༄༅།།གླིང་གེ་སར་རྒྱལ་པོའི་སྒྲུང་ལས་ཆང་གི་རིག་གནས་སྐོར་གླེང་བ།

རྡོ་རྗེ་འབུམ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་རིགས། སྤེལ་དུས། 06-15




རྡོ་རྗེ་འབུམ།

        སྤྱིར་ཆང་ནི་སྤྱི་ཚོགས་སྟེང་དར་སྔ་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ་གསོ་བ་རིག་པའི་ནང་དུའང་ཆང་གི་ཕན་ནུས་རྒྱ་ཆེར་བསྟན་ཡོད། ཆང་ནི་གནའ་སྔ་མོ་ཞིག་ནས་ཡོད་པ་མ་ཟད། གསོ་བྱེད་ཀྱི་རྒྱུ་མཆོག་ཏུ་གྱུར་བ་ཞིག་ཡིན་པའང་ཤེས་ཐུབ་ལ། ཆང་གིས་འགྲོ་བ་སེམས་ཅན་ཀུན་ལ་བདེ་སྐྱིད་ཀྱི་དཔལ་སྟེར་བ་དང་། ཆང་ནི་གླུ་གར་གྱི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཏུ་གྱུར་བ། དེ་མིན་ལྷ་མཆོད་དང་ཀླུ་མཆོད་སོགས་ཀྱི་སྐབས་སུའང་དགོས་གལ་ཆེ་བའི་མཆོད་རྫས་རིགས་ཤིག་ཡིན་པར་མ་ཟད། ཆང་གི་སྐོར་ལ་ཆང་དར་སྲོལ་དང་། ཆང་བསྙལ་སྲོལ། ཆང་འདྲེན་སྲོལ། ཆང་གི་ཕན་ནུས། ཆང་གི་ཉེས་དམིགས་། ཆང་གི་རིགས་སོགས་མདོར་ན་ཆང་ནི་འཛམ་གླིང་མིའི་རིགས་ཁྲོད་དུ་དར་ཁྱབ་ཆེ་ཞིང་རིན་ཐང་ལྡན་པའི་དམངས་སྲོལ་རིག་གནས་ཤིག་ཡིན་པས་རེབ་འདིར་གེ་སར་སྒྲུང་ལས་ཆང་གི་རིག་གནས་སྐོར་གནད་དུ་བཟུང་ཡོད།

   གཅིག གེ་སར་སྒྲུང་ལས་ཆང་བསྙལ་ཚུལ་གྱི་སྐོར།
   བཀྲ་ཤིས་གཡང་དུ་འཁྱིལ་བའི་སྨོན་ལམ་དང་། དོན་ཀུན་ཡིད་བཞིན་འགྲུབ་པའི་རྟེན་འབྲེལ། དཔའ་བོ་གཡུལ་ཏུ་འགྲོ་བའི་དཔུང་གྲོགས་སོགས་སུ་མེད་དུ་མི་རུང་བ་ནི་ཆང་ཡིན་ཏེ། ཆང་བཙགས་སྲོལ་དང་བསྙལ་སྲོལ་ནི་སྲིད་པ་ས་ལ་ཆགས་ཤིང་ཟས་སུ་འབྲུ་རིགས་བཟའ་བ་ནས་བཟུང་ཡོད་དེ།《སྲིད་པའི་ཡས་གཏམ་མས་གཏམ》དུ“ཆང་རབས་ཆང་རབས་ཟེར་མི་ཚོ།། ཆང་གི་ཕ་མ་བུ་གསུམ་ཤོད།། ཕབ་ཀྱི་ཕ་མ་བུ་གསུམ་ཤོད།། ཆུ་ཡི་ཕ་མ་བུ་གསུམ་ཤོད།། ནས་ཀྱི་ཕ་མ་བུ་གསུམ་ཤོད།།”ཅེས་བཀོད་ཡོད་པ་དང་ཡང“ཆང་གི་ཕ་མ་བུ་གསུམ་སྟེ།། ཆང་གི་ཕ་ནི་ཕབ་རེད།། ཆང་གི་མ་ནི་ནས་རེད།། ཆང་གི་བུ་ནི་ཆུ་རེད།།”སོགས་བཀོད་ཡོད་པ་དང་། ཆང་བྱུང་ཚུལ་གྱི་སྐོར་ལ《བཤད་པ》རུ། “ཆུ་གཙང་བོ་གསོལ་ཇ་འདྲེན་འདྲེན་བྱས།། ནས་མྱུ་གུ་རྦ་རླབས་འཕྱུར་འཕྱུར་བྱས།། ཟོར་གོར་མོས་ཐང་མ་སྡུད་སྡུད་བྱས།། ཆང་བསྙལ་བའི་རྟེན་འབྲེལ་དེ་ནས་འགྲིག”ཞེས་བཀོད་ཡོད་པ་ལས་ཆང་ནི་གནའ་སྔ་མོ་ནས་བོད་མི་རྣམས་ཀྱི་སོ་ནམ་ཀྱི་འབྲས་སུ་སྨིན་པའི་ནས་འབྲུ་ལས་བྱུང་བ་ང་ཚོས་ཀྱང་ཤེས་ལ། གཞན་ཡང་གེ་སེར་སྒྲུང་ལས་ཆང་བསྙལ་བའི་རིག་གནས་ཀྱང་ཕུན་སུམ་ཚོགས་པ་ཡོད་དེ།《བཀྲ་ཤིས་སྨོན་ལམ་ལྔ་བར》སེང་ལྕམ་འབྲུག་མོས་ཆང་བསྙལ་བའི་སྐོར་དུ། “བདུད་རྩི་འདི་ཡི་བསྙལ་ལུགས་ལ།། ལོ་ལ་བསྙལ་བའི་ལོ་ཆང་ཡིན།། ལོ་ཆང་ཁམ་བུའི་ཆང་བཅུད་ཡིན།། ཟླ་ལ་བསྙལ་བའི་ཟླ་ཆང་ཡིན།། ཟླ་ཆང་བསིལ་མ་བཟི་ཁ་རྒོད།། ཞག་ལ་བསྙལ་བའི་ཞག་ཆང་ཡིན།། ཞག་ཆང་གསར་བ་ཞིམ་ཤ་ཆེ།།”ཞེས་དང་ཡང“ལོ་ལ་བསྙལ་བའི་ལོ་ཆང་།། ལོ་ཆང་ཁམ་བུ་རག་ཤ།། ཟླ་ལ་བསྙལ་བའི་ཟླ་ཆང་།། ཟླ་ཆང་བདུད་རྩི་བསིལ་མ།། ཞག་ལ་བསྙལ་བའི་ཞག་ཆང་།། ཞག་ཆང་གསར་བའི་རྩི་བཅུད།།”སོགས་དང་ཆང་བསྙལ་བའམ་ཆང་བཙགས་པའི་རིག་གནས་འདི་ནི་དམངས་ཁྲོད་ལ་དར་སྔ་ཞིང་རང་གི་ལག་ལེན་ཁྲོད་བྱུང་བའི་རིག་གནས་ཤིག་ཡིན་པས། 《ཧོར་གླིང་གཡུལ་འགྱེད་》“དངུལ་དམ་ནང་གི་ཆང་འདྲེན་འདི།། ན་ནིང་བཙོས་པའི་ལོ་ཆང་དང་།། ད་ལོ་བཙོས་པའི་ཟླ་ཆང་ཡིན།། ཁ་སང་བཙོས་པའི་ཞག་མའི་ཆང་།། ” ཞེས་པ་འདིའི་ཆང་ནི་ནས་འབྲུ་བཙོས་པ་ལས་བྱུང་བའི་རླངས་པ་ཡིན་ལ། ཆང་དེའི་རིགས་འཐུང་ན་ཁ་ལ་ཞིམ་ཞིང་ཁོག་ལ་བདེ་བས་ཕན་ནུས་ཆེན་པོ་ལྡན་པ་དང་། ད་དུང་འབྲས་སོགས་འབྲུ་རིགས་གཞན་དག་ཕབ་ནས་ལེན་ཚུལ་ཀྱང་ཡོད་པས། ཆང་བསྙོལ་བ་ནི་བོད་ཀྱི་དམངས་སྲོལ་རིག་གནས་མཆོག་དུ་གྱུར་བ་ཞིག་ཡིན་པ་མ་ཟད། གེ་སར་སྒྲུང་སོགས་བོད་ཀྱི་དམངས་ཁྲོད་རྩོམ་རིག་མང་པོའི་ནང་དུ་རྣམ་པ་འདི་དག་ཉར་ཚགས་དང་རྒྱུད་འཛིན་བྱས་ཡོད།
   གཉིས། གེ་སར་སྒྲུང་ལས་ཆང་གི་རིགས་དང་དབྱེ་བ།
   སྤྱིར་འཛམ་བུ་གླིང་དང་སྒོས་སུ་བོད་གངས་ཅན་གྱི་ལྗོངས་འདིར་ཆང་དར་བའི་ལོ་རྒྱུས་ནི་ཤིན་ཏུ་རིང་སྟེ། སྐབས་སུ་བབས་པ་ནི་གེ་སར་སྒྲུང་ལས་ཆང་དར་ཞིང་ལོངས་སུ་སྤྱོད་པའི་ཡུལ་ནི《བདུད་ལེའུ》“ཤར་རྒྱ་ནག་ཡུལ་གྱི་གྲོ་ཆང་ཡིན། ལྷོ་འབྲས་མོ་ལྗོངས་ཀྱི་འབྲས་ཆང་ཡིན། ནུབ་བལ་བོའི་ཡུལ་གྱི་བུར་ཆང་ཡིན། ཚ་བ་རོང་གི་རྒུན་ཆང་ཡིན།”སོགས་ཆང་དར་ཚུལ་གྱི་ཡུལ་ངོས་འཛིན་མཛད་ཡོད་པ་དང་། སྐབས་དེར་འཛམ་བུ་གླིང་ལ་དར་ཡོད་པ་མ་ཟད་གངས་ཅན་བོད་ལའང་དར་ནས་ལོ་མང་པོ་ཞིག་སོང་ཡོད་པཤེས་ཐུབ། དེ་བཞིན་དུ《རྟ་རྒྱུགས་དཔྱིད་ཀྱི་ཉི་མ》རུ་སེང་ལྕམ་འབྲུག་མོས་ལྷ་སྲས་ཡིད་བཞིན་ནོར་བུར་ཇ་ཆང་འདྲེན་པའི་གླུའི་ནང་དུ“གཡོན་དངུལ་དེམ་ནང་གི་ཆང་འདྲེན་འདི།། སེང་གེ་དཀར་མོའི་འོ་མ་དང་།། གཡུ་འབྲུག་སྔོན་མོའི་ཁ་ཆུ་བསྲེས།། ནག་པོ་རྒྱ་ཡི་འབྲས་ཆང་དང་།། སྒང་པ་བོད་ཀྱི་འབྲུ་ཆང་དང་།། སེར་བོ་ཧོར་གྱི་རྒུན་ཆང་བཅས”ཞེས་པ་དང《ཧོར་གླིང་གཡུལ་འགྱེད》 གླིང་དམག་ཧོར་ཡུལ་ཏུ་ཆས་སྐབས་སུ་སེང་ལྕམ་འབྲུག་མོས་དཔའ་རྟུལ་རྣམས་ལ་སྐྱེམས་ཆང་དྲངས་པར“ཡར་ཡུལ་སྟོད་ཀྱི་བུར་དཀར་ཆང་།། མར་ཡུལ་སྨད་ཀྱི་བུར་སྨུག་ཆང་།། ཚ་བ་རོང་གི་རྒུན་དཀར་ཆང་།། འབྲས་མོ་ལྗོངས་ཀྱི་འབྲས་དཀར་ཆང་།།”ཞེས་བཀོད་ཡོད་པར་བལྟས་ན་ཧོར་གླིང་གཡུལ་འགྱེད་སོགས་བྱུང་དུས་སུ་ཆང་གི་རིགས་མང་པོ་དར་ཡོད་པར་མ་ཟད། གྲོ་ཆང་དང་འབྲས་ཆང་། བུར་ཆང་། རྒུན་ཆང་། འབྲུ་ཆང་སོགས་ཆང་གསོལ་དུ་དགའ་ཞིང་། ཆང་ནི་བོད་མིའི་འཚོ་བའི་ནང་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
   གསུམ། གེ་སར་སྒྲུང་ལས་ཆང་གི་ཕན་ནུས་སྐོར།
   དེ་ཡང་འཛམ་གླིང་སྒང་འདིར་གསོ་རིག་དར་བ་ནས་བཟུང་བདུད་རྩི་ཆང་ནི་གསོ་བ་རིག་པ་ལས་གསོ་བྱེད་ཀྱི་སྨན་སྣ་ཕུན་སུམ་ཚོགས་པ་ཡིན་པའང《རིན་ཆེན་སྨན་ཡིག་གཅེས་བསྡུས》“བདུད་རྩི་གསང་ནན་གྱི་མཆོད་པ་ནི། དུག་ལྔ་སྨན་གྱུར་འབྲུ་མཆོག་བཅུད།། བདུད་རྩི་དམ་པ་དཔའ་བོའི་རྫས།། ཛ་གད་རོ་མཆོག་སྟོང་ལྡན་པ།། ཟག་མེད་བདེ་སྐྱིད་མཆོག་འབུལ་བཞེས།།”ཞེས་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་གསོ་རིག་རྒྱུད་བཞི་རུ་བདུད་རྩི་ནི་མེད་དུ་མི་རུང་བ་ཡིན་པ་བསྟན་ཡོད་ལ། གསོ་རིག་སྐབས་ཀྱི་བདུད་རྩི་སྨན་གྱི་སྦྱོར་བ་ནི་རྫས་སྣ་མང་བ་ཁོ་ནས་མི་ཆོག་པར་མཆོད་གཏོར་སོགས་གསང་བ་སྔགས་ཀྱི་སྦྱོར་བ་མང་པོ་ལ་བསྟེན་ནས་འགྲོ་བ་སེམས་ཅན་མ་ལུས་སྡུག་བསྔལ་ནད་ལས་གྲོལ་ཕྱིར་སློབ་དཔོན་པད་མས་བསྒྲུབ་པའི་སྨན་སྦྱོར་གྱི་རིག་གནས་མིང་གྲགས་ཤིག་ཡིན་པ་དང་བོད་རང་གི་ཐུན་མོང་མ་ཡིན་པའི་གསོ་བྱེད་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན། ང་ཚོས་སྔོན་ནས་གླེང་ཟིན་པ་ལྟར་བདུད་རྩི་ཆང་ནི་བསང་མཆོད་དང་རིམ་གྲོ་བསྒྲུབ་སྐབས་མཁོ་ལ། ཇ་སྟོན་དང་གཉེན་སྟོན། སྐྲ་སྟོན་སོགས་བཀྲ་ཤིས་པའི་བྱ་བ་ཆེ་ཆུང་གང་དང་གང་ཡིན་ལ་མཁོ་བ་དང་། གཞན་དཔའ་བོ་གཡུལ་ཏུ་ཆས་སྐབས་སོགས་སུའང་མེད་དུ་མི་རུང་བ་ཞིག་སྟེ། 《བཀྲ་ཤིས་སྨོན་ལམ་ལྔ་བ》ལས། “ཆང་འདི་ཞལ་ལ་མཆོད་པ་ན།། དཔའ་རྩལ་ཐོག་ལས་མྱུར་བ་ཡིན།། སྙིང་སྟོབས་མེ་ལྕེ་རང་འབར་ཡིན།། དོན་ཆེན་འགྲུབ་པའི་གྲུབ་ཆང་ཡིན།། བཀྲ་ཤིས་འཛོམས་པའི་གཡང་ཆང་ཡིན་།། ངས་ཁྲ་མོ་གླིང་གི་ལས་དམག་ལ།། བདུད་རྩི་ཆང་འདིས་སྐྱེལ་མ་ཞུ།། ཆང་དེ་རིང་དྲངས་པའི་རྟེན་འབྲེལ་གྱིས།། སང་ཡང་ཡང་འདྲེན་པའི་སྨོན་ལམ་འདེབས།།” ཞེས་བཀོད་ཡོད་པ་དང་ཡང་“བཀྲ་ཤིས་གཡང་གི་ཉིན་མོ་འདིར།། ངེད་མ་སྲུ་ལྷ་ཡི་མེ་ཏོག་ཚོས།། འཆི་མེད་བདུད་རྩིའི་ཆང་མཆོད་འབུལ།། ངའི་ལག་གི་རྟགས་བརྒྱད་དཀར་ཡོལ་ནང་།། བདུད་རྩི་ཆང་གིས་ལྟེམས་སེ་ཡོད།། འདི་ཨོ་རྒྱན་པད་མའི་ཚོགས་ཆང་ཡིན།། མ་གྲུབ་པ་རྒྱལ་མོའི་ཚེ་ཆང་ཡིན།། གསོལ་ན་ཚེ་ཡི་བར་ཆད་སེལ་སོགས་དང་།།”གཞན་ཆང་གི་ཁྱད་མཚར་གྱི་རིག་གནས་ནི་སྙིང་ཆུང་སྡར་མ་ལ་སྙིང་སྟོབས་བསྐྱེད་བྱེད་དུ་བདུད་རྩི་ཆང་ལས་མེད་པས་ཆང་གིས་འགྲོ་ཀུན་སྡུག་བསྔལ་ནད་ལས་གྲོལ་ཐུབ་ལ་སྐྱིད་པའི་དཔལ་ལ་རོལ་ཐུབ་པ་དང་། རྒྱལ་ཁའི་དཔང་པོ་ཡང་ལེན་ཐུབ་པས་ཆང་གི་ཕན་ནུས་ནི་བཤད་པའི་ཆོག་མི་ཤེས་པ་ཞིག་ཡིན་ལ། གླུ་གར་གྱི་སྣ་འདྲེན་དང་གཏམ་གྱི་སྒོ་འབྱེད། མི་དང་མིའི་བར་གྱི་འབྲེལ་བ་ཇེ་ཟབ་དང་རྗེས་ལོན་བྱེད་པར་མེད་དུ་མི་རུང་པས་ཆང་ནི་བཏུང་བྱ་ཀུན་གྱི་མཆོག་དང་ཐུན་མོང་གིས་སྤྱོད་སྒོ་ཆེ་བའི་འཇིག་རྟེན་གྱི་རྒྱུ་ཕུན་སུམ་ཚོགས་པ་ཞིག་ཡིན།
   བཞི། གེ་སར་སྒྲུང་ལས་ཆང་འདྲེན་ཚུལ་གྱི་སྐོར།
   སྤྱིར་འཛམ་གླིང་སྒང་དང་ཁྱད་པར་བོད་གངས་ཅན་གྱི་ལྗོངས་འདིར་ཆང་གི་རིག་གནས་བྱུང་པ་ནས་མི་རིགས་སོ་སོར་ཐུན་མོང་མ་ཡིན་པའི་ཆང་དང་འབྲེལ་བའི་རིག་གནས་མང་པོ་ཞིག་བྱུང་ཡོད་ལ།《གླིང་གི་བྲོ་ར་ཡིད་འཕྲོག་པད་དཀར་ཕྲེང་མཛེས》རུ།“སྨན་ནེའུ་ཆུང་གསེར་གྱི་མེ་ཏོག་གིས་གླུ་ཐ་ལ་ངག་གི་དྲུག་འགྱུར་ལ་དྲངས་ནས་མུ་མེན་གྱི་ཕོར་བ་སྨན་ཆང་གིས་བཀང་བ་བརྩེ་བའི་དགྱེས་ཞལ་ངོམ་ཞིང་། མཆོད་ཁ་བཅུ་གསུམ་གཏོར་བས་སྐུ་འཛམ་གླིང་སེང་ཆེན་རྒྱལ་བོས་བཅུ་གསུམ་རྡོ་རྗེ་འཛིན་པའི་རྟེན་འབྲེལ་ལ། རྩ་ཁམས་ལུས་ཀྱི་ཕྱག་རྒྱ་བདེ་སྟོང་བརྗོད་མེད་དགའ་བྲལ་གྱི་ངང་དུ་མཉམ་པོར་བཞག་པ་དང་་་་་་།”སོགས་གླིང་རྗེ་གེ་སར་རྒྱལ་པོ་རང་ཉིད་གཙོ་བྱས་པའི་གླིང་གི་མངའ་འབངས་ཐམས་ཅད་ཀྱིས་རྩེད་དགའི་དཔལ་ལ་རོལ་པ་འདིར་གཞིགས་ན། སྐབས་དེ་དུས་ནས་གླུ་གར་རོལ་རྩེད་དང་ལྷན་དུ་བདུད་རྩི་ལོངས་སྤྱོད་བྱེད་པ་ཤེས་ཐུབ་ལ། སྤྱིར་དམངས་ཁྲོད་དུ་དར་བའི་ཆང་འདྲེན་སྲོལ་ལ་རིགས་མང་སྟེ། བག་མ་གཏོང་ལེན་སོགས་ཀྱི་སྐབས་སུ་བསུ་མ་བྱེད་པར་བསུ་ཆང་འདྲེན་པ་དང་། སྟོན་མོ་མཇུག་སྒྲིལ་བའི་སྐབས་སུ་སྐྱེལ་མ་བྱེད་པར་སྐྱེལ་ཆང་འདྲེན་པ་། ད་དུང་ཨ་ཞང་གཉེན་ཚང་སུ་ཡིན་ཡང་ལམ་དུ་གེགས་སོགས་མེད་པར་བཀྲ་ཤིས་པའི་ཆེད་དུ་འདྲེན་པའི་ལམ་ཆང་སོགས་ཡོད་པ་མ་ཟད། ལ་གཞས་དང་། གླུ་ཤགས་སོགས་འགྲན་བསྡུར་ཁྲོད་རྒྱལ་ཕམ་བརྩད་ནས་འདྲེན་སྲོལ་སོགས་སྤྲོ་སྐྱིད་ལྡན་པའི་རྩེད་མོ་རིགས་སྣ་ཚོགས་ཀྱི་ཁྲོད་ནས་འདྲེན་སྲོལ་ཡོད་ལ། ལྷག་པར་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་མཚོན་ན་དཔའ་བོ་གཡུལ་ཏུ་འགྲོ་བའི་སྐབས་སུ་བདུད་རྩི་འདྲེན་སྲོལ་ཤིན་ཏུ་མང་སྟེ།《བཀྲ་ཤིས་སྨོན་ལམ་ལྔ་བར》གླིང་སེང་ལྕམ་འབྲུག་མོ་བཀྲ་ཤིས་པའི་མཛད་སྒོ་དང་འགྲོགས་ཏེ་གླིང་གེ་སར་རྒྱལ་བོ་གཙོ་བྱས་གླིང་གི་དཔའ་རྟུལ་རྣམས་ལ་ཆང་འདྲེན་བྱས་པའི་ནང་དུ“ཆང་ཕུད་དང་པོ་ལྷ་ལ་འབུལ།།ལྷ་ཆེན་ཚངས་པ་དཀར་པོར་འབུལ།། ཆང་ཕུལ་གཉིས་པ་གཉན་ལ་འབུལ།། གཉན་གྱི་ག་བ་གེར་མཛོད་འབུལ།། ཆང་ཕུད་གསུམ་པ་ཀླུ་ལ་འབུལ།། དེ་རྗེས་ཆང་ཞིག་གདའ་ལེ་འདི།། སྐུ་འཛམ་གླིང་སེང་ཆེན་རྒྱལ་པོ་དང་།། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དང་།། སྤྱི་དཔོན་རོང་ཚ་ཁྲ་རྒན་རྣམས།། གཙོ་བྱས་དཔའ་རྟུལ་རུ་འདྲེན་དང་།། ལས་དམག་ཁྲ་མོར་ཆང་ཕུད་འབུལ།།”སོགས་དཔའ་བོའི་དཔུང་བ་བསྟོད་བྱེད་ཀྱི་སྨོན་ཚིག་གང་མང་བརྗོད་པ་འདིས་གླིང་གི་མི་ནོར་གཡང་གསུམ་ལ་གོད་ཁ་དང་བར་ཆད་མེད་པར་རྒྱལ་ཁ་དང་བཅས་ཏེ་ལྷན་དུ་འཛོམས་པར་སྨོན་ལམ་ཆང་གིས་འདེབས་པ་དང་། རྒྱལ་བློན་དབར་དང་གཡུལ་འགྱེལ་དུ་ཆས་སྐབས། ཡང་ན་གཡུལ་དུ་སོང་ནས་རྒྱལ་ཁ་ཐོབ་པའི་རྗེས། ལྷ་མཆོད་ཀླུ་མཆོད་སོགས་དང་བཀྲ་ཤིས་པའི་དུས་སྐབས་གང་ཡིན་ཡང་མེད་དུ་མི་རུང་པའི་བཏུང་བྱ་གཙོ་བོ་ཞིག་ཡིན་པ་ཤེས་ཐུབ་ལ། དམངས་སྲོལ་རིག་གནས་ལས་གཉེན་སྟོན་སོགས་སུ་ཡང་བཀྲ་ཤིས་ཆང་གླུ་དང་བཀྲ་ཤིས་ཆང་བཤད་སོགས་མང་པོ་ཡོད་པས། ཆང་ནི་མི་རིགས་ཐུན་མོང་གི་སྤྱོད་སྒོ་ཆེ་ཞིང་ཁྱད་པར་དུ་བོད་དམངས་ཁྲོད་དུ་ཆང་དང་འབྲེལ་བའི་རིག་གནས་ཕུན་སུམ་ཚོགས་པ་མང་པོ་དར་ཡོད།
   ལྔ། གེ་སར་སྒྲུང་ལས་ཆང་གི་ཉེས་དམིགས་སྐོར།
   ས་སྒང་རིལ་མོ་འདིའི་སྒང་དུ་ཆང་དར་ནས་ལོ་ངོ་མང་པོ་སོང་ལ། ལོ་ངོ་མང་པོའི་རིང་ལ་ཆང་གིས་ཕན་པ་གང་མང་བསྒྲུབ་ཡོད་པ་ནི་གོང་གསལ་ང་ཚོས་བཤད་ཟིན་ལ། ནག་ཉེས་བཟོས་པའང་མང་སྟེ། དཔེར་ན་དུས་རབས་མང་པོའི་རིང་དུ་འཛམ་གླིང་སྤྱི་ལ་འགྲིམ་འགྲུལ་གྱི་ཆག་སྒོ་དང་གྱོད་སྣ་ཁ་མཆུ། བཟའ་ཚང་བར་ལ་གཏོར་བརླག་དང་བྱིས་པ་དྭ་ཕྲུག་ཏུ་ལུས་པ། ཕུ་ནུ་ནང་འཁྲུག་བྱེད་པ་ཕ་བུ་དམར་འཛིང་བྱེད་པ། གཞོན་དུས་སུ་འཐུང་ནས་མི་ཚེ་ལོག་ལམ་དུ་འཁྲིད་མཁན་དང་། དབང་པོ་མི་གསལ་པ་དང་དབང་བོ་སྐྱོན་ཅན་དུ་གཏོང་བ། སྐྲན་ནད་ཅན་དུ་བསྒྱུར་བ་སོགས་མི་བདེར་གཏད་པ་མང་པས། 《ཇ་ཆང་ལྷ་མོའི་བསྟན་བཅོས》ལས། “ནག་ཅན་སྐྱུར་གྱི་འགོང་པོ་འདི་དང་པོ་ལྷ་ཡི་ཡུལ་ཏུ་ཕྱིན།། ལྷ་ཕྲུག་ཕལ་ཆེར་དུག་གིས་མྱོས་དེ་ནས་རྒྱ་གར་ཡུལ་ཏུ་འཁྱམས།། མྱོས་བྱེད་འདི་ཡི་རིལ་བུ་ཞིག། སྟོན་པའི་ཉན་ཐོས་ཞལ་དུ་ཐལ།། ཉན་ཐོས་མྱོས་ནས་རོ་ལྟར་འགྱེལ།། ཕྱི་རོལ་རྗེས་འཇུག་རྣམས་ཀྱིས་བཏུངས།། མཐང་ཤམ་ཤ་གོས་གྱེན་དུ་བརྫེས།། སོགས་དང་། དེ་ནས་བོད་ཁམས་ཡུལ་འདིར་གྱར།། ཆོས་རྒྱལ་མངའ་བདག་ཁྲི་རལ་མཆོག ། འགོང་མོ་འདི་དང་བདུད་བློན་གྱིས།། བསླུས་ནས་སྐུ་མཇིང་གཅུས་ཏེ་དཀྲོངས།།”སོགས་དང་ཡང་《བདུད་ལེའུ》“མེ་བཟའ་འབུམ་སྐྱིད་དེའི་བསམ་པར། རྒྱལ་པོ་ཆེན་པོ་འདི་བདུད་ཕྱོགས་ལ་མི་བཞུགས་པར་གླིང་ཡུལ་དུ་ཕེབས་རན་འདུག ད་སྐྱབས་ཡུལ་ཀླུ་བཙན་ནི་མེད། བདུད་ཡུལ་དུ་དཔོན་མེད། བདུད་མོ་ང་ལ་མི་མེད་རེད་འདུག་པས་ཁོ་རང་ཡུལ་ལ་མངག་མི་ཉན་བསམས་ནས་བདུད་ཐབ་ཁྲག་གི་མཚོ་མོའི་དཀྱིལ་ནས་རྣམ་ཤེས་མུན་པ་སྒྲིབ་པའི་བརྗེད་ཟས་བརྗེད་ཆུའི་རྫས་བཏབ་པའི་སྐྱེམས་གསེར་གྱི་ལྟིར་བུའི་ནང་དུ་ཁུར་ཏེ། ལྷ་མཁར་སྔོན་མོ་ཐོག་རྫོང་ནང་དུ་སེང་ཆེན་རྒྱལ་པོའི་དྲུང་དུ་སོང་ནས་གླུ་བླངས་བ་དང་”(སོགས་ཆང་ལ་བསྲེས་པའི་བརྗེད་དུག་དྲངས་ཏེ་གེ་སར་རྒྱལ་པོ་ལོ་དགུར་བདུད་ཡུལ་དུ་ལུས་ཤིང་།《བདུད་འདུལ་》དུ་“དེ་ནས་རྒྱལ་པོ་གེ་སར་གྱིས་བཅིབས་བཤོར་དེ། ཁྲི་ལ་བཞུགས་ནས་འབྲུག་མོས་ཞིམ་མངར་གྱི་ཇ་ཆང་ནང་དུ་བརྗེད་ཟས་མུན་ཆུ་དྭངས་མའི་རིལ་བུ་བཏབ་ནས་དྲངས་པས། རྒྱལ་བོ་བདུད་རྒན་འདུལ་དུ་འགྲོ་བ་རེ་ཞིག་ལས་སོ།”ཞེས་བཀོད་ཡོད་པ་དང་ཧོར་གྱིས་གེ་སར་གླིང་ན་མེད་པ་ཤེས་ཏེ་གླིང་ཡུལ་ལ་དམག་དྲངས་ནས་གླིང་དམག་ལ་གྱོང་གུད་ཆེན་པོ་བྱུང་བའང་ཆང་གི་ཉེས་དམིགས་ཡིན་ཞིང་། 《རྨ་འབྲིའི་འབྱུང་ཡུལ་གྱི་གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་ངག་རྒྱུན་》དུ“ ཤན་པས་ཆང་རྒྱ་མ་བཅོ་བརྒྱད་བླངས་ཏེ་འཇང་ཕྲུག་ལ།ངེད་གཉིས་ཀྱིས་ཁ་སེམས་གྲོས་འགྲིག་གི་ངང་དུ་ཆང་བདུད་རྩི་འདི་མཉམ་འཐུང་བྱེད་ཅེས་བཤད་ནའང་།འཇང་ཕྲུག་ཅུང་དོགས་པས་སེམས་ལྷོད་ནས་མང་འཐུང་མ་བྱས་པར།ཤན་པས་འཇང་ཕྲུག་ལ་སྐྱེ་ཕོ་རབ་ཅིག་གི་གཏམ་རྒྱུད་ལ།།ཁྱོད་འཇང་རྒན་ཚང་གི་གདུང་རྒྱུད་ཟེར།།ཆང་འཐུང་ན་ཕོ་ཆེན་རྟ་འདྲ་དགོས།།ཁྱོད་མིང་ཆེན་འཇང་ཕྲུག་མིན་པ་འདྲ།།ཞེས་ཉམས་ཚོད་ལ་བརྟགས་པའི་ཚེ།འཇང་ཕྲུག་གིས་འཇང་གི་ལ་རྒྱ་འཆོར་བར་དོགས་ནས།ང་ས་དམ་རྒྱལ་པོའི་གདུང་རྒྱུད་ཡིན།།འཇང་ལུང་པ་གསུམ་གྱི་གཅེས་ཕྲུག་ཡིན།།ཆང་འཐུང་ན་ཕོ་ཆེན་རྟ་ཕོ་འདྲ་ཟེར་ནས་དབུགས་ཐེངས་གཅིག་གིས་ཆང་རྒྱ་མ་བཅོ་བརྒྱད་པོ་འཐུངས་ཚར་སོང་བས།རེ་ཞིག་རབ་རིབ་ཏུ་གྱུར་སོང་།” ཞེས་པ་ལྟ་བུའི་མཚོན་ཆང་གིས་ང་ཚོ་འགྲོ་བ་མིའི་ཚེ་སྲོག་ལ་གེགས་དང་བར་ཆད་བཟོས་ཡོད་ལ་ནང་སྡེ་མི་དང་ཁྱིམ་མི་དཀྲུགས་ཏེ་བུ་ཕྲུག་ཁ་འཐོར་དུ་གཏོང་མཁན་ཡང་མང་། ནང་སྡེ་མི་དང་ཁྱིམ་མི་དཀྲུགས་ཏེ་བུ་ཕྲུག་ཁ་འཐོར་དུ་གཏོང་མཁན་ཡང་ཆང་ཡིན་ལ། ཆང་གིས་འགྲོ་བ་སེམས་ཅན་སྡུག་བསྔལ་ལ་གཏད་དེ་ཕ་མ་བུ་ཕྲུག་ཁ་ཁར་བཏང་པ་ཡང་མཐའ་ཡས་པས་ཆང་གི་ཉེས་དམིགས་ནི་བརྗོད་ཀྱིས་མི་ལངས། དེ་བས་ཡུལ་མི་ཀུན་གྱིས་ཆང་ལ་སྡིགས་མོ་བྱེད་དུས་འཇིག་རྟེན་གྱི་ཕུང་འདྲེ་ཞེས་འབོད་པ་ལའང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན་མོད། འཐུང་ཤེས་ན་བདུད་རྩི་སྨན་ཞེས་པའི་དཔེ་གཞིན་སྤྱོད་སྒོ་ཆེ་བའི་སྐབས་སུ་ཉུང་འཐུང་བྱས་ཚེ་ཆང་གིས་བཟོས་པའི་གནད་དོན་དེའི་རིགས་ལ་ཚོད་འཛིན་བྱ་ཐུབ་བོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1