟོན་ཅིག རྐྱེན་ཀྱི། འཛིན་ཀྱང་། ལྷན་ཅིག བརྒྱན་ཀྱང་། ལན་ཅིག རྟེན་ཅིང་། ཤིན་ཏུ། གསོན་ཅིག སྨིན་ཅེ་ན། ཞེན་ཅིང་། མནན་ཏོ། །བརྟན་ཅིང་། བསྒྱུར་ཅེའོ། །ཟེར་ཅིང་། འཛེར་ཏོ། །རོལ་ཅིག མཚར་ཏོ། །སྤྲུལ་ཏོ། །སོལ་ཅིག བསྩལ་ཏོ། །འཚལ་ཏོ། །བསལ་ཅེའོ་ལ་སོགས་པ་ལྟ་བུའོ། ། [6]ཞེས་གསུངས་པ་ནི་ལེགས་བཤད་འབའ་ཞིག་ཏུ་མཐོང་ངོ་། །
5.གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་བཞེད་དགོངས།
《བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་ངོ་མཚར་འཕྲུལ་གྱི་ལྡེ་མིག》 ཅེས་པ་ལས། ཕར་ཕྱིནད་ཀྱི་མཆན། ཅི་འབྱོརད་ཀྱི་མཆོད་པ། ཕྱི་རོལད་ཀྱི་ཞིང་ས།[7]ཞེས་དང་། ཡང་། ད་དྲག་གི་འཇུག་དོན་ཅུང་ཟད་བཤད་ན། ཕྱིནད་ཅེས་བརྗོད་པ་ཟུར་ཕྱིན་པ་ཀློག་པའི་ཚེ་ཡང་འཇུག་ཏུ་ད་ཡིག་གི་གདངས་ཐོན་ཡོད་པ་དེ་ཤེས་པའི་ཆེད་དུ། སྒྲ་བསྒྱུར་སྔ་མ་རྣམས་ཀྱིས་ན་ར་ལ་གསུམ་གྱི་རྗེས་སུ་ད་དྲག་ཅེས་པའི་ད་ཡི་ཡང་འཇུག་སྦྱར་བ་ཡིན་ཏེ། དེ་ཡང་ཅན། ཚོན། བར། ནལ། རིལ་སོགས་མིང་གཞིའི་སྡེ་ཚན་ལྔའི་ཡི་གེ་དང་མིང་རྐྱང་དང་མིང་ཡོད་ཚད་ལ་ད་དྲག་གི་གདངས་མི་ཐོན་པ་ནི། གནས་བྱེད་རྩོལ་བ་རྣམས་ཟུར་ཕྱིན་པར་གྲིམ་ལྷོད་རན་པར་བརྗོད་བཞིན་དལ་བུས་བརྟག་ན་ཤེས་པར་འགྱུར་རོ། ། [8]ཞེས་དང་། ཡང་དེ་ཉིད་ལས། དེ་ལྟར་ད་དྲག་གི་དོན་ལེགས་པར་ཤེས་ན་ཡི་གེའི་སྡེབ་དག་པར་འགྱུར་ཏེ། དཔེར་བརྗོད་ན། རབ་འབྱོར་ཀྱི། ཕར་ཕྱིནད་ཏུ། བསྡུས་འགྲེལ་ཀྱིས། ལྟ་བུ་རྣམ་དབྱེ་དང་། བསྐོརད་ཏོ། །བསྐྲུནད་ཏོ། །གསོལད་ཀྱང། ཞེནད་ཀྱང། སྐུརད་ཅིག་ལྟ་བུ་ཕྲད་དང། སྟོནད་ཀ ཐརད་པ། རོལད་པ་ལྟ་བུ་མིང་མཐའ་རྣམས་ཚུལ་བཞིན་འདྲེན་ནུས་པའི་ཕྱིར་རོ། །འོན་ཀྱང་སྐད་གསར་བཅད་ཀྱི་བྲིས་རྒྱུན་ལས་ད་དྲག་བསྡུས་པས། འཛིན་ཀྱང། ཀུན་ཏུ། བསྒྱུར་ཅིང། བསྟན་ཏུ། གསོལ་ཏོ། །དོན་ཏོ། །གྱུར་ཅིག་སོགས་ཐོབ་བཞིན་པ་ནི་སྡེབ་དག་པ་ཡིན་ལ། རབ་འབྱོར་གྱིས། ཟིན་ཡང། དཀོན་ཞིང་སོགས་ནི་སྡེབ་ཀྱི་ཟུར་མ་ཕྱིན་པས་ཡིན་ཏེ། དེང་དུས་སུ་ད་དྲག་མི་འབྲི་ནའང་སྡེ་དགེའི་ཡུམ་མཚལ་དཔར་མ་སོགས་ཚད་ཐུབ་ཀྱི་གཞུང་ལ་བརྟེན་ནས་ཐོབ་ཚུལ་ཤེས་པ་གལ་ཆེའོ། ། [9]ཞེས་ལེགས་བཤད་འབའ་ཞིག་གསུངས་པ་ལྟར་ཤིན་ཏུ་མད་པས་གཅེས་གཅེས་སུ་བཟུང་སྟེ་ལག་ལེན་དུ་གདབ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་འཁུམས་སོ། །དེ་ཡང་ཡིན་ཏེ། 《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན》ལས། རྒྱལ་དབང་བརྒྱད་པའི་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་རུ་སོང་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་དུ་བསྩལ་གྱིན་འདུག་པ་བདག་གིས་དངོས་སུ་ཐོས་སོ། ། [10]ཞེས་གསུངས་པ་ལྟར་ཡི་གེ་དག་མོ་ཡོང་བ་ལ་འབད་དགོས་སོ། །
6. དེ་དག་གི་དོན་བསྡུས་ཏེ་གསལ་བྱེད་ཀྱི་དཔེ་དང་སྒྲུབ་བྱེད་ཀྱི་རིགས་པ་འགོད་པ།
གོང་གསལ་མཁས་པའི་དབང་པོ་འདི་རྣམས་ཀྱི་གསུང་ལས་རྗེས་སུ་དཔག་ཐུབ་པ་ནི། ཀུན་ཏུ། ཤིན་ཏུ། ལྟ་བུ་ལ་ངོ་བོ་ཉིད་ཀྱི་ད་དྲག་ཟེར་ཅིང་། རྗེས་འཇུག་ན་ར་ལ་གསུམ་ཅན་གྱི་འདས་ཚིག་དང་སྐུལ་ཚིག་ཕལ་མོ་ཆེ་ལ་ད་དྲག་ཡོད་ལ། མ་འོངས་པ་དང་ད་ལྟ་བའི་ལས་ཚིག་ཕལ་མོ་ཆེ་ལ་ད་དྲག་མེད། གདོན་དང་འདོན་དང་འཛིན་ལྟ་བུ་ལ་ད་དྲག་དངོས་སུ་འབྲི་མིན་གང་ལྟར་ཀྱང་ཕྲད་སྦྱོར་སྐབས་ད་དྲག་ཡོད་པ་ལྟར་སྦྱོར་དགོས་པ་ནི། བཀའ་བསྟན་དག་ལས་དཔེ་མང་དུ་འབྱུང་ཞིང་སུམ་རྟགས་ཀྱི་དགོངས་པ་དྲི་མ་མེད་པ་ཡིན་པའི་ཚུལ་ཡང་ཤེས་དགོས་སོ། །རྗེས་འཇུག་གི་ཡི་གེ་ན་ལ་ཡང་འཇུག་ད་དྲག་ཐོབ་པའི་དབང་གིས་ད་དྲག་དངོས་སུ་འབྲི་མིན་གང་ལྟར་ཀྱང་ཕྲད་ཀྱི་འཇུག་ཚུལ་ནི་དཔེར་ན། ཀུན་ཏུ་དང་། ཀུན་ཀྱང་། ཀུན་ཏེ། ཞེས་པ་ལས་ཀུན་ཏོ། །ཀུན་ཀྱི། ཀུན་ཏམ། ཀུན་ཅེས། ཞེས་ད་དྲག་ཡོད་པ་ལྟར་སྦྱོར་དགོས་པ་རྟོགས་ཐུབ་སྟེ། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། ཕྱུག་ནོར་ཀུན་ཀྱི་ཕྱེད། ཕྱུག་ནོར་ཀྱི་ཕྱེད། ཁོལ་ཡུལ་ཀྱི་ཕྱེད། [11] ཅེས་པ་དག་གི་ཀྱི་སྒྲ་ནི་ཡིག་ནོར་ཡིན་པར་མི་སེམས་ཏེ། རིམ་པ་བཞིན་ཀུན་དང་། ནོར་དང་། ཡུལ་བཅས་ཀྱི་རྗེས་འཇུག་ལ་ཡང་འཇུག་ད་དྲག་ཡོད་པས་དེ་ལྟར་བྲིས་པར་གསལ་ལོ། །ཡིན་ཅིང་དང་ཡིན་ཅེས་ཞེས་པ་ལས་ཡིན་ཏོ། །ཡིན་ཏུ། ཡིན་ཀྱང་། ཡིན་ཀྱི། ཡིན་ཏམ་ཞེས་འབྲི་དགོས་པར་རིགས་པས་ངེས་ལ། དེ་བཞིན་དུ་རྗེས་འཇུག་གི་ཡི་གེ་ར་ཡི་རྗེས་སུ་ཡང་ད་དྲག་དངོས་སུ་སྦྱོར་མིན་ཇི་ལྟར་ཀྱང་ཕྲད་འཇུག་ཚུལ་ནི་དཔེར་ན། གྱུར་ཏོ། །གྱུར་ཅིག གྱུར་ཏམ། གྱུར་ཅིང་། ཞེས་པ་དག་ལས། གྱུར་ཀྱི། གྱུར་ཀྱང་། ཞེས་པ་ལྟ་བུ་དང་། མཚར་ཏོ་ཞེས་པ་ལས། མཚར་ཏེ། མཚར་ཀྱི། མཚར་ཀྱང་། མཚར་ཏམ། མཚར་ཅིང་ཞེས་འབྲི་དགོས་ཤིང་བྲིས་ན་ཡང་དག་ཅིང་འཁྲུལ་བ་མེད་པ་རིགས་པས་ངེས་སོ། །དེ་ཡང་ཡིན་ཏེ།《བཀའ་གདམས་ཕ་ཆོས》 ལས། ང་རྒྱལ་ལྒང་བུ་རལ་བར་མ་གྱུར་ཏམ། །ནག་པོའི་ཕྱོགས་ཀྱིས་མནར་བར་མ་གྱུར་ཏམ། །ཁྱིམ་གྱི་འདམ་དུ་བྱིང་བར་མ་གྱུར་ཏམ། །བདུད་ཀྱི་བུ་མོས་བསླུས་པར་མ་གྱུར་ཏམ། ། [12]ཞེས་གསུངས་པའི་ཕྱིར་རོ། །རྗེས་འཇུག་ལ་ལ་ཡང་དེ་ལྟར་དུ་ཐོབ་དགོས་པ་དཔེར་ན། རོལ་ཏོ་ཞེས་པ་ལས་རོལ་ཀྱི། རོལ་ཀྱང་། རོལ་ཏམ། རོལ་ཅིང་ཞེས་པ་ལྟར་སྦྱོར་དགོས་ཤིང་དེ་ལྟར་སྦྱར་ན་ཡང་དག་ཅིང་བརྡ་སྤྲོད་རིག་པའི་གཞུང་དང་ཡོངས་སུ་མཐུན་པ་ཡིན་པར་རྟོགས་ནུས་སོ། །དེ་ལྟར་མིན་ན་སི་ཏུས་བཀོད་པའི་དཔེར་བརྗོད། དཀོནད། སྐུརད། བསྐོརད། བཀུརད། བཀོལད། བསྐྱལད། བསྐྱིལད། བསྐུལད། བཀུརད། བཀོལད། བསྐྱུརད། བསྐྲུནད། བསྐོནད། བསྐྱོནད། མཁྱེནད། བགོརད། འགྲེལད། བརྒྱནད། བརྒྱལད། བསྒུལད། བསྒྱུརད། བསྒྱེལད། བསྒྲལད། བསྒྲིལད། བསྒྲུནད། སྒྲོལད། བརྔནད། བརྔོནད། བཅརད། བཅུརད། བཅེརད། བཅོལད། ཉནད། བརྙནད། ཉོནད། སྙེནད། བསྙལད། བསྙིལད། བསྙུནད། བསྙེནད། བསྙོནད། གཏོརད། གཏོརད། བརྟེནད། བརྟོལད། སྟོནད། བསྟནད། སྟེནད། བསྟེནད། སྟོརད། ཐརད། ཐོནད། འཐོརད། འདུནད། བདརད། དོནད། བརྡུལད། བསྡུརད། བརྣནད། བསྣནད། བསྣརད། བསྣུནད། བསྣུརད། བསྣོརད། བསྣོལད། ནོནད། སྤོརད། སྤྲུལད། ཕནད། ཕྱིནད། འཕེནད། འཕྲུལད། ཕྲོལད། བེརད། བྲནད། བྱིནད། སྦྲནད། སྨིནད། བཙལད། བཙིརད། རྩོལད། སྩལད། འཛེརད། བཞརད། བཞུརད། ཟིནད། རོལད། རིནད། རོལད། བརླནད། ལེནད། བཤུརད། བཤེརད། བཤོརད། བཤོལད། སེལད། བསལད། བསརད། བསིལད། སོལད། བསྲནད། བསྲེལད། བསླནད། ལྷནད་ཅེས་པ་རྣམས་ཀྱང་དགོས་མེད་དུ་འགྱུར་བ་མ་ཡིན་ཏམ། དེའི་ཕྱིར་གོང་གསལ་དཔེར་བརྗོད་འདི་དག་ལ་ད་དྲག་དངོས་སུ་འབྲི་མིན་ཇི་ལྟར་ཡང་ད་དྲག་གི་ཏོ་ཡིག་འཐོབ་པ་དེ་བཞིན་དུ་ལྷག་བཅས་ཀྱི་ཏེ་དང་ཨི་ལྡན་གྱི་ཀྱི་དང་། རྒྱན་སྡུད་ཀྱི་ཀྱང་། འབྱེད་སྡུད་ཀྱི་ཏམ། ལ་དོནད་ཀྱི་ཏུ། ཚིག་ཕྲད་ཅིང་ཅེས་ཅེའོ་ཅེ་ན་ཅིག་རྣམས་ཀྱང་དོནད་ཀྱིས་འཐོབ་པ་མཁས་དབང་དེ་དག་གི་དགོངས་པ་འཁྲུལ་མེད་ཡིན་པ་དང། བརྡ་སྤྲོད་རིག་པའི་གཞུང་གི་དགོངས་དོན་དངོས་སོ། །ང་ཚོས་ལག་ལེན་དངོས་ཀྱི་གོ་རིམ་ཁྲོད་ནས་ཀྱང་དེ་ལྟར་འབྲི་དགོས་ཤིང་བྲིས་ན་ཡང་དག་ཅིང་ཁུངས་དང་ལྡན་པ་ཡིན་པར་བློ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད་ཅིག སུམ་ཅུ་པའི་རྩ་བར། ལྷག་མ་རྣམས་ལ་གྱ་སྦྱར་བ། ། ཞེས་དང་། 《ལེགས་བཤད་ལྗོན་དབང》ལས། སྦྱོར་ཚུལ་ན་མ་ར་ལ་གྱི། །ཞེས་སོགས་གསུངས་པ་ཇི་ལྟར་འགྲེལ་ཅེ་ན། དེ་ནི་རྗེས་འཇུག་ན་ར་ལ་གསུམ་ལ་ད་དྲག་མི་འཐོབ་པའམ་མི་འཇུག་པའི་དབང་དུ་མཛད་ནས་གྱི་སྒྲ་འཐོབ་པར་བསྟན་ཅིང་། ད་དྲག་འཐོབ་པ་རྣམས་ལ་ནི་ད་དྲག་དངོས་སུ་འབྲི་ཡང་རུང་ཟོར་ཡང་བའི་ཆེད་དུ་དོར་ཡང་རུང་ཕྲད་སྦྱོར་བའི་སྐབས་སུ་ད་དྲག་ཡོད་པ་ལྟར་སྦྱོར་དགོས་པ་ནི་གནད་ཀྱི་དམ་པའོ། །གནད་འདི་ལ་གཟིགས་ནས། 《ཐོན་མའི་ཞལ་ལུང》ལས། སྤྱིར་སྔོན་གྱི་ལོ་ཙཱ་བ་ཆེན་པོ་དག་གིས་ད་དྲག་བསྡུས་པ་ལ། ཕྱིས་སུ་བྱོན་པའི་མཁས་པ་རྣམས་ཀྱི་བཞེད་དགོངས་ལ་མི་མཐུན་པ་གཉིས་སུ་གནས་ཏེ། མཁས་པ་ཁ་ཅིག་གིས་ནི་ད་དྲག་བསྡུས་པས་དཔེ་འབྲི་བཤུས་ཀྱི་སྐབས་སུ་ཡིག་ཚོགས་བསྐྱུངས་ཤིང་ཟོར་ཡང་བ་དང་། ད་དྲག་གང་ལ་ཐོབ་པ་དང་མི་ཐོབ་པའི་ཚུལ་ལ་མནོ་བསམ་གཏོང་མི་དགོས་པར་གྱུར་པས་སྟབས་བདེ་བྱུང་བས་ན་ད་དྲག་བསྡུས་པ་ནི་ཤིན་ཏུ་ལེགས་ཞེས་རྗེས་སུ་ཡི་རང་བ་ཆེས་ཆེར་བྱེད་དོ། །
མཁས་པ་ཁ་ཅིག་གིས་ནི་ད་དྲག་བསྡུས་པས་ཡིག་ཚོགས་བསྐྱུངས་པ་དང་སྟབས་བདེ་བར་གྱུར་པའི་ཆ་ལ་དགེ་མཚན་གྱི་བཀྲ་ཤིས་པ་རེ་ཤར་བ་ལྟར་སྣང་བ་ནི་བདེན་མོད་ཀྱང་། དེ་བས་ད་དྲག་དོར་བའི་ཤུལ་གྱི་མིང་ཚིག་ལ་གང་སྦྱོར་རྒྱུའི་རྣམ་དབྱེ་དང་ཚིག་ཕྲད་ལས། ཏོ། ཏུ། ཀྱི། ཀྱིས། ཀྱང་། ཅིང་། ཅེས། ཅིག ཅེ་ན། ཅེའོ་སོགས་དུ་མ་ཞིག་གང་ཐོབ་ལ་མགོ་ཇེ་རྨོངས་སུ་བཏང་བས་ན་དགེ་མཚན་དང་མི་ལྡན་པའི་སྣ་སྣག་མ་ཞིག་ཀྱང་མི་འདོད་བཞིན་དུ་སླེབས་བྱུང་བས་ལེགས་ཆ་ལས་ཉེས་ཆ་ཆེའོ། །ཞེས་བཞེད་དོ། ། [13]ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། ད་དྲག་བསྡུས་པ་ལྟར་དུ་ད་དྲག་གི་མཐར་ཐོབ་པའི་ཚིག་ཕྲད་རྣམས་ནི་རང་འདོད་ཀྱིས་བཅོས་སུ་མི་རུང་སྟེ། བོད་བྱིངས་ཀྱི་སྐད་གདངས་དང་མི་མཐུན་པའི་ལམ་སྲོལ་གསར་བ་ཞིག་འབྱེད་དགོས་པས་སོ། །དེའི་ཕྱིར་ད་དྲག་བསྡུས་པའི་རྗེས་ནས་ཀྱང་ད་དྲག་ལ་སྦྱོར་རྒྱུའི་ཚིག་ཕྲད་རྣམས་ནི་སྔ་མཁོའི་ཚུལ་ལས་གཏན་མ་འདས་པར་གནས་ཏེ། དཔེར་ན། ལྟད་མོ་བསྟན་ཏོ། །འཁོར་ལོ་བསྐོར་ཏོ། །བཀའ་བསྩལ་ཏོ། །ཞེས་དང་། བསྟན་ཀྱང་། བསྐོར་ཅིང་། སྩོལ་ཅིག། ཅེས་དང་། ཤིན་ཏུ། ཀུན་ཏུ། རོལ་ཏུ་སོགས་མཐའ་ཡས་པ་ཡོད་དོ། །དེ་དག་ལ་ད་དྲག་དོར་བའི་ཚུལ་གྱིས་ཚིག་ཕྲད་རྣམས་ཀྱང་བསྒྱུར་བས་ཆོག་སྙམ་ན། ཤིན་ཏུ་ནས་ཀྱང་མི་རུང་སྟེ། རྒྱ་ལ་གལ་ཏེ་བསྒྱུར་བའི་དབང་དུ་བཏང་ན། འོན་ཀྱང་ལ་འོན་ཡང་། ལྷན་ཅིག་ལ་ལྷན་ཞིག མཁྱེན་ཅིང་ལ་མཁྱེན་ཞིང་། རོལ་ཅིང་ལ་རོལ་ཞིང་། ཀུན་ཏུ་ལ་ཀུན་དུ་སོགས་སུ་བསྒྱུར་དགོས་པ་ལ། དེ་ལྟ་བུ་ནི་གཏན་ནས་འབྲི་ཀློག་བྱེད་མི་བདེ་ཞིང་བོད་སྐད་ཀྱི་ཟུར་ལ་མ་གྲུབ་པ་ཞིག་གོ ། [14] ཞེས་གསུངས་པ་ནི་ཧ་ཅང་གནད་ཆེ་བའི་བསླབ་བྱ་ཞིག་ཏུ་མཐོང་ཞིང། ཤིན་ཏུ་མད་པའི་ཚིག་གི་བདུད་རྩི་དང་དོན་གྱི་འབྲས་བུར་གོ་ནས་འདིར་ཡིག་ཚོགས་ལ་མ་འཛེམ་པར་ཇི་བཞིན་དུ་དྲངས་པ་ཡིན་ཏོ། ། འོ་ན། 《ལེགས་བཤད་ལྗོན་དབང》 ལས། ན་ར་ལ་ས་དྲག་མཐར་ཏེ། ། [15]ཞེས་གསུངས་པ་མ་ཡིན་ཏམ་ཟེར་ན། སྐྱོན་མེད་དེ། དེ་ནི་སི་ཏུས། དེ་ལྟར་གཞུང་འདིའི་དངོས་བསྟན་ལ་སྟེ་སྒྲ་གཅིག་པུ་ལས་མི་འབྱུང་ཡང་། མིང་མཐའ་སོ་སོ་དང་སྦྱར་བའི་ཚེ་གོང་དུ་སྨོས་པ་རྣམས་ཀྱི་རིགས་པས་བརྗོད་བདེ་ཁོ་ན་སྦྱོར་གྱི་རྟགས་མཚུངས་ཀྱང་བརྗོད་མི་བདེ་བ་སྦྱོར་བ་མིན་པས། ཡི་གེ་རྣམས་ཀྱི་ཟུར་ཕྱིན་པར་ཀློག་པའི་དབང་དུ་བྱས་ཏེ། ག་ང་བ་མ་འ་རྣམས་ཀྱི་མཐར་སྟེ་ཡིག་ས་སྒྲ་དང་ལྡན་པ་དེ་བརྗོད་བདེ་བས་འཇུག་ཀྱང་། ན་ར་ལ་གསུམ་དང་ད་དྲག་གི་མཐར་དེ་ཤིན་ཏུ་བརྗོད་མི་བདེ་བའི་ཕྱིར་དང་། [16]ཞེས་གསུངས་པ་ལྟར་བརྗོད་བདེ་ཁོ་ནའི་དབང་དུ་མཛད་པའི་རྒྱུ་མཚན་གྱིས་སོ། ། རིགས་པ་འདི་དག་གིས་རྗེས་སུ་དཔག་ཐུབ་པ་ནི་དཔེར་ན། རྐྱེན་ནོ། །རྐྱེན་གྱི། རྐྱེན་ནམ། རྐྱེན་ཡང་། རྐྱེན་ཞེས། ཀུན་གྱི་ཞེས་དང་། དོན་ནོ། །དོན་དུ། དོན་གྱི། དོན་ནམ། དོན་ཡང་། དོན་ཞེས། ཞེས་དང་། ཡིན་ནོ། །ཡིན་དུ། ཡིན་གྱི། ཡིན་ནམ། ཡིན་ཞིང་། ཡིན་ཡང་། ཡིན་ཞེས། ཞེས་པ་རྣམས་ཀྱང་དིང་སང་ཕལ་ཆེ་བ་ལ་རླུང་ལྟར་གྲགས་མོད་ཀྱི་ཆེས་ཤིན་ཏུ་གནོད་པ་དུ་མའི་གནས་སུ་རྟོགས་ཏེ་མ་དག་རྒྱུན་འབྱམས་སུ་སོང་བ་ཤ་སྟག་ཡིན་པར་ཤིན་ཏུ་གསལ་བས་འདི་དང་འདི་འདྲ་བ་གཞན་ལའང་རིགས་བསྒྲེས་ནས་རྒྱ་ཆེར་སྦྱར་ཏེ་ལག་ལེན་དུ་གདབ་པར་བྱ་རྒྱུ་ནི་གནད་ཀྱི་དམ་པའོ། །དེ་ཡང་ཡིན་ཏེ། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》ལས། མངོན་པར་འདུ་བྱེད་མཚན་རྣམས་ཀྱིས། །སངས་རྒྱས་མཚན་ལྡན་མ་ཡིན་ཏོ། ། (P.T116-123.1) [17]ཞེས་དང་། ཡང་དེ་ཉིད་ལས། མདའས་ནི་ཕོགསྟེ། ངའི་མདའ་མ་ཡིན་ཅེས། (P.T1071)[18]ཞེས་དང་། སྲིན་བལ་གྱིས་དཀྲིས་ཏེ་རྨ་ཁར་བཞག་ན་སྨན་ཏོ། ། (P.T1057) [19] ཞེས་དང་། ཞང་ལོན་ར་གན་ཀྱྀ་ཡྀ་གེ་པ་ངོ་བོ་དང། ར་གན་ཀྱྀ་ཡྀ་གེ་པ་དང་སྟོང་མཉམ་པ་ཞིག་ལ:།(P.T1071) [20]ཞེས་དང། ཁོལ་ཡུལ་ཀྱྀ་ཕྱེད་དང། ཕྱུག་ནོར་ཀྱྀ་ཕྱེད་དང་བང་ཟ་ཀུན། ཡུས་བདག་ལ་དབངོ:། །(P.T1071)[21]ཞེས་དང། ཁོལ་ཡུལ་ཀྱྀ་ཕྱེད་དང། བང་ཟ་ཕྱུག་ནོར་ཀུན་ཀྱྀ་ཕྱེད་ཡུས་བདག་དབངོ:། །(P.T1071)[22] ཞེས་པ་སོགས་ལས་དེ་དག་ལ་ད་དྲག་ཡོད་པའི་དབང་གིས་ཀ་ཡེད་ཀྱི་ཀྱི་སྒྲ་ཐོབ་པ་ཡིན་པ་ཤིན་ཏུ་གསལ་ལོ། །རྔོག་བློ་ལྡན་ཤེས་རབ་ཀྱི《ཚད་མ་རྣམ་ངེས་ཀྱི་དཀའ་གནས་རྣམ་བཤད》ལས། བློན་པོ་དག་སྨོད་པ་ནི་མཐོང་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། ། [23]ཞེས་དང་། 《ཚད་མ་རྣམ་འགྲེལ་གྱི་ཊིཀ་ཆེན་རིགས་པའི་རྒྱ་མཚོ》ལས། ཕྱི་རོལ་པའི་རྟོག་གེ་དང་། དེ་བཞིན་གཤེགས་པས་གསུངས་པའི་རྟོག་གེའི་ཁྱད་པར་ཤེས་ལྡན་དག་གིས་བརྟག་པར་གྱིས་ཤིག ཅེས་བྱ་བའི་དོན་ཏོ། ། [24]ཞེས་དང་། 《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན》ལས། ཨ་ཡིག་ནི་མོ་གཤམ་གྱི་ཡི་གེ་ཡིན་པར་མ་ཟད་མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བྱའོ། །ཞེས་པའི་དོན་ཏོ། །[25]ཞེས་དང་། 《ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ》ལས། ཤེས་བྱ་དང་གཞལ་བྱ་མི་གཅིག་སྟེ། ཤེས་པ་ཐམས་ཅད་ཚད་མར་ཐལ་བའི་ཕྱིར་རོ། །ཞེས་ཟེར་ཏོ། ། [26]ཞེས་དང་། 《རྡོ་རྗེ་གཅོད་པ》ལས། དེ་བཞིན་གཤེགས་པ་བཞུད་དམ། བྱོན་ཏམ། བཞེངས་སམ། བཞུགས་སམ། མནལ་བར་མཛད་དོ་ཞེས་ཟེར་ན། [27]ཞེས་དང། ཡང་དེ་ཉིད་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བྲིས་ནས་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་པ་དཔག་ཏུ་མེད་པ་སྐྱེད་དོ། །ཇི་ལྟར་ཡང་དག་པར་སྟོན་ཅེ་ན། [28]ཞེས་གསུངས་པ་དང་། དེང་གི་དཔེ་འགའ་ཞིག་ཏུ་གོང་གི་ཕྲད་དེ་དག་བཅོས་པ་ནི་མོན་པ་རྡོར་གཅོད་ཀྱི་དཔེ་ཉིད་དུ་ངེས་ཤིང་། དཔེ་ཁུངས་མ་རྣམས་སུ་ཡི་གེ་ཟོར་ཡང་བའི་ཆེད་དུ་ད་དྲག་དོར་ན་ཡང་ཐོབ་ཐང་སྦྱོར་བའི་སྐབས་སུ་ད་དྲག་ཡོད་པ་ལྟར་བྱེད་དགོས་པ་ནི་སུམ་རྟགས་ཀྱི་དགོངས་པ་དྲི་མ་མེད་པ་ཡིན་པར་ངེས་ཤེས་འདྲོངས་ཐུབ་བོ། །
གཉིས་པ། སླར་བསྡུ་དང་འབྲེལ་ཏེ་ད་དྲག་གི་ཕྲད་ཀྱི་འཇུག་ཚུལ་ལ་དཔྱད་པ།
ད་དྲག་གི་ཕྲད་ཀྱི་འཇུག་ཚུལ་འདི་ལ་བཀའ་བསྟན་ལས་ན་ར་ལ་གསུམ་གྱི་རྗེས་སུ་ཏོ་སྒྲ་སྦྱར་བའི་དཔེ་མང་དུ་འབྱུང་བས་འདིར་སླར་བསྡུ་དང་འབྲེལ་ཏེ་དེའི་ཚུལ་ཅུང་ཟད་བརྗོད་པ་ན། རྫོགས་ཚིག་གི་རྫོགས་ཚུལ་ལ། འདུས་པའི་རྫོགས་པ་དང་ལྷག་མེད་ཀྱི་རྫོགས་པ་གཉིས་ཡོད།
1. འདུས་པའི་རྫོགས་པ།
འདུས་པའི་རྫོགས་པ་ནི། ཐམས་ཅད་དང་མ་ལུས་པ་ཞེས་པའི་དོནད་ཏུ་འཇུག་ཅིང་ཕྲད་ཀྱི་རྗེས་སུ་ཅོག་གི་ཚིག་གྲོགས་དང་ལྡན་པ་དཔེར་ན། 《མདོ་སྡེ》ཐ་དུམ་པ་ལས། དགེ་སློང་ཁྱོད་ཀྱིས་རྐྱེན་ཏོ་ཅོག་གི་མཚན་མ་བླངས་ཏེ། [29]ཅེས་པ་ལྟ་བུ་འབྱུང་བ་ལྟར། ངོ་རྟག་གོ་ཅོག་ནི་གྲོགས་ཀྱི་མཆོག།གཤིས་བཟང་ངོ་ཅོག་ཀྱང་དེ་བཞིན་ནོ། །ཆོས་བཤད་དོ་ཅོག་ནི་འཛིན་ནུས་ན། །ཚིག་ཕན་ཏོ་ཅོག་ལ་བཤད་ཅི་དགོས། །ལུས་དུབ་བོ་ཅོག་ལ་ཟས་ཀྱིས་གསོ། །དཔའ་ཞུམ་མོ་ཅོག་ལ་ཚིག་གིས་སྐུལ། །ཆོས་དགའ་འོ་ཅོག་གིས་དུས་བསྡམས་ནས། །བཀའ་འགྱུར་རོ་ཅོག་ལ་ཚར་རེ་མཇལ། །ཆོས་མཇལ་ལོ་ཅོག་ཀྱང་དད་པས་མཇལ། །གསུང་ཐོས་སོ་ཅོག་གི་དོན་ལ་དཔྱད། །ཆོས་དཀོན་ཏོ་ཅོག་གི་རིན་ཐང་བསམས། །ཞེས་པ་ལྟ་བུའོ། །
2. ལྷག་མེད་ཀྱི་རྫོགས་པ།
ལྷག་མེད་ཀྱི་རྫོགས་པ་ནི་ཚིག་གི་ལྷག་མའམ་ཟླ་བོ་མེད་པར་སྟོན་པ་ཡིན། དཔེར་ན། རིག་གོ །བཟང་ངོ་། །ཡོད་དོ། །ཟེར་ཏོ། །དོན་ཏོ། །ཟིན་ཏོ། །ཡིན་ཏོ། །ལྟ་བུ་ཚིག་གི་མཇུག་ཏུ་བྱུང་བ་ཐམས་ཅད་དོ། །
3. སླར་བསྡུའམ་རྫོགས་ཚིག་གི་ནུས་པ། རྫོགས་ཚིག་འདི་སྦྱར་མ་སྦྱར་གྱི་ཁྱད་པར་མེད་པ་མ་ཡིན་ཏེ་རྗོད་བྱེད་ཚིག་གི་ཉམས་འདོན་པ་དང་། དོན་སྟོན་པར་སྤང་ལ་མེ་ཏོག་ལྟ་བུ་དང་མཐའི་གསལ་བྱེད་ཀྱི་སྒྲ་སྡུད་པ་དང་ཚིག་མཚམས་གཅོད་པ་ལ་ནུས་པ་དང་ཁྱད་པར་ཆེ་སྟེ། དཔེར་ན། སྐྱེ་བོ་འདི་ཚེ་རིང་ངོ་ཞེས་པའི་ངོ་སྒྲས་གསལ་བྱེད་ཀྱི་སྒྲ་ཡིན་ཅེས་པ་སྡུད་པར་བྱེད་པ་དང་། གང་ལ་འགྲོ་ཞེ་ན་ལྷ་ས་ལའོ་ཞེས་པའི་འོ་སྒྲས་གསལ་བྱེད་ཀྱི་སྒྲ་འགྲོ་ཞེས་པ་སྡུད་པར་བྱེད་པ་དང་། དོན་འདི་སུས་བསྒྲུབས་ཤེ་ན་ཡོན་ཏན་གྱིས་སོ་ཞེས་པའི་སོ་སྒྲས་གསལ་བྱེད་ཀྱི་སྒྲ་བསྒྲུབས་ཞེས་པ་སྡུད་པར་བྱེད་པ་ལྟ་བུའོ། །ཀ་དང་ཁའི་ཚིག་གི་དབྱེ་བ་འབྱེད་པ་ལ་མཁོ་བ་སྟེ། གསུང་ངོ་ཞེས་བཞེད་པ་ཁྱད་པར་བ་བསྟན་ཏོ། །ཞེས་པ་ལྟ་བུ་ལ་མཚོན་ན། ལུང་དང་འདོད་པ་སོ་སོར་ཕྱེ་བ་ནི་སྐབས་འདིའི་རྫོགས་ཚིག་གི་ནུས་པ་ཡིན་པར་ཤེས་སོ། །
མདོར་ན། རྣམ་དབྱེ་སོ་སོའི་མཇུག་མཐའི་གསལ་བྱེད་དག་ནི་བཙན་བསྡུས་མ་ཡིན་པར་རང་རེའི་ངག་ནས་རང་བཞིན་གྱིས་ཐོན་པ་ཡིན་ཕྱིར། རྫོགས་ཚིག་གི་ཕྲད་ལ་དོན་སྟོན་པའི་ཆ་ཞིག་སྐབས་དང་བསྟུན་ནས་འབྱུང་གིའོ། །
གསུམ་པ། བཀའ་འགྱུར་ལས་བྱུང་བའི་དཔེར་བརྗོད་དང་འབྲེལ་ཏེ་དཔྱད་པ།
དེ་ལྟར་གོང་དུ་གླེང་བའི་མཁས་དབང་དེ་དག་གི་བརྟེན་སའི་ཁུངས་ཀྱང་། སློབ་དཔོན་ཐོན་མིས་མཛད་པའི་ལུང་སྟོན་པ་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྩ་བ་གཉིས་ཡིན་ཅིང། དཔེ་བརྗོད་ཀྱི་ཁུངས་ནི་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་འགྱུར་རྣམས་ཡིན་པ་བཀའ་བསྟན་ལ་མཇལ་ན་རྟོགས་ཐུབ་སྟེ། འདིར་བཀའ་འགྱུར་ལས་བྱུང་བའི་དཔེ་མཚོན་ཙམ་ཞིག་འགོད་པ་ལ། 《མདོ་རྒྱ་ཆེར་རོལ་པ》ལས། འོན་ཏམ་རྒྱལ་བ་སྲས་བཅས་རྣམས། །ཞེས་དང་། འོན་ཏམ་འདི་དག་མིག་འཕྲུལ་ལམ། ། [30]ཞེས་པ་ལྟ་བུ་ཡང་ད་དྲག་ཡོད་པའི་དབང་གིས་ཏམ་ཡིག་འཇུག་པ་དང་། 《འཕགས་པ་ཉེ་བའི་གྲོང་ཁྱེར་དུ་འཇུག་པའི་མདོ》ལས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །[31] ཞེས་དང་། 《ཁྲི་བརྒྱད་སྟོང་པ》ལས། བྱང་ཆུབ་ཀྱི་དོན་ནི་ཡང་དག་པའི་དོན་ཏོ། ། [32]ཞེས་དང་། 《མདོ་མྱ་ངན་ལས་འདས་པ་ཆེན་པོ》 ལས། མཚན་མ་དང་འདྲན་ཏོར་གྱི་དོན་ཀྱང་མེད་དོ། །ཞེས་དང་། ཡང་། རོ་གཅིག་པ་དེའི་དོན་ཀྱང་འཇིག་རྟེན་གྱི་ཐ་མལ་པའི་ཚིག་བཤད་པས་སྤྱད་ཀྱི། [33]ཞེས་པ་ལྟ་བུ་རྣམས་ཀྱང་ད་དྲག་ཟོར་ཡང་བའི་ཕྱིར་དུ་དོར་ན་ཡང་། ཕྲད་ཀྱི་འཇུག་ཚུལ་ནི་ད་དྲག་ཡོད་པ་ལྟར་སྦྱར་ཡོད་པ་འདི་ཡང་དག་ཡིན་པ་ར་སྤྲོད་ནུས་ཤིང། །དེ་བཞིན་དུ། 《ཁྲི་བརྒྱད་སྟོང་པ》ལས། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། [34]ཞེས་དང་། 《མ་དྲོས་པས་ཞུས་པའི་མདོ》ལས། ཡོངས་སུ་འཛིན་ཏོ། ། [35]ཞེས་དང་། ངོ་མཚར་ཏོ། ། [36]ཞེས་དང་། ཞེན་ཏོ། ། [37]ཞེས་དང་། གླུ་དབྱངས་ལེན་ཅིང་བཅོམ་ལྡན་འདས་ཀྱི་བསྔགས་བརྗོད་དེ། [38]ཞེས་དང་། དབུགས་འབྱིན་ཅིང་འཇོག [39]ཅེས་དང་། བཏང་སྙོམས་གྱུར་ཅིང་གཡོ་བ་མེད། །དེ་ནི་ཉེས་པ་མི་འཛིན་ཏོ། ། [40]ཞེས་དང་། གཏོར་ཏོ། ། [41]ཞེས་དང་། ཕྱིན་ཏོ། ། [42]ཞེས་པ་ལྟ་བུ་མང་དུ་འབྱུང་ཞིང་དཔེ་འདི་དག་ནོར་བར་མི་སེམས་ཏེ། ཡང་འཇུག་ད་དྲག་གི་དཔེ་རྣམ་དག་དང་འཁྲུལ་མེད་འབའ་ཞིག་གོ །དེ་ཡང་ཡིན་ཏེ། 《ཤེར་ཕྱིན་ལྔ་བཅུ་པ》 ལས། ཉན་ཏམ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། [43]ཞེས་པ་ལྟ་བུ་བགྲང་གིས་མི་ལངས་པ་བཀའ་བསྟན་ལ་འདུག་སྟེ། དཔེར་ན། འཛིན་ཀྱང་། འཛིན་ཏོ། །སྒྱེལ་ཏོ། །བྱོན་ཏོ། །ཁ་འདྲེན་ཏོ། །འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་ིམདོ། སྙན་ཅིང་འཇེབས་པའི་ཚིག་དང་ལྡན་པ། ལེན་ཏོ། །ལེན་ཅིང་། རྟེན་ཏོ། །རྟེན་ཅིང་། འགུལ་ཏོ། །ཞེས་པ་ལྟ་བུས་རིགས་བསྒྲེ་ནུས་པ་དང། 《མར་མེའི་ལོ་རྒྱུས》ལས། གཟུགས་ན་སྤྱོད་པའི་ལྷ་རྣམས་ཏིང་ངེ་འཛིན་ཀྱིས་དགའ་བདེ་རྩེ་གཅིག་པ་ཉམས་སུ་མྱོང་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག[44] ཅེས་འཛིན་གྱི་རྗེས་སུ་ཀ་ཡེད་ཀྱི་ཀྱིས་ཐོབ་པ་འདི་ད་དྲག་གི་དཔེ་འཁྲུལ་མེད་ཅིག་ཡིན་ཏེ། གོང་དུ་དཔེར་བརྗོད་པ་ལྟར་ཨ་ལ་ཤས། དཔེ་དག་པ་རྣམས་སུ་ཏིང་ངེ་འཛིན་ཀྱི་ཡུལ། ཅེས་གསུངས་པ་དང་། གསེར་ཏོག་ཚང་གིས། ཡུམ་མཚལ་དཔར་མ་སོགས་ཚད་ཐུབ་ཀྱི་གཞུང་ལ་བརྟེན་ནས་ཐོབ་ཚུལ་ཤེས་པ་གལ་ཆེའོ། །ཞེས་གདམས་པ་སོགས་ནི་རང་དགར་འདོར་རུང་བའི་ཚིག་ཅིག་མ་ཡིན་ཏེ། གཏན་ཚིགས་དང་ལྡན་པའི་རྗོད་བྱེད་རྣམ་དག་ཅིག་ཏུ་ཁོ་བོས་སེམས་ཤིང་ངེས་པར་ལག་ལེན་ཏུ་གདབ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ། ། དེ་དང་མཚུངས་པར《མདོ་མྱང་འདས》ལས། ཀྱེ་མ་ཁེབས་སོ་ཁེབས་སོ་ཞེས་ཀྱང་ཟེར་ཏོ། ། [45] ཞེས་དང་། གསལོ་བ་གདབ་བོ་ཞེས་ཟེར་ཏོ། །ཞེས་དང་། ཞུ་བར་བྱའོ་ཞེས་ཀྱང་ཟེར་ཏོ། ། [46]ཞེས་དང་། གདུང་གདུང་སྐད་དུ་གླུ་དབྱངས་ལེན་ཏོ། ། [47]ཞེས་དང་། མེ་ཏོག་དྲི་ཞིམ་པོའི་སིལ་མས་གཏོར་ཏོ། ། [48]ཞེས་དང་། འདི་སྐད་ཅེས་གསོལ་ཏོ། ། [49]ཞེས་དང་། ཀུ་མུད་ཤིང་རྟའི་འཕང་ལོ་ཙམ་ཤ་སྟག་གིས་བརྒྱན་ཏོ། ། [50]ཞེས་དང་། སྨྲེ་སྔགས་འདོན་ཅིང་། [51]ཞེས་དང་། དེ་སྐད་མ་ཟེར་ཅིག [52]ཅེས་དང་། འདུ་ཤེས་རྟེན་ཅིང་བསྒོམས། [53]ཞེས་དང་། བདག་ནི་སྡིག་པ་ཐམས་ཅད་ལ་ཐར་ཏོ་སྙམ་ནས་ཆང་བཏུང་བ་ཅིར་ཡང་མི་རུང་བར་ཤས་ཆེར་བསྐོས་ཏེ་སྤོང་བར་བགྱིད་པ། [54]ཞེས་དང་། དོན་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། ། [55]ཞེས་དང་། གསེག་མ་བཞིན་དུ་ནོར་ཅིང་དོན་མེད་པར་གྱུར་ཏ་རེ། [56] ཞེས་དང་། བདུག་པ་རྣམས་བྱིན་ཅིག [57]ཅེས་དང་། འཛིན་ཀྱང་དོང་ལ། [58]ཞེས་དང་། དེ་ལྟར་སྟོན་དུ་ཟིན་ཀྱང་། བསླབས་སུ་ཟིན་ཀྱང་། [59]ཞེས་དང་། ཟླ་བ་ཤར་ཏོ་ཞེས་བྱ་བའི་སྒྲ་ཡང་མི་ཐོས་སོ། །ལེན་ཅིང་ཟའོ་ཞེས་དང་། [60]ཞེས་དང་། ཀུན་ཏུ་རབ་ཀུན་ཏུ་རབ་ཅེས་བྱ་བ། [61]ཞེས་དང་། རྫས་ངན་དུ་འདུན་ཅིང་སྤྱོད་པ་ངན་པ། [62]ཞེས་དང་། སྟོན་ཀྱང་ཉེས་པར་མི་འགྱུར། [63] ཞེས་དང། བསམ་དང་ལས་ཀྱི་དོན་ཀྱང་མཆིས།[64] ཞེས་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་མི་དགོས་པར་འཛིན་ཀྱང་གཞི་གསུམ་མཆོག་ཏུ་རྟག་པའི་རྒྱུས་ན། [65]ཞེས་དང་། ད་དུང་དོགས་པ་སེལ་བར་བྱེད་མི་ཐུབ་སྙམ་ན། སློབ་དཔོན་ཐོན་མི་རང་གིས་བསྒྱུར་པའི《མདོ་སྡེ་དཔང་སྐོང་ཕྱག་རྒྱ་པ》ལས། རྟག་ཏུ་རྒྱུན་མི་ཆད་པར་མཆོད་ཅིང་འདོན་ཏོ། །ཞེས་དང་། སྦྱངས་ཤིང་བསལ་ཏོ། །ཞེས་དང་། གཞིག་ཅིང་གདོན་ཏོ། ། [66]ཞེས་གསལ་བར་གསུངས་པ་འདི་ལ་སོམས་དང་། ད་དྲག་ཟོར་ཡང་བའི་ཕྱིར་དུ་དོར་ན་ཡང་དེའི་འཇུག་གི་ཕྲད་ནི་ད་དྲག་ཡོད་པ་ལྟར་སྦྱོར་དགོས་པ་འདི་དང་པོའི་སློབ་དཔོན་མཁན་པོ་ཐོན་མི་སམ་བྷོ་ཊའི་དགོངས་པ་དངོས་ཡིན་པ་ལ་སུ་ཞིག་གིས་བསྙོན་ནུས། འོ་ན། བཀའ་བསྟན་ལས་ད་དྲག་གི་ཕྲད་ཀྱི་སྦྱོར་ཚུལ་ལའང་མི་མཐུན་པ་མང་དུ་གནས་པ་དེ་ཅི་ཡིན་ཅེ་ན། དེ་ལའང་རིགས་གཉིས་ཡོད་དེ། ད་དྲག་ཡོད་པ་ལྟར་ཕྲད་སྦྱར་ཡོད་པ་རྣམས་ནི་དག་ཅིང་ཁུངས་ལྡན་ཡིན་ཅིང་། ད་དྲག་ཐོབ་ངེས་པ་ལ་ཕྲད་སྦྱོར་སྐབས་མེད་པ་ལྟར་སྦྱར་བ་དག་ནི། ཞུས་ཆེན་པ་དག་གིས་ཐུགས་མཉམ་མ་བཞག་པར་བར་ལམ་སྐེད་ལམ་ནས་ཤོར་བར་ཟད་དོ། །དེ་ལྟར་ལག་ལེན་ཏུ་གདབ་དཀའོ་སྙམ་ན་དེ་ནི་སྲོལ་བཟང་སྣུབ་བྱེད་དང་ཁུངས་མེད་ལུགས་མེད་ཀྱི་གནས་ལས་མ་འདས་སོ། །
དེའི་ཕྱིར། རྗེས་འཇུག་ན་ར་ལ་གསུམ་ལ་ད་དྲག་འཐོབ་པ་དང་མི་འཐོབ་པའི་རྣམ་གཞག་ཇི་ལྟ་བུ་ཞེ་ན་བཤད་པར་བྱ་སྟེ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་འཆད་པའི་སྐབས། མ་ནིང་གསུམ་ལས། མིང་གཞིའི་ཕོ་ཡིག་གི་མཐར་ཡང་འཇུག་ཡོད་མེད་གཉིས་ལས་ཡོད་པ་ཅན་གྱི་འགྱུར་བ་མ་ནིང་དང་། མིང་གཞིའི་མོ་ཡིག་གི་མཐར་ཡང་འཇུག་ཡོད་པ་སྒྲ་བར་མ་ལ་དྲག་ཞན་གཉིས་ཀའི་ཆ་དང་ལྡན་པ་མཚན་གཉིས་མ་ནིང་དང་། མིང་གཞིའི་མ་ནིང་གི་མཐར་ཡང་འཇུག་ཡོད་མེད་གཉིས་ལས་ཡོད་པ་ཅན་རྣམས་ནི་ད་དྲག་གི་འཇུག་ཚུལ་དང་། དེ་དང་མཚུངས་པར་དེའི་ཕྲད་རྣམས་ཀྱང་ཡང་འཇུག་ད་དྲག་དོར་ན་ཡང་། སྔ་སོར་བཞིན་ད་དྲག་ཡོད་པ་ལྟར་སྦྱོར་དགོས་པ་ནི་གངས་ཅན་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་གི་དགོངས་པ་མ་འཁྲུལ་བ་ཡིན་པར་སེམས་སོ། །དེ་ལྟར་ན་རྗེས་འཇུག་མ་ནིང་གི་ཡི་གེ་ན་ར་ལ་གསུམ་གྱི་རྗེས་སུ་ད་དྲག་ཐོབ་ངེས་པ་རྣམས་ལ་ནི་ད་དྲག་དངོས་སུ་མི་འབྲི་ཡང། ཕྲད་རྣམས་ནི་ངེས་པར་དུ་ཡོད་པ་ལྟར་སྦྱོར་དགོས་ཏེ། དཔེར་ན། སླར་བསྡུའི་ཏོ། ལ་དོནད་ཀྱི་ཏུ། ཨི་ལྡན་གྱི་ཀྱི་དང་ཀྱིས། ཚིག་རྒྱན་གྱི་ཀྱང་། ལྷག་བཅས་ཏེ་ལ་འཁྲུལ་བ་མི་འབྱུང་སྟེ། ན་ར་ལ་ས་དྲག་མཐར་ཏེ་ཞེས་པས་སོ། །དེ་བཞིན་དུ། འབྱེད་སྡུད་ཀྱི་ཏམ། ཞེས་པའི་ཕྲད་རྣམས་ལག་ལེན་དངོས་ཀྱི་ཁྲོད་ཇི་བཞིན་དུ་སྦྱར་ཏེ་བརྡ་སྤྲོད་གཞུང་གི་ཆོས་ཉིད་ལྟར་སྦྱོར་རྒྱུ་ནི། རིགས་གཞུང་གཉེར་པ་ཀུན་ཀྱིས་སེམས་རྣལ་དུ་ཕབ་སྟེ་དཔྱད་དགོས་པའི་དོན་གལ་ཆེན་ཞིག་ཏུ་འཁུམས་སོ། །
ད་དུང་དོགས་གནས་ཤིག་ཡོད་པ་ནི། ལས་ཚིག་གཅིག་ལ་ད་དྲག་ཡོད་མེད་གཉིས་འབྱུང་བ་དག་ཇི་ལྟར་ཐག་གཅོད་དགོས་པ་སྟེ། དཔེར་ན། ཕྱག་འཚལ་ལོ། །ཞེས་པ་དང་། ཆ་མ་འཚལ་ཏོ། །ཞེས་པ་ལྟ་བུ་དང་། འདི་ནི་ཤར་རོ། །ཞེས་དང་། ཡིད་ལ་ཤར་ཏོ། །ཞེས་པ་ལྟ་བུའི་འཚལ་སྔ་ཕྱི་གཉིས་ལས་སྔ་མ་བྱ་ཞེས་པའི་དོན་མ་འོངས་པ་སྟོན་པ་དང་། ཕྱི་མའི་འཚལ་ཞེས་པ་ལྟ་བུ་ཤེས་ཞེས་པའི་དོན་ལ་འཇུག་པ་དང། དཔེ་གཉིས་པའི་ཤར་སྔ་མ་དེ་མིང་སྟེ་ཕྱོགས་སྟོན་པའི་མིང་ཡིན་ཕྱིར་ད་དྲག་མེད་པར་རྫོགས་ཚིག་གི་ཕྲད་རོ་སྦྱར་བ་དང་། ཤར་ཕྱི་མ་ནི་བློ་ངོར་འཆར་བའི་དོན་དུ་འཇུག་པའི་ད་དྲག་གི་ཏོ་སྦྱར་བ་འདི་ལྟ་བུའི་རིགས་རྣམས། དུས་གསུམ་དང་ལས་ཚིག་གི་དོན་ལ་ཡང་རག་ལས་ཡོད་པ་ཞིག་ཏུ་མཐོང་ཞིང། ཕྲད་གཞན་རྣམས་སྦྱོར་བའི་སྐབས་སུ་དབྱེ་བ་འབྱེད་དཀའ་བ་དང་། གཞན་ཡང་། ད་དྲག་གི་འཇུག་ཚུལ་དེ་དབྱངས་བཞི་དང་སྔོན་མིང་རྗེས་གསུམ་ལ་འབྲེལ་པ་ཡོད་མིན་དང་། མིང་གཞིའི་རྟགས་ཀྱི་དབྱེ་བ་དང་འབྲེལ་བ་ཡོད་མིན། ཡོད་ན་ཇི་ལྟར་ཡོད་ཚུལ་དང་མེད་ན་རྒྱུ་མཚན་གང་གིས་སྒོ་ནས་ད་དྲག་མི་འཐོབ་པ་དང་། སྒྲ་གདངས་དྲག་ཞན་གྱི་འགྱུར་བ་ལ་རག་ལས་ཚུལ་ཇི་ལྟར་ཡིན་པ་སོགས་ལ་ད་སྔ་དཔེའི་སྒོ་ནས་གསལ་བཤད་བྱེད་པ་ཙམ་མ་གཏོགས། བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་ཆོས་ཉིད་ཅིག་དང་སྒྲུབ་བྱེད་ཡང་དག་ཅིག་རྙེད་མ་བྱུང་བས་བློ་ལྡན་རྣམས་ཀྱིས་བསམ་པར་རིགས་སོ། །ཛ
ཟུར་བལྟའི་དཔྱད་གཞི།
[1]རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་གསུང་འབུམ།[Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009:665.
[2] སུམ་རྟགས་དགོངས་འགྲེལ་ཀུན་བཟང་དགོངས་རྒྱན།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང། 1980:35.
[3]སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་བསྒྲིགས་པ་མུ་ཏིག་ཕྲེང་བ[Z] 1997:258.
[4] [5] [13][14][15] ཐོན་མིའི་ཞལ་ལུང་།[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981:85-86.85.88.89.77.
[6] [10] ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།[M] མི་རིགས་དཔེ་སྐྲུན་ཁང་། 1982:23-23.9.
[7] [8] [9]གསེར་ཏོག་སུམ་རྟགས།[M] མི་རིགས་དཔེ་སྐྲུན་ཁང་། 1959:59.202.203.
[11] [17] [18] [19] [20] [21] [22]བསོད་ནམས་སྐྱིད་དང་དབང་རྒྱལ་གཉིས་ཀྱིས་བསྒྲིགས་ཏེ་འགྲེལ། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ།[Z] མི་རིགས་དཔེ་སྐྲུན་ཁང་། 1983: 204.204.22.309.26.28.29.
[12] བཀའ་གདམས་ཕ་ཆོས།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994:19.
[16] [25] ཀརྨ་སི་ཏུའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས།[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986:72-73.126.
[23] རྔོག་བློ་ལྡན་ཤེས་རབ། ཚད་མ་རྣམ་ངེས་ཀྱི་དཀའ་གནས་རྣམ་བཤད[M] ཀྲུང་གི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994:3.
[24] མཁས་གྲུབ་རྗེ། ཚད་མ་རྣམ་འགྲེལ་གྱི་ཊིཀ་ཆེན་རིགས་པའི་རྒྱ་མཚོ།[M] མདོ་སྟོད་འཇང་དགུན་གྲ་སྒྲིག་ཚོགས་ཆུང་གིས་པར་དུ་བསྐྲུན། འཚེ་མེད་ཞི་བའི་ལམ་སྟོན་པོད15པ། 24.
[26] མཁས་གྲུབ་རྗེ། ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ།[M] མི་རིགས་དཔེ་སྐྲུན་ཁང་། 19.
[27] [28] བྱ་ཁྱུང་ཡོན་ཏན་ཐེག་ཆེན་དར་རྒྱས་གླིང་གི་ཤིང་པར་གཞིར་བཟུང་ནས་སྔགས་འཆང་གུ་རུས་བསྒྲིགས། དུས་བབ་ཞལ་འདོན།[Z] མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ཞབས་ཞུ་ཁང་ནས་པར་དུ་བསྐྲུན། 2010:57.69. བཀའ་འགྱུར་དཔེ་བསྡུར་མའི་ཤེས་རབ་སྣ་ཚོགས་ཀ་དུམ་པ། 355.357.
[29] 《བཀའ་འགྱུར་དཔེ་བསྡུར་མ》མདོ་སྡེ་ཐ། 《སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ》 398. 《སྡེ་དགེ་བཀའ་འགྱུར》 ཤིང་དཔར། མདོ་སྡེ་ཐ།157.
[30] མདོ་སྡེ་ཆ། 411.
[31] 《བཀའ་འགྱུར་དཔེ་བསྡུར་མ》 མདོ་སྡེ་ས། 446.
[32] 《བཀའ་འགྱུར་དཔེ་བསྡུར་མ》ཁྲི་བརྒྱད་སྟོང་པ་ག 51
[33] 《བཀའ་འགྱུར་དཔེ་བསྡུར་མ》མདོ་སྡེ་ཆ། མྱང་འདས། 411.
[34] 《བཀའ་འགྱུར་དཔེ་བསྡུར་མ》ཁྲི་བརྒྱད་སྟོང་པ་ག 539.
[35] [36] [37] [38] [39] [40] [41] [42]《བཀའ་འགྱུར་དཔེ་བསྡུར་མ》མདོ་སྡེ་ཕ། 549.559.568.581.582.715.723.
[43] 《བཀའ་འགྱུར་དཔེ་བསྡུར་མ》ཤེས་རབ་སྣ་ཚོགས་ཀ 389.
[44] 《བཀའ་འགྱུར་དཔེ་བསྡུར་མ》འདུལ་བ་པ། 891-892.
[45] [46] [47] [48] [49] [50] [51] [52] [53] [54] [55] [56] [57] [58] [59] [60] [61] [62] [63] [64] [65] 《བཀའ་འགྱུར་དཔེ་བསྡུར་མ》མདོ་སྡེ་ཐ། 4.5.12.13.24.41.42.58.6 6.68.70.73.118.124.143.158.161.196.197.242.324.
[66]《བཀའ་འགྱུར་དཔེ་བསྡུར་མ》མདོ་སྡེ་ཡ། 9.