༄༅།།བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ལམ་ལུགས་སྐོར་རོབ་ཙམ་གླེང་བ།

ཤ་གོ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 06-15


ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ཤ་གོ་རྒྱལ།
        [གནད་བཏུས] དཔྱད་རྩོམ་འདིར་དགེ་ལུགས་པའི་དགོན་སྡེ་སློབ་གསོའི་ལམ་ལུགས་གཞི་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་བསླབ་བྱའི་གཞུང་དང་སློབ་གཉེར་བྱེད་སྟངས། འཛིན་གྲྭའི་འཕེལ་རིམ་དང་ལོ་གྲངས་ཀྱི་ཚད། ཁྱད་ཆོས་བཅས་རོབ་ཙམ་གླེང་ཡོད།
        [གནད་ཚིག] སྲོལ་རྒྱུན་སློབ་གསོ། དགོན་སྡེ། ལམ་ལུགས། ཁྱད་ཆོས།
        བོད་ཀྱི་སྲོལ་རྒྱུན་སློབ་གསོ་ནི་དགོན་སྡེ་ལས་བྱུང་ཞིང་། དགོན་སྡེ་ལ་ནང་རིག་ཤེས་བྱའི་རྣམ་གཞག་གི་སློབ་གསོ་ལམ་ལུགས་ཡོད་པ་ཕུད། སྒྲ་རིག་བཟོ་གསོ་སྐར་རྩིས་ལ་སོགས་པའི་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་ཡི་ཤེས་བྱའི་སློབ་གཉེར་ལམ་སྲོལ་ཆགས་ཡོད། དགོན་པ་ལ་འཇུག་པའི་སློབ་གཉེར་པ་དག་གིས་ནང་དོན་རིག་པའི་བསླབ་བྱའི་གནས་ལ་སློབ་གཉེར་ནན་ཏན་བྱེད་པ་ཕུད། ཞོར་དུ་ད་དུང་སྙན་ངག་དང་སྐར་རྩིས། གསོ་རིག སྒྲ་རིག་སོགས་ལ་ཡང་སློབ་སྦྱོང་བྱེད་ཀྱི་ཡོད།
        བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན། དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་། སད་མི་མི་བདུན་རབ་ཏུ་བྱུང་སྟེ་འཆད་ཉན་གྱི་སྲོལ་སྤེལ་བ་ནས་བཟུང་བོད་ཀྱི་དགོན་སྡེའི་སློབ་གསོ་ལམ་ལུགས་ཀྱི་མགོ་ཚུགས་ཡོད། དེའི་རྗེས་ཀྱི་དུས་རབས་བཅུ་གཅིག་པའི་ནང་དུ། ལོ་ཙཱ་པ་རིན་ཆེན་བཟང་པོས་མངའ་རིས་སུ་མཐོ་ལྡིང་དགོན་པ་བཏབ་པ་དང་། ནང་དོན་རིག་པ་དང་། སྒྲ་རིག་པ། གསོ་བ་རིག་པ་ལ་སོགས་བྱེ་བྲག་ཏུ་དགར་ནས་སློབ་གཉེར་གནང་བའི་སྲོལ་བྱུང་ཡོད་པ་དང་། དུས་རབས་བཅུ་གཉིས་པའི་ནང་ཆ་པ་ཆོས་སེང་གིས་བསྡུས་གྲྭའི་སྲོལ་བཏོད་ནས་སྐྱེས་བུའི་བློ་རབ་འབྲིང་ཐ་གསུམ་གྱི་ཚད་དང་བསྟུན་ནས་ཚད་མ་རིག་པའི་བསླབ་དེབ་ལེགས་སྒྲིག་དང་འཛིན་གྲྭའི་འཕེལ་རིམ་སོགས་གཏན་འཁེལ་གནང་བ་དང་།གྲུབ་མཐའི་དཔེ་དེབ་སྐོར་བརྩམས་གནང་མཛད་ནས་བོད་ཀྱི་དགོན་སྡེ་སློབ་གསོ་དེ་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བཏང་ཡོད། བསྡུས་གྲྭའི་སྲོལ་བཏོད་པ་ནས་བཟུང་རབ་སྟོད་དང་། སྣར་ཐང་། ས་སྐྱ། ཞ་ལུ་སོགས་སུ་མཚན་ཉིད་རིག་པའི་བཤད་གྲྭ་ཉི་ཤུ་ལྷག་གཅིག་མཇུག་གཉིས་མཐུད་ཀྱིས་བྱུང་བ་དང་། དགེ་ལུགས་པ་མ་བྱུང་བའི་སྔོན་གྱི་བོད་ཀྱི་གྲུབ་མཐའ་ཁག་གི་བླ་མ་མཁས་པ་རྣམས་ནི་བཤད་གྲྭ་དེ་དག་ཏུ་སྐྱེད་སྲིང་བྱུང་བ་ནི་སྨོས་མེད་ཡིན་པ་རེད།
        དགེ་ལུགས་པའི་གྲུབ་མཐའ་བྱུང་རྗེས། དགེ་ལུགས་པ་གཙོ་བོར་གྱུར་པའི་བོད་ཀྱི་གྲུབ་མཐའ་ཁག་གིས་ཆ་པ་ཆོས་སེང་གི་བསྡུས་གྲྭའི་སྲོལ་ལུགས་རྒྱུད་འཛིན་དང་འཕེལ་རྒྱས་བཏང་སྟེ། བོད་ཀྱི་སྲོལ་རྒྱུན་སློབ་གསོ་དེ་སྔར་ལས་འཐུས་ཚང་དུ་བཏང་ཡོད། དེས་ན་འདིར་དགེ་ལུགས་པའི་སློབ་གཉེར་ལམ་ལུགས་ཀྱི་གཞུང་དང་། འཛིན་གྲྭའི་འཕེལ་རིམ། རྒྱུགས་སྤྲོད་ཀྱི་གོ་རིམ། མཚན་གནས་ཐོབ་ཐང་སོགས་ལ་གཞི་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལམ་ལུགས་གླེང་བ་ལ།
   གཅིག སློབ་གཉེར་ལ་འཇུག་པའི་གཞུང་།
        སློབ་གཉེར་བསླབ་བྱ་ལས།“དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་། ། ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། ། བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། ། མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། ། བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་། །”ཞེས་གསུངས་ཡོད་པ་ལྟར། དགོན་པའི་སློབ་གཉེར་ལམ་ལུགས་དེ་མདོ་དང་སྔགས་ཞེས་དབྱེ་མཚན་ཆེ་བ་གཉིས་སུ་དབྱེ་ནས་སློབ་གཉེར་བྱེད་ཀྱི་ཡོད་ལ། “མདོ་ཕྱོགས་སུ་གཞུང་བཀའ་པོད་ལྔ་ལ་འཆད་མཉན་བློ་སྦྱོང་བྱེད་པ་དང་། སྔགས་ཕྱོགས་སུ་སྔགས་རྒྱུད་སྡེ་བཞི་ལ་སློབ་གཉེར་མཛད་དགོས་པ་ཡིན། གཞུང་བཀའ་པོད་ལྔ་ལ་སྦྱང་ཚུལ་ནི་གཞུང་དོན་འབྱེད་པའི་རིགས་པ་ལ་སྦྱང་བའི་ཆེད་དུ་ཚད་མ་དང་། ཐེག་པ་ཆེན་པོའི་སྤྱོད་ཚུལ་ཤེས་པའི་ཆེད་དུ་ཕར་ཕྱིན། ཐེག་པ་ཆེན་པོའི་ལྟ་བ་ཤེས་པའི་ཆེད་དུ་དབུ་མ། ཐེག་དམན་གྱི་ལྟ་བ་དང་སྤྱོད་པ་ཤེས་པའི་ཆེད་དུ་མངོན་པ། ཐེག་དམན་གྱི་སྤྱོད་པ་ཤེས་པའི་ཆེད་དུ་འདུལ་བ་ལ་སྦྱང་དགོས་པ་ཡིན།”①གཞུང་བཀའ་པོད་ལྔ་ནི་རྒྱལ་བའི་དགོངས་པ་མཐའ་དག་གི་སྡོམ་དང་། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་བོ་ལྟ་བུ་ཡིན་ལ། དེའི་ནང་དུ་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རིགས་ཚོགས་དྲུག་བཅས་བསྡུས་ནས་སློབ་གཉེར་བྱེད་པ་ཡིན།
   གཉིས། འཛིན་གྲྭའི་འཕེལ་རིམ།
        འཛིན་གྲྭའི་འཕེལ་རིམ་མམ་ལོ་ཚད་ཀྱི་ཐད་ནས་དགོན་པ་རྣམས་སུ་མི་འདྲ་བ་ཡོད་ལ། གདན་ས་ཆེན་པོ་གསུམ་ལས“སེ་ར་དགོན་པར་མཚོན་ན། བསྡུས་གྲྭའི་འཛིན་གྲྭ་གསུམ་དང་ལོ་གསུམ་ལ་སློབ་གཉེར་བྱེད་པ་དང་། ཕར་ཕྱིན་འཛིན་གྲྭ་ལྔ་ལ་ལོ་ལྔ། དབུ་མ་འཛིན་གྲྭ་གཉིས་ལ་ལོ་བཞི། མཛོད་འཛིན་གྲྭ་གཉིས་ལ་ལོ་བཞིར་སློབ་གཉེར་བྱེད་པ་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་མཚོན་ན། བསྡུས་གྲྭ་བློ་རྟགས་བཅས་ལ་འཛིན་གྲྭ་ལྔ། ཕར་ཕྱིན་འཛིན་གྲྭ་བཞི། དབུ་མ་འཛིན་གྲྭ་གཉིས། འདུལ་བ་འཛིན་གྲྭ་གཅིག མཛོད་འཛིན་གྲྭ་གཅིག་བཅས་དང་། སེར་སྨད་ལ་བསྡུས་གྲྭ་བློ་རྟགས་བཅས་ལ་འཛིན་གྲྭ་གཅིག ཕར་ཕྱིན་འཛིན་གྲྭ་དྲུག དབུ་མ་འཛིན་གྲྭ་གཉིས། འདུལ་བ་འཛིན་གྲྭ་གཉིས། མཛོད་ལ་འཛིན་གྲྭ་གཉིས་བཅས་བསྡོམས་པས་འཛིན་གྲྭ་བཅུ་གསུམ་ཡོད།”②
   གསུམ། བསླབ་པའི་གོ་རིམ།
        བསླབ་པའི་གོ་རིམ་གྱི་ཐད་ནས་ཐོག་མར་གྲྭ་པ་ཞིག་དགོན་པར་ཞུགས་པ་ནས་བཟུང་། ཀློག་གི་སྐབས་ཞེས་ཀློག་གི་སློབ་དཔོན་ཞིག་བསྟེན་ནས་ཡི་གེ་ངོས་འཛིན་དང་སྦྱོར་ཀློག་འདོན་པ་བློ་འཛིན་བྱ་དགོས་ཤིང་།དེ་ནས་བསྡུས་གཞུང་གི་འཛིན་གྲྭར་ཞུགས་ནས་ཁ་དོག་དཀར་དམར་ནས་མགོ་བརྩམས་ཏེ་རིགས་ལམ་འགྲོ་ཚུལ་ལེགས་པར་ཤེས་དགོས། དེ་ནས་བློ་རྟག་གཉིས་དང་། ཚད་མ་རྣམ་འགྲེལ་གྱི་གཞུང་དོན་ལ་འཆད་ཉན་བྱས་ཏེ་འཇང་དགུན་ཆོས་ཞེས་རིགས་པ་སྨྲ་བ་སྟོང་ཕྲག་དུ་མ་ལྷན་དུ་འཛོམས་ཏེ་ཚད་མ་རྣམ་འགྲེལ་ལ་རྟགས་བསལ་གཏོང་དགོས། དེ་གྲུབ་རྗེས་ཕར་ཕྱིན་ལ་སློབ་གཉེར་གནང་དགོས་ཤིང་གྲུབ་ན་དབུ་མ་སྦྱང་དགོས། དེའི་རྗེས་སུ་མཛོད་ལ་འཆད་ཉན་བྱེད་དགོས། མཐའ་མར་འདུལ་བའི་འཛིན་གྲྭར་སློབ་གཉེར་བྱས་རྗེས་མདོ་ཕྱོགས་ཀྱི་འཛིན་གྲྭ་ཡོངས་སུ་མཐར་ཕྱིན་པ་ཡིན།
   བཞི། མཚན་གནས་རྒྱུགས་སྤྲོད།
        བསླབ་གནས་མཚན་རིམ་དང་རྩོད་རྒྱུགས་ཕུལ་ཚུལ་གྱི་ཐད་ནས་དབུས་ཀྱི་གདན་ས་ཆེན་པོ་གསུམ་མ་བྱུང་གོང་དུ་རབ་འབྱམས་པ་དང་དཀའ་བཞི་བ། བཀའ་བཅུ་ཞེས་པའི་མཚན་གནས་སྤྲོད་སྲོལ་ཡོད་ཅིང་། རབ་འབྱམས་པ་ཞེས་པ་ནི་གཞུང་བཀའ་པོད་ལྔའི་ནང་ནས་ཕར་ཕྱིན་ཙམ་ལ་སྦྱངས་མྱོང་བའི་དགེ་བཤེས་རིགས་ལ་གོ དཀའ་བཞི་བ་ནི་དབུ་མ། མཛོད། འདུལ་བ། ཕར་ཕྱིན་བཅས་དཀའ་ཆེན་བཞི་ལ་སློབ་གཉེར་ཐོན་པའི་དགེ་བཤེས་རིགས་ལ་གོ དཀའ་བཅུ་བ་ནི་གཞུང་ཆེན་པོ་ལྔ་ལ་སློབ་གཉེར་ཐོན་པའི་དགེ་བཤེས་རིགས་ལ་གོ འདི་ནི་དགེ་བཤེས་ལྷ་རམས་པའི་མཚན་གནས་དང་གཅིག་མཚུངས་ཡིན།
        གདན་ས་ཆེན་པོ་གསུམ་ཆགས་རྗེས། རྡོ་རམས་པ། གླིང་བསྲེ། ཚོགས་རམས་པ། ལྷ་རམས་པ་བཅས་ཀྱི་མཚན་གནས་ཐོབ་ཐང་སྤྲོད་སྲོལ་བྱུང་ཡོད་ཅིང་། དེ་དག་རེ་རེ་ལ་ཡང་སློབ་གཉེར་གྲུབ་མཚམས་ཀྱི་མཚན་གནས་རྒྱུགས་སྤྲོད་རེ་ཡོད། རྡོ་རམས་པའི་དགེ་བཤེས་ཀྱི་རྒྱུགས་སྤྲོད་ནི་གདན་ས་གསུམ་གྱི་དགོན་པ་གང་རུང་ཞིག་ནས་རྒྱུགས་སྤྲོད་མཁན་གང་ཞིག་གིས་རང་གི་དགོན་པའི་ཚོགས་ཆེན་འདུ་ཁང་མདུན་གྱི་རྡོ་གཅལ་སྟེང་དུ་རྒྱུགས་སྤྲོད་ཕུལ་ཏེ་དམ་བཅའ་འཇོག་དགོས་ཤིང་། དམ་བཅའ་མཐར་ཕྱིན་ན་རྡོ་རམས་པའི་མཚན་གནས་ཐོབ། གླིང་བསྲེ་ནི་གདན་ས་གསུམ་གྱི་རྩོད་རྒྱུགས་ཕུལ་མཁན་གང་ཞིག་དགོན་པ་གཞན་ནམ་ཡང་ན། གྲྭ་ཚང་གཞན་དུ་ཕེབས་ནས་དམ་བཅའ་འཇོག་པ་ཞིག་ཡིན། ཚོགས་རམས་པ་ནི་རྩོད་རྒྱུགས་ཕུལ་མཁན་གྱིས་ར་མོ་ཆེར་གདན་ས་གསུམ་གྱི་དགེ་བཤེས་ཆེན་མོ་རྣམས་ཀྱིས་བཏོན་པའི་དྲི་བ་དག་ལ་ལན་ཕུལ་ཏེ་དམ་བཅའ་འཇོག་པ་ཞིག་ཡིན།
        དགེ་བཤེས་ལྷ་རམས་པའི་མཚན་གནས་མིང་ཐོབ་བརྩོན་པར་གོང་གི་དམ་བཅའ་རྩོད་རྒྱུགས་རེ་རེ་བཞིན་ཕུལ་ཚར་རྗེས།“ལོ་རེའི་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་གྱི་གྲྭ་ཚང་བདུན(འབྲས་སྤུངས་སྒོ་མང་དང་། བློ་གསལ་གླིང་། བདེ་ཡངས། སེ་ར་བྱེས་དང་། སྨད་པ། དགའ་ལྡན་ཤར་རྩེ་དང་བྱང་རྩེ་བཅས)ནས་དགེ་བཤེས་ལྷ་རམས་པའི་མི་གཉིས་རེ་བསྡོམས་མི་གྲངས་བཅུ་བཞིའི་ཐོག་གྲྭ་ཚང་བདུན་རེས་འཁོར་གྱིས་མི་འཕར་མ་རེ་བཅས་མི་གྲངས་བཅོ་ལྔ། ར་སྟོད་གྲྭ་ཚང་ནས་དགེ་བཤེས་རེ་བཅས་ཁྱོན་བསྡོམས་ལོ་ལྟར་དགེ་བཤེས་ལྷ་རམས་པ་མི་བཅུ་དྲུག་ཡོད་པ་དེ་ཚོས་ཞོགས་པ་གསུང་ཆོས་ར་བར་ཆུ་ཚོད་གཉིས་གསུམ་རིང་ཚད་མ་རྣམ་འགྲེལ། ཉིན་གུང་ཁྱམས་རའི་ནང་ཆུ་ཚོད་གཉིས་ཡས་མས་བར་ཕར་ཕྱིན་དང་དབུ་མ། དགོང་མོ་ཁྱམས་ར་ཆེན་མོར་ཆུ་ཚོད་བཞི་ནས་དྲུག་བར་མཛོད་དང་འདུལ་བ་བཅས་ཀྱི་བགྲོ་གླེང་གཏོང་གི་ཡོད།”③ལྷ་རམས་པའི་མིང་བཏགས་ཐོབ་རྗེས། དགེ་བཤེས་ཁ་ཤས་རྒྱུད་སྟོད་སྨད་ལ་ཞུགས་ནས་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་མཛད་པ་ཡིན། ཞོར་དུ་དབྱངས་དང་རོལ་མོ། དཀྱིལ་འཁོར་བྲིས་ཐིག་སོགས་ཀྱི་སློབ་སྦྱོང་གནང་རྗེས་སྔགས་རམས་དམ་བཅའ་འཇོག་པ་ཡིན།
        བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ལམ་ལུགས་ཁྲོད་ཀྱི་ཆེས་མཐོ་བའི་བསླབ་གནས་ཐོབ་ཐང་ངམ་གཟི་བརྗིད་ངོ་མཚར་བ་དེ་ནི་དགའ་ལྡན་ཁྲི་བའི་མཚན་གནས་ཡིན་ལ། མཚན་གནས་དེ་ནི་ནང་རིག་ཤེས་བྱའི་རྩེར་སོན་པའི་མངོན་རྟགས་ཤིག་ཡིན། དེའི་བྱུང་ཚུལ་ནི་རྗེ་ཙོང་ཁ་པས་དགའ་ལྡན་དགོན་པ་ཕྱག་བཏབ་ནས་དེའི་གསེར་ཁྲིར་བཞུགས་པ་ནས་བཟུང་རྗེ་ཙོང་ཁ་པའི་རྒྱལ་ཚབ་གནང་མཁན་ལ་དགའ་ལྡན་ཁྲི་པ་ཞེས་ཐོགས་ཤིང་།རྒྱལ་ཚབ་གནང་མཁན་དེ་ནི་རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ཆེན་པོའི་ཐུགས་རྒྱུད་ཀྱི་ཡོན་ཏན་རྫོགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། མཚན་གནས་དེ་རྩོད་ཚུལ་ནི་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་རྗེས། རྒྱུད་སྟོད་སྨད་ལ་ཞུགས་ནས་སྔགས་རམས་དམ་བཅའ་བཞག དེ་ནས་དགའ་ལྡན་བྱང་ཤར་གཉིས་གང་རུང་གི་ཆོས་རྗེ་ལོ་ཁ་ཤས་ལ་བཞུགས། དེ་ནས་དགའ་ལྡན་ཁྲི་པར་བཞུགས་ཆོག གསེར་ཁྲིར་བཞུགས་པའི་དུས་ཡུན་ནི་ལོ་བདུན་ཡིན་ཞིང་། གསེར་ཁྲིར་བཞུགས་རིང་མདོ་སྔགས་གཞུང་ལུགས་ཡོངས་རྫོགས་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་འགན་བཞེས་དགོས་པ་མ་ཟད། ལོ་ལྟར་རྨེ་རུའི་དབྱར་ཆོས་རིང་ལམ་རིམ་འཆད་ཉན་དང་དགེ་ཚུལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་པ། གཞུང་ས་དགའ་ལྡན་ཕོ་བྲང་གི་ཞབས་རིམ་གྱི་དབུ་གཙོ་གནང་བ། ཁྱད་པར་དུ་ལྷ་སའི་སྨོན་ལམ་ཆེན་མོ་དང་ཚོགས་མཆོད་ཆེན་མོའི་སྐབས་སེ་འབྲས་དགེ་གསུམ་གྱི་འདུ་ཚོགས་ལ་ཉིན་རེ་བཞིན་གསུང་ཆོས་སྐྱེས་རབས་སོ་བཞི་པ་སོགས་གནང་བ་བཅས་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་བདག་གིར་བཞེས་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་ཆེན་ཕྲག་ཏུ་བཞེས་དགོས་པ་ཡིན། དེ་བས་དགའ་ལྡན་ཁྲི་པའི་ལམ་ལུགས་འདི་ནི་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་རླབས་ཆེ་བའི་ཐོན་འབྲས་ཤིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་སེམས་ནང་དུ་བླ་ན་མ་མཆིས་པའི་ཡོན་ཏན་གྱི་མཚན་གནས་ཤིག་ཀྱང་ཡིན། ཁ་དཔེར།“ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་གསེར་ཁྲིར་བདག་པོ་མེད།”ཅེས་ཁ་བའི་ཡུལ་གྲུ་གང་སར་ཁྱབ་ཡོད། གཏམ་དཔེ་འདིས་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལ་རིགས་རུས་དང་དབང་ཐང་སོགས་ཀྱི་ཁྱད་པར་མེད་པར། བགོ་སྐལ་འདྲ་མཉམ་རིང་ལུགས་དང་ཡར་ཐོན་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པ་མཚོན་ཡོད།
        ས་སྐྱ་པའི་དུས་སྐབས་སུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་རིག་གནས་ཆེ་ཆུང་བཅུ་ཡི་རྣམ་གཞག་གི་སྲོལ་ཕྱེ་བ་ནས་བཟུང་། དགོན་སྡེ་རྣམས་སུ་ནང་དོན་རིག་པར་སློབ་གཉེར་བྱེད་པ་ཕུད། ད་དུང་རིག་གནས་ཆེ་ཆུང་གཞན་དག་ལ་ཡང་སློབ་གཉེར་བྱེད་ཀྱི་ཡོད་།དཔེར་ན། སྐར་རྩིས་ལ་སྦྱངས་པ་ཐོན་ན་རྩིས་རམས་པ་ཞེས་མིང་འདོགས་སྲོལ་ཡོད་པ་དང་། གསོ་རིག་ལ་སྦྱངས་པ་ཐོན་ན་སྨན་རམས་པ་ཞེས་ཐོགས་ཀྱི་ཡོད། སྨན་གྱི་བསླབ་གནས་དེ་མཐོ་དམན་བཞིར་དབྱེ་ཞིང་།སྨན་པ་བསྡུས་གྲྭ་པ་དང་། སྨན་པ་དཀའ་བཅུ་བ། སྨན་པ་རབ་འབྱམས་པ། སྨན་པ་འབུམ་རམས་པ་བཅས་ཡིན། སྨན་པ་བསྡུས་གྲྭ་པ་ནི་རྒྱུད་བཞིའི་ནང་ཚན་རྩ་རྒྱུད། བཤད་རྒྱུད། ཕྱི་མའི་རྒྱུད་བཅས་གསུམ་ལ་སློབ་གཉེར་ཐོན་པ་རྣམས་ལ་གོ་ཞིང་། སྨན་པ་དཀའ་བཅུ་བ་ནི་རྒྱུད་བཞི་རྩ་འགྲེལ་ཁ་སྐོང་དང་བཅས་པ་སློབ་གཉེར་ཐོན་པ་རྣམས་ལ་གོ སྨན་པ་རབ་འབྱམས་པ་ནི་རྒྱུད་བཞི་རྩ་འགྲེལ་དང་། སོ་མ་རཱ་ཛཱ། བདུད་རྩི་བུམ་པ་རྩ་འགྲེལ་དང་བཅས་པར་སློབ་གཉེར་ཐོན་པ་རྣམས་ལ་གོ སྨན་པ་འབུམ་རམས་པ་ནི་རྒྱུད་བཞི་རྩ་འགྲེལ་དང་། རྒྱ་དཀར་ནག་གི་གསོ་རིག་ཆ་ལག་དང་བཅས་པ་བློ་ནས་ཐོན་ཞིང་། རང་རྐྱ་ཐུབ་པའི་སྒོ་ནས་ལག་ལེན་བྱེད་ཐུབ་པའི་རིགས་ལ་གོ་དགོས།
        སྒྲ་རིག་པའི་བསྟན་བཅོས་ལ་རྒྱ་གར་གྱི་སྒྲ་རིག་པའི་བསྟན་བཅོས་ཏེ་སྒྲ་ཀ་ལཱ་པ་དང་ཙནྡྲ་པ། དབྱངས་ཅན་སྒྲ་མདོ་བཅས་ལ་སློབ་སྦྱོང་ཕུད། སློབ་དཔོན་ཐོན་མིས་བརྩམས་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་ལ་བློ་སྦྱོང་བྱེད་པ་དང་། དེ་དག་ལ་མཁས་པར་གྱུར་ན“སྒྲ་པ”ཞེས་པའི་མཚན་ཐོགས་སྲོལ་ཡོད།
        ད་དུང་སྙན་ངག་གི་གཞུང་ལ《སྙན་ངག་མེ་ལོང》ལ་སློབ་གཉེར་བྱེད་པ་དང་། ཤིན་ཏུ་མཛེས་པའི་སྙན་ཚིག་ལུ་གུ་བསྟར་ལ་བརྒྱུས་པ་ལྟར་བསྟན་བཅོས་རང་བྱུང་དུ་རྩོམ་ཐུབ་དུས“སྙན་ངག་མཁན་པོ”ཞེས་པའི་མཚན་བསྟོད་ཐོབ་ཀྱི་ཡོད།

        མདོར་ན། བོད་ཀྱི་སྲོལ་རྒྱུན་སློབ་གསོ་ནི་དགོན་སྡེ་ལས་བྱུང་ཞིང་།“དགོན་པ་མེད་ན་སློབ་གྲྭ་མེད་པ་དང་། ཆོས་ལུགས་མེད་ན་སློབ་གསོ་མེད་པ། གྲྭ་པ་མེད་ན་དགེ་རྒན་མེད་པ།”ལྟ་བུའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་ཡོད། །

①དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་གྲངས། 216
② དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་གྲངས། 216
③དུང་དཀར་བློ་བཟང་འཕྲིན་ལས། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ།(པོད་ཇ།)མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་གྲངས། 203


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1