“ཁུལ་གསུམ་ཀྲོའུ་གསུམ”གྱིས་འབད་པས་རྗེས་སྙེག་བཞིན་འདུག
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-24
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་གུང་ཁྲན་ཏང་གི་རྩ་བ་མི་དམངས་ལ་ཐུག་པ་དང་། ཁྲག་རྒྱུན་མི་དམངས་དང་འདྲེས་ཡོད། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་བྱེད་པའི་རྩ་བའི་དམིགས་ཡུལ་ནི་མི་དམངས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་ཆེད་ཡིན། ད་ལོ་ནི་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པའི་མཇུག་བསྡུའི་ལོ་ཡིན། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁུལ་གསུམ་དང་ཀྲོའུ་གསུམ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པའི་དཀའ་གནད་ཆེ་ཤོས་ཤིག་ཡིན་པའི་ངོས་ནས། འབྲེལ་ཡོད་ཞིང་ཆེན་དང་སྡེ་ཁག་གིས་ཆོད་སེམས་སྔར་ལས་ཆེ་བ་དང་། ཤུགས་ཚད་སྔར་བས་ཆེ་བའི་ཐོག་ནས་དབུལ་སྒྲོལ་འགག་གཏོར་ལ་སྐུལ་འདེད་བཏང་སྟེ། དུས་བཀག་ལྟར་ལས་འགན་ལེགས་སྒྲུབ་ཐུབ་རྒྱུར་འགན་ལེན་ཏན་ཏིག་བྱས་ཐོག ཏང་དང་མི་དམངས་ལ་ཚད་ལོན་གྱི་རྒྱུགས་ལན་འབུལ་དགོས་ཞེས་བསྟན་གནང་ཡོད།
ཁུལ་གསུམ་དང་ཀྲོའུ་གསུམ་ཞེས་པའི་ནང་གི་ཁུལ་གསུམ་ནི་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་དེ་བཞིན་དུ་ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཀྲོའུ་བཞི་ལ་ཟེར་བ་ཡིན། ཀྲོའུ་གསུམ་ནི་ཀན་སུའུ་ལིན་ཞ་ཀྲོའུ་དང་། སི་ཁྲོན་ལིའང་ཧྲན་ཀྲོའུ། ཡུན་ནན་གྱི་ནུའུ་ཅང་ཀྲོའུ་བཅས་ལ་ཟེར། ས་ཁུལ་དེ་དག་གི་རང་བྱུང་ཆ་རྐྱེན་ཞན་པ་དང་། དཔལ་འབྱོར་གྱི་རྨང་གཞི་ཞན་པ། དབུལ་ཕོངས་ཚབས་ཆེ་བ་བཅས་ཡིན་པས་དབུལ་སྒྲོལ་གྱི་དཀའ་གནད་ཆེན་པོ་ཡོད། འདི་ལོའི་སྤྱི་ཟླ3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་བཞུགས་མོལ་ཚོགས་འདུའི་ཐོག ཁུལ་གསུམ་དང་ཀྲོའུ་གསུམ་སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་མུ་མཐུད་དུ་དམིགས་ཏེ། དབུལ་སྒྲོལ་འགག་གཏོར་གྱི་ཇུས་གཞི་དོན་འཁྱོལ་བྱེད་དགོས་པ་དང་། མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད། སྤྱི་ཟླ5པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རིང་། ཞི་ཅིན་ཕིང་གིས་དཔལ་འབྱོར་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ལ་གཟིགས་གནང་སྐབས་དབུལ་སྒྲོལ་འགག་གཏོར་སྐོར་གླེང་གནང་བ་དང་། ཁོང་གིས། མཐའ་མའི་དཀའ་གནད་ཆེ་ཤོས་འདི་སེལ་དགོས་ཞེས་སླར་ཡང་ནན་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་ཡོངས་སུ་ད་དུང་དབུལ་ཕོངས་རྫོང52ཀྱི་དབུལ་ཞྭ་ཕུད་མེད་པ་དང་། དབུལ་ཕོངས་གྲོང་ཚོ2707དབུལ་སྒྲོལ་ཐུབ་མེད་པ། ཡིག་ཚགས་དང་གཱ་ཤོག་བཟོས་པའི་མི་འབོར་དབུལ་པོ་ཡོངས་རྫོགས་དབུལ་སྒྲོལ་ཐུབ་མེད། མ་གཞི་སྔོན་ཆད་དང་བསྡུར་ན་གྲངས་འབོར་མང་པོ་མེད་རུང་། ཚང་མ་ནི་དབུལ་ཕོངས་ཁྲོད་ཀྱི་དབུལ་ཕོངས་དང་། དཀའ་ངལ་ཁྲོད་ཀྱི་དཀའ་ངལ་ཡིན་པ་དང་། དཀའ་གནད་ཆེ་ཤོས་ནང་གི་དཀའ་གནད་རེད། ང་ཚོས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱེད་དགོས་པ་དང་། དེ་བས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱས་ཏེ། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་གསུངས་པ་རེད།
ཐོན་ལས་གོང་འཕེལ་གཏོང་བ་ནི་དབུལ་གྲོལ་ཡོང་བ་བྱེད་པའི་རྩ་བའི་ཐབས་ཇུས་ཡིན། ཤིན་ཅང་ཁ་ཧྲེ་ས་ཁུལ་དུ་མིག་སྔར་དབུལ་ཕོངས་རྫོང4ཡིས་དབུལ་ཞྭ་འབུད་ཐུབ་མེད་པ་དང་མི་འབོར་དབུལ་པོ་ཁྲི7.72དབུལ་སྒྲོལ་ཐུབ་མེད། ཁ་ཧྲེ་ས་ཁུལ་གྱི་འགོ་ཁྲིད་ལས་བྱེད་པ་དབུལ་ཕོངས་གྲོང་ཚོར་ཟབ་བསྐྱོད་བྱས་ནས། གྲོང་ཚོ་ཁག་གི་དབུལ་སྒྲོལ་ལས་དོན་གྱི་ཇུས་གཞི་དང་དུད་ཚང་རེ་ལ་ཐབས་ཇུས་རེའི་ཇུས་གཞིར་རེ་རེ་བཞིན་དབྱེ་ཞིབ་ཀྱིས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཡོད། ཅཱ་ཧྲི་རྫོང་ཐེ་རི་མུའུ་གྲོང་ཚོའི་ཡིག་ཚགས་དང་གཱ་ཤོག་བཟོས་པའི་དུད་ཚང་དབུལ་པོ་ཨ་པུའུ་ལི་ཁེ་མུའུ་ཁཱ་ཏིར་ཁྱིམ་གྱིས་དེ་སྔ་གྲོ་མུའུ5ལས་འདེབས་འཛུགས་བྱེད་ཀྱི་མེད་པས་ཡོང་འབབ་མཐོ་པོ་མེད། ད་ལོའི་སྤྱི་ཟླ3པར། གྲོང་ཚོས་ཁོང་གི་བཟའ་ཟླ་སྒོ་ངའི་བག་ལེབ་ཚོང་ཁང་དུ་ལས་ཀ་བཀོད་སྒྲིག་བྱས་པ་དང་། ཟླ་རེར་ཡོང་འབབ་སྒོར2500ཡོད་པ། ད་དུང་ལག་རྩལ་པ་མངགས་ནས་ཁོང་ནས་དྲོད་ཁང་ཆེ་མོར་སྔོ་ཚལ་འདེབས་རྒྱུར་མཛུབ་ཁྲིད་བྱས་ཡོད། ཨ་པུའུ་ལི་ཁེ་མུའུ་ཁ་ཏིར་གྱིས། སྔོ་ཚལ་དང་མེ་ཏོག་གསར་པ་འདེབས་པར་མུའུ་རེར་སྒོར500ཡི་ཁ་གསབ་ཡོད་པ་དང་། ངའི་དྲོད་ཁང་དུ་དཔྱིད་ཀ་ལབ་སྒོར་པད་ཚལ་འདེབས་པ་དང་དབྱར་ཁ་པད་ཚལ་འདེབས་ཀྱི་ཡོད། སྟོན་ཁ་ད་དུང་ཆེ་ཙི་དང་གང་བུ་འདེབས་ཀྱི་ཡོད་པས་ལོ་གཅིག་ལ་སྒོར6000ལྷག་ཙམ་གྱི་ཡོང་འབབ་ཡོང་གི་འདུག ངས་ད་ལོ་ལས་ཀ་ཧུར་ཐག་བྱས་ན་དབུལ་སྒྲོལ་ཐུབ་ངེས་ཡིན་ཞེས་བརྗོད་པ་རེད།
སི་ཁྲོན་གྱིས་ཞིང་ལས་ཐོན་རྫས་ཀྱི་འཁོར་རྒྱུག་བྱེད་སྟངས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་འཛད་སྤྱོད་དབུལ་སྐྱོར་ལག་བསྟར་བྱས་ཡོད། ལེའང་ཧྲན་ཁུལ་ཞི་ཏེ་རྫོང་ལ་ཁེ་ཤང་གི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་སུ། གྲོང་མི་ཨར་ཀུའུ་ཧྲེང་མོས་ལས་སྣོན་བྱས་ཟིན་པའི་ཞིང་ལས་ཐོན་རྫས་ཐུམ་སྒྲིལ་བརྒྱབ་ནས་ཕྱི་ཕྱོགས་སུ་གཏོང་བཞིན་ཡོད་པ་རེད། ཨར་ཀུའུ་ཧྲེང་མོས། དེ་སྔོན་འདི་འདྲ་མེད་པས། སྒལ་པར་འཁུར་ནས་ཁྲོམ་སྲང་དུ་འཚོང་བར་འགྲོ་སྐབས་མང་ཤོས་ལ་རྒྱ་མ100ལས་འཁྱེར་ཐུབ་ཀྱི་མེད། ད་དུང་དེ་ཡང་བདེ་བླག་ངང་འཚོང་ཐུབ་ཀྱི་མེད། ད་ལྟ་འདི་གར་འཚོང་སྐབས། སྒལ་པར་འཁུར་ནས་དབོར་མི་དགོས་པར་སྦྱིན་བདག་ཚུར་ལེན་པར་ཡོང་གི་ཡོད་ཅེས་གསུངས།
སློབ་གསོ་ནི་དབུལ་ཕོངས་མི་རབས་ནས་མི་རབས་བར་བརྒྱུད་པའི་རྩ་བ་བཅོས་པའི་ཐབས་ཇུས་ཤིག་ཡིན། ཁྲི་འདུ་རྫོང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་སློབ་གསོའི་རྫོང་ཆེན་ཞིག་ཡིན། བཞི་དབུས་གྲོང་བརྡལ་གྱི་ལྟེ་བའི་ཞག་སྡོད་སློབ་གྲྭ་ནི་ས་གནས་དེ་གའི་འཛུགས་སྔ་ཤོས་ཀྱི་ལོ་དགུའི་འོས་འགན་སློབ་གསོའི་ལྟེ་བའི་སློབ་གྲྭ་ཞིག་ཡིན་པ་དང་། ཕུལ་བྱུང་སློབ་མ1000ལྷག་ཙམ་སློབ་གྲྭ་དེ་ནས་མཐོ་རིམ་སློབ་འབྲིང་དང་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད། སློབ་གྲྭ་དེའི་དགེ་རྒན། རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་དོན་ལས་དོན་པ་ཝང་ཧུང་གིས། སློབ་གསོའི་བྱ་ཐབས་ལ་བརྟེན་ནས་ཁོང་ཚོ་ཕྱིར་བསྐྱལ་བ་ཡིན། ངའི་བདེ་སྐྱིད་ཆེ་ཤོས་ནི་ཕྲུ་གུ་དེ་དག་ལས་གནས་ཐོག་བསྐྱོད་ཐུབ་པ་དང་ཡོང་འབབ་བརྟན་པོ་ལེན་རྒྱུ་ཡོད་པ་དེ་ཡིན་ཞེས་གསུངས་ཡོད།
དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་དྲག་པོ་དེར་ཕྱིར་བཤོལ་བྱེད་ས་དང་སྐུམ་འཐེན་བྱེད་ས་གང་ཡང་མེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུ་ཡིས། ཞིང་ཆེན7གྱིས་སྒོ་བྱང་བཀལ་ནས་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་ལྟ་སྐུལ་བྱེད་པའི་ལག་བསྟར་ཇུས་གཞི་བཟོས་ཡོད་པ་དང་། རྫོང་དང་གྲོང་ཚོ་ཚང་མས་དམག་འཐབ་ཇུས་གཞི་བཟོས་ཡོད། གནད་དོན་གང་དག་ཐག་གཅོད་བྱ་དགོས་པ་དང་། ཐག་གཅོད་ཇི་ལྟར་བྱ་རྒྱུ། ག་དུས་ལེགས་གྲུབ་ཐུབ་པ་བྱ་རྒྱུ། སུ་ཞིག་གིས་བསྒྲུབ་རྒྱུ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་དོན་དངོས་མཐུན་པ་དང་ཞིབ་ཅིང་ཕྲ་བས། ད་ལོའི་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱེད་ཐུབ་ཅེས་གསུངས་ཡོད།
དབུལ་སྒྲོལ་ནི་མཇུག་བསྡུ་ས་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་པའི་འགོ་འཛུགས་ས་ཡིན། ཀྲང་ཡུང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བ་ཙེ་རྫོང་ཡང་ཡུང་གྲོང་རྡལ་གྱི་མི་ཞིག་ཡིན་པ་དང་། སྤྱི་ལོ2013ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་ཡོད། ན་ནིང་དབུལ་ཞྭ་ལེགས་པར་འབུད་ཐུབ་ཡོད། ཁོང་གིས། ལོ་འདི་དག་རིང་ང་ཚོར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཧ་ཅང་ཡག་པོ་འདུག གྲོང་ཚོས་ང་རང་མཉམ་ལས་ཁང་དུ་ཞུགས་སུ་བཅུག་པ་དང་ལོ་རེར་ཁེ་སྤོགས་སྒོར2000བགོས་བྱུང་། ད་དུང་ང་གྲོང་ཚོའི་འབྱུང་ཁམས་བདག་སྐྱོང་པ་བྱེད་དུ་བཅུག་པས་དེ་ལ་ཡང་གླ་ཕོགས་ལེན་རྒྱུ་ཡོད། ད་ལྟ་ངས་མུའུ20ལྷག་ཙམ་གྱི་ལྕ་བ་འདེབས་ཀྱི་ཡོད། ང་ཚོས་ལེ་ལོ་མི་བྱེད་པར་ཏན་ཏན་ཏིག་ཏིག་ངང་ལས་ཀ་བསྒྲུབས་ན་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་ངེས་རེད་ཅེས་གསུངས།
བོད་ལྗོངས་སུ་གནས་སྤོས་མང་ཚོགས་ཀྱི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ཆེད་མངགས་མ་དངུལ་གྲབས་གསོག་བྱས་ཏེ་དེ་སྔའི་ཡུལ་མི་ཚོར་རྩྭ་ར་བཟུང་སྤྱོད་ཀྱི་ཁ་གསབ་སྤྲད་ནས། གནས་སྤོས་མང་ཚོགས་ཀྱི་ཕྱུགས་འཚོ་སའི་རྩྭ་རའི་གནད་དོན་ཐག་གཅོད་བྱས་ཡོད། སྤྱི་ལོ2019ལོའི་ཟླ5པར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབུམ་སྐྱེས་ཤང་གི་དངོས་གྲུབ་ས་ངན་ཡུག་འབྲེལ་ཁུལ་ནས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་གྲོང་རྡལ་བཅའ་གནས་གྲོང་ཚོར་སྤོས་ཡོད། དངོས་གྲུབ་ཀྱིས། སློབ་གྲྭ་དང་འགྲིམ་འགྲུལ། སྡོད་ཁང་བཅས་ཧ་ཅང་ཡག་པོ་འདུག འདི་ནས་ད་དུང་ང་ཚོར་མི་རེར་མུའུ2.5ཡི་རྨོ་ཞིང་གསར་སྦོལ་བྱས་བྱུང་ཞེས་གསུངས།
སྤྱི་ལོ2019ལོའི་ལོ་མཇུག་བར། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་ལས་གཞིས་ལོ་གཅིག་སྔ་སྣུར་དུ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་འཛུགས་སྐྲུན་ལས་འགན་སྤྱིའི་ཆ་ནས་ལེགས་སྒྲུབ་བྱས་ཡོད། འདི་ལོ་ས་གནས་ཁག་གིས་བཀོད་སྒྲིག་ཁུལ་ཆེ་གྲས་ཀྱི་ཆ་སྦྱོར་སློབ་གསོ་དང་སྨན་བཅོས་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་བཞིན་ཡོད་པ་དང་། དབུལ་གྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བཞིན་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དྲུང་ཆེ་ཚུང་ལེང་གིས། ཚན་པ12དང་མཉམ་འབྲེལ་བྱས་ཐོག རྗེས་མཐུད་རོགས་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཁག་25ཁ་གསལ་བཟོས་ཡོད། ས་གནས་ཁག་གིས་ས་གནས་ཀྱི་འགན་འཁྲི་ནན་དུ་གཏོང་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱ་རྒྱུ་དང་། བཀོད་སྒྲིག་ཁུལ་གྱི་མཇུག་སྒྲིལ་ལས་གཞིར་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱ་རྒྱུ། འབྲེལ་ཡོད་ཞིང་ཆེན་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་གང་མགྱོགས་ལས་ཀ་བསྒྲུབས་ཚར་བ་བྱས་ནས་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་འདུག