《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-18



    དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲཌ་དང་ལག་བསྟར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་ཁྲིམས་ལྟར་དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་12པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་ཁྲིམས་ལྟར་དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
    གསུང་རྩོམ་ནང་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཁྲོད་དམངས་དོན་ཁྲིམས་གཞུང་གིས་གནས་བབ་གལ་ཆེན་བཟུང་ཡོད། འདི་ནི་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་དུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཡིན་པ་དེས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་རྒྱུ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
    གསུང་རྩོམ་ནང་བསྟན་དོན། རང་རྒྱལ་གྱི་གསར་བརྗེ་དང་། འཛུཌ་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་། རང་རེའི་ཏང་གིས་དམངས་དོན་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་བསྟུན་ནས། དམངས་དོན་ཁྲིམས་གཞུང་བཟོ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག ལོ་5ལྷག་ཙམ་ལས་དོན་བསྒྲུབས་པ་བརྒྱུད་མཐར་དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་ཐུབ་ནས། མི་རབས་མང་པོའི་འདུན་པ་མངོན་འགྱུར་བྱུང་ཡོད།
    གསུང་རྩོམ་ནང་བསྟན་དོན། དམངས་དོན་ཁྲིམས་གཞུང་ནང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ལྷག་ཙམ་སོང་རིང་གི་ཡུན་རིང་ལག་ལེན་ནང་གྲུབ་པའི་དམངས་དོན་བཅའ་ཁྲིམས་ཀྱི་ཚད་གཞི་བསྡུ་སྒྲིལ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་ཙམ་གྱི་ཕུལ་བྱུང་བཅའ་ཁྲིམས་རིག་གནས་བསྡུ་ལེན་བྱས་པ། མིའི་རིགས་ཀྱི་ཁྲིམས་སྐྱོང་ཤེས་དཔལ་འཛུགས་སྐྱོང་གི་ཕན་ཡོད་གྲུབ་འབྲས་དཔྱད་གཞིར་འཛིན་པ་བཅས་བྱས་ཡོད་པས། འདི་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མཚོན་པ་དང་། མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་དང་མཐུན་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་བཅས་ཀྱི་དམངས་དོན་ཁྲིམས་གཞུང་ཞིག་དང་། ཚེ་སྲོག་བདེ་ཐང་དང་། རྒྱུ་ནོར་བདེ་འཇགས། ཉོ་ཚོང་སྟབས་བདེ། འཚོ་བ་བདེ་སྐྱིད། མི་གཤིས་དང་ལ་རྒྱ་སོགས་ཕྱོགས་ཁག་གི་དབང་ཆ་འདྲ་མཉམ་ངང་སྲུང་སྐྱོང་བྱེད་པའི་དམངས་དོན་ཁྲིམས་གཞུང་ཞིག ཀྲུང་གོའི་ཁྱད་ཆོས་དང་། ལག་ལེན་གྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་མངོན་གསལ་ལྡན་པའི་དམངས་དོན་ཁྲིམས་གཞུང་ཞིག་བཅས་རེད།
    གསུང་རྩོམ་ནང་བསྟན་དོན། དམངས་དོན་ཁྲིམས་གཞུང་གི་དོན་སྙིང་གལ་ཆེན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས། དམངས་དོན་ཁྲིམས་གཞུང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ནི། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་མི་དམངས་ཀྱི་ཁེ་དབང་མངོན་འགྱུར་དང་འཕེལ་རྒྱས་འགན་སྲུང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་ཡིན་པ་གསལ་པོ་ཤོད་དགོས། དམངས་དོན་ཁྲིམས་གཞུང་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན།
     གཏན་འབེབས་མང་པོ་ཞིག་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། སྤྱི་དམངས་དང་ཁྲིམས་མིའི་དབང་ཆ་དང་འོས་འགན་དང་ཡང་ཐད་ཀར་འབྲེལ་བ་ཡོད། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པའི་ཆུ་ཚད་དང་ཕན་འབྲས་ནི་རིམ་ཁག་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་ལ་ཚད་འཇལ་བྱེད་པའི་ཚད་ཤིང་གལ་ཆེན་ཞིག་ཡིན།
    གསུང་རྩོམ་ནང་བསྟན་དོན། དམངས་དོན་ཁྲིམས་འཛུགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས། དམངས་དོན་ཁྲིམས་སྐྱོང་འཛུགས་སྐྱོང་གི་གནད་དོན་མཐའ་དག་སྡེབ་གཅིག་ལ་ཐག་གཅོད་ཐུབ་པ་མཚོན་གྱི་མེད། གནད་དོན་མང་པོ་ཞིག་ད་དུང་ལག་ལེན་ཁྲོད་དུ་ཞིབ་དཔྱད་དང་འཚོལ་ཞིབ་བྱེད་དགོས་ལ། ད་དུང་ཟམ་མི་ཆད་པར་ཆ་ལག་ཚང་དུ་དང་། ཁ་གསབ། ཞིབ་ཚགས་སུ་གཏོང་བ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ལག་ལེན་གསར་པའི་རྨང་གཞི་ཐོག་དམངས་དོན་ཁྲིམས་གཞུང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
    གསུང་རྩོམ་ནང་བསྟན་དོན། དམངས་དོན་ཁྲིམས་གཞུང་ལག་བསྟར་དང་ཁྲིམས་བསྟར་བྱེད་སྒོར་ཤུགས་སྣོན་རྒྱག་དགོས། རིམ་ཁག་སྲིད་གཞུང་གིས་དམངས་དོན་ཁྲིམས་གཞུང་ལག་བསྟར་ནུས་ལྡན་ལ་འགན་ལེན་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་སྐུལ་འདེད་གཏོང་བ་དང་། དམངས་དོན་ཁྲིམས་གཞུང་དེ་སྲིད་འཛིན་ཐབས་ཇུས་དང་། སྲིད་འཛིན་དོ་དམ། སྲིད་འཛིན་ལྟ་སྐུལ་བཅས་ཀྱི་ཚད་གཞི་གལ་ཆེན་ཞིག་ལ་བརྩི་དགོས། རིམ་ཁག་ཁྲིམས་འཛིན་ལས་ཁུངས་ཀྱིས་གཞུང་དྲང་ཁྲིམས་འཛིན་རྒྱུན་འཁྱོངས་བྱས་ནས་དམངས་དོན་གྱོད་གཞིར་འདྲི་གཅོད་བྱེད་པའི་ཆུ་ཚད་དང་ལས་ཆོད་མཐོ་རུ་གཏོང་དགོས། ཁྲིམས་རྩོད་པའི་ལས་དོན་ཁང་དང་ཁྲིམས་རྩོད་པ་སོགས་བཅའ་ཁྲིམས་ཆེད་ལས་སྒྲིག་གཞི་དང་། ཆེད་ལས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མི་དམངས་འདུམ་འགྲིག་དང་། ཚོང་དོན་ཁྲུན་གཅོད་སོགས་སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཕྱོགས་མང་པོ་ནས་དམངས་དོན་ཁྲིམས་གཞུང་ལག་བསྟར་ལས་དོན་ལ་སྐུལ་འདེད་གཏོང་དགོས།
    གསུང་རྩོམ་ནང་བསྟན་དོན། དམངས་དོན་ཁྲིམས་གཞུང་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། དམངས་དོན་ཁྲིམས་གཞུང་ཁྱབ་གདལ་གཏོང་བའི་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་དང་ཆབས་ཅིག་འདི་ཉིད“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་གཙོ་གནད་ལ་བརྩིས་ནས་དམ་འཛིན་བྱེད་དགོས། དམངས་དོན་ཁྲིམས་གཞུང་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ནས། གཞོན་ནུ་ལོ་ཆུང་ལ་དམངས་དོན་ཁྲིམས་གཞུང་གི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། དམངས་དོན་ཁྲིམས་གཞུང་གི་སྤྱིའི་རྩ་དོན་གྱི་ལེའུ་དང་ཡན་ལག་ལེའུ་ཡི་ཁོང་དུ་ཆུད་དགོས་པའི་ལྟེ་བའི་དོན་སྙིང་དང་གཙོ་གནད་གནད་དོན་ལ་དམིགས་ཏེ། དམངས་དོན་ཁྲིམས་གཞུང་གི་གཞི་རྩའི་རྩ་དོན་དང་། གཞི་རྩའི་བླང་བྱ། གཏན་འབེབས་གསར་པ་དང་ཐ་སྙད་གསར་པ། དགོངས་དོན་གསར་པ་རབ་དང་རིམ་པ་བཅས་འགྲེལ་བཤད་ཡག་པོ་རྒྱག་དགོས།
    གསུང་རྩོམ་ནང་ནན་བཤད་བྱས་དོན། རང་རྒྱལ་གྱི་དམངས་དོན་ཁྲིམས་ལུགས་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་དོན་ཁྲིམས་གཞུང་ལག་བསྟར་ནུས་ལྡན་དང་རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་འཕེལ་རྒྱས་ལ་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་བྱེད་དགོས། རིམ་ཁག་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱ་རྒྱུ་དྲིལ་བསྒྲགས་དང་། སྐུལ་འདེད་གཏོང་བ། འགན་ལེན་བཅས་བྱེད་པ་དང་ཞིབ་བཤེར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་དོན་ཁྲིམས་གཞུང་ཕྱོགས་ཡོངས་དང་ནུས་ལྡན་ངང་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་། བརྩི་སྲུང་། སྲུང་སྐྱོང་བཅས་བྱ་རྒྱུར་སྣེ་ཁྲིད་ཀྱི་མིག་དཔེ་བཏོན་ཏེ། དམངས་དོན་ཁྲིམས་གཞུང་སྤྱད་ནས་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་། འགལ་ཟླ་དང་རྩོད་གཞི་ཐག་གཅོད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1