ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་བེད་པུའུ་རུ་ཕེབས་ནས་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-27


            སྤྱི་ཟླ་11པའི་ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་བེད་པུའུ་རུ་ཕེབས་ནས་རྟོག་ཞིབ་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས་གཙོ་སྐྱོང་གནང་།

            ལི་ཁེ་ཆང་ཐོག་མར་ཞིང་གྲོང་གི་ཆུ་བེད་ཁང་དུ་ཕེབས་ནས། ཞིང་གྲོང་གི་འཐུང་ཆུའི་ལས་གཞི་ཡི་འཆར་འགོད་འཕེལ་རིམ་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་ཞིང་། ད་ལོའི་ཞིང་གྲོང་གི་འཐུང་ཆུའི་བདེ་འཇགས་ཀྱི་ལས་འགན་གཞི་རྩའི་ཐོག་འགྲུབ་ཡོད་པ་རྟོགས། དེ་ནས་ལི་ཁེ་ཆང་གིས་ལས་མི་རྣམས་ལ། ལས་ཀ་འདི་ནི་དཀའ་ཚེགས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ། ལས་ཀའི་རྒྱུ་སྤུས་ལ་ཁག་ཐེག་བྱས་ཏེ། མང་ཚོགས་ཀྱི་ཡིད་ཚོམ་པར་བྱ་དགོས་ཞེས་འབོད་སྐུལ་གནང་། ཡང་ཁོང་གིས། དམངས་འཚོའི་ལས་གཞི་ཡོད་ཚད་ལ་སྲིད་གཞུང་སོ་སོས་འགན་འཁུར་ནས། ལས་ཀ་ལག་བསྟར་དོན་འཁྱོལ་ཡོང་བར་འབད་པ་བྱེད་པ་དང་། ལས་ཀའི་འབྲས་བུ་མངོན་པར་བྱས་ཏེ། མང་ཚོགས་ལ་བཞག་པའི་དམ་བཅའ་བརྟན་པོ་མ་བརླག་པ་ཞིག་བྱ་དགོས་ཞེས་ནན་གྱིས་གསུངས།

             ཆུ་བེད་ལས་གཞི་ཆེན་པོའི་འཕེལ་རིམ་གྱི་གནས་ཚུལ་མཚོན་པའི་པང་ལེབ་ཀྱི་མདུན་དུ། ལི་ཁེ་ཆང་གིས་ཆུ་འདྲེན་གཏོང་དང་། ཆུ་ཁུངས་གལ་ཆེན་འཛུགས་སྐྲུན་ཐད་མ་དངུལ་གཏོང་འཇོག་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན། ཁོང་གིས། ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་། འཚོ་བ་ཡི་གཞི་རྩ། འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་ཡིན་ལ། ཆུ་འདྲེན་པ་དང་ཆུ་བཅོས་སྐྱོང་བྱས་ཏེ་རྒྱལ་བདེ་དམངས་སྐྱིད་ཅིག་བྱ་རྒྱུ་ནི། བཟོ་ལས་ཅན་དང་། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་ཏུ་གཏོང་བའི་གཞོག་འདེགས་གལ་ཆེན་ཞིག་ཡིན་ཏེ།  ཆུ་བེད་ལས་གཞི་ཚང་མས་ལོ་རྒྱུས་ཀྱི་ཚོད་བགམ་བརྒྱུད་ཐུབ་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1