བོད་སྤོས་ནི་མཐོ་སྒང་གི་བོད་མི་རིགས་ལ་མཚོན་ན་ཉིན་རྒྱུན་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན། བོད་མི་རིགས་ཀྱིས་རང་གི་ལག་ཟུང་ལ་བརྟེན་ཏེ་བོད་ཀྱི་རིག་གནས་ཉིང་བཅུད་ལས་རྩྭ་སྨན་དག་དྲི་བསུང་ལྡན་པའི་སྤོས་ཀྱི་རྣམ་པར་བསྐྲུན་ནས། ཉིན་གྱི་མགོ་མ་སྤོས་ཀྱི་དྲི་བསུང་གིས་བརྩམས་ཏེ། ལུས་སེམས་དང་སྲིད་པའི་དངོས་པོ་ཐམས་ཅད་ལ་དག་ཁྲུས་བྱེད་སྲོལ་ཡོད།
བོད་སྤོས་ནི་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སློབ་དཔོན་པད་མ་འབྱུང་གནས་ཀྱིས་སྤོས་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་མ་དག་པ་སངས་པར་བྱེད་ཅེས་གསུངས་ཡོད། ལོ་ངོ1300ཡན་གྱི་སྔོན་ནས་བོད་ཀྱི་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མིས་རང་གི་ཕ་ཡུལ་ནས་རང་བྱུང་གི་ཆུ་མིག་དང་རྩྭ་སྨན་རྩ་ཆེན་རྒྱུ་ཆར་སྤྱད་དེ། སྨན་བཅོས་ཀྱི་ཕན་ཡོན་ལྡན་པའི་བོད་སྤོས་ལས་བཟོ་བྱེད་སྲོལ་བཏོད། རིམ་བཞིན་བོད་ཁམས་ཡོངས་སུ་ཁྱབ་སྟེ།2008ལོར་བོད་སྤོས་ནི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་གྲས་སུ་བཙུད་དེ་མཚན་སྙན་ས་ཕྱོགས་ཀུན་ཏུ་ཁྱབ།
མཛོད་དགེ་རྫོང་བཞག་ལྡོམ་གྲོང་རྡལ་གྱི་ལྷ་མོའི་རི་འདབས་སུ་བོད་སྤོས་ཀྱི་དྲི་བསུང་གིས་ཁྱབ་པའི་ཐོག་ཁང་ཉམས་དགའ་བ་ཞིག་ཡོད། དེའི་བདག་པོ་དཀོན་མཆོག་རྒྱ་མཚོ་ཞེས་པ་ནི་བོད་སྤོས་ལག་རྩལ་གྱི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་ཞིག་ཡིན། ལོ་ན48ལས་མིན་རུང་ལོ་ངོ28ལ་བོད་སྤོས་བཟོས། ཁོང་གི་བསླབ་བྱ་ཐོག་མ་ནི་བོད་སྨན་ཡིན་མོད། སློབ་སྦྱོང་གི་གོ་རིམ་ཁྲོད་བོད་སྤོས་བཟོ་སྐྲུན་ལ་སྤྲོ་སྣང་སྐྱེས་པས། སྨན་པའི་ལས་ཀ་གཉེར་བཞིན་བོད་སྤོས་བཟོ་རྩལ་སློབ་སྦྱོང་བྱེད་ཞོར། བོད་ལྗོངས་ཀྱི་ས་ཆ་གང་སར་བསྐྱོད་དེ། བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་སྒོས། བློ་སེམས་གཅིག་སྒྲིམ་གྱིས་སྤོས་ཀྱི་རྒྱུ་ཆ་སྡེབ་སྦྱོར་ལག་རྩལ་ཀུན་ལ་སྦྱངས་པ་གནང་། ད་ལྟ་ཁོང་ནི་སྨན་རྒན་ཞིག་ཏུ་ཆགས་པར་མ་ཟད་བོད་སྤོས་རིག་གནས་རྒྱུད་འཛིན་གྱི་ལས་འགན་ཕྲག་ཏུ་བཞེས་ཡོད།
དཀོན་མཆོག་རྒྱ་མཚོས་བཤད་རྒྱུར། བོད་སྤོས་ནི་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བོད་སྨན་གཞིར་བཟུང་སྟེ་བཟོས་པས། དེར་སྨན་གྱི་རྒྱུ་ཆ་རྩ་ཆེན་དག་འདུས་ཤིང་རྫས་སྦྱོར་གྱི་ལྷད་མེད། སྔོན་ཆད་ཀྱི་བོད་སྤོས་ནི་ཕྱེ་ཞིབ་རྣམ་པ་ཅན་ཡིན་ལ་གཙོ་བོ་མཆོད་རྫས་སུ་སྤྱད། དུས་རབས་ཀྱི་འཕོ་འགྱུར་ཁྲོད་སྤོས་བཟོ་ལག་རྩལ་ཇེ་ལེགས་སུ་འགྱུར་ཏེ་བོད་སྤོས་རྣམ་པ་སྣ་ཚོགས་བྱུང་བ་ཡིན། ང་ཚོས་བོད་སྤོས་རིག་གནས་ལ་ཞིབ་འཇུག་བྱེད་པ་དང་མཉམ་དུ་དེའི་ལག་རྩལ་རྒྱུད་འཛིན་དང་དར་སྤེལ་བྱེད་དགོས།
སྔར་ལས་བོད་སྤོས་རྒྱུད་འཛིན་གང་ལེགས་གནང་ཕྱིར། 2011ལོར་དཀོན་མཆོག་རྒྱ་མཚོས་མཛོད་དགེ་རྫོང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོན་རྫས་དར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སི་བཙུགས་ཏེ། སྲོལ་རྒྱུན་གྱི་བོད་སྤོས་ལག་རྩལ་རྨང་གཞིར་བཟུང་སྟེ། མཛོད་དགེའི་མཐོ་སྒང་གི་རང་བྱུང་སྐྱེ་དངོས་རྩ་ཆེན་རྒྱུ་ཆར་སྤྱད་དེ། ས་ཕྱོགས་སོ་སོའི་དྲི་སྦྱོར་ལག་རྩལ་དཔེར་བཟུང་ནས་དེང་རབས་ཚན་རིག་ལག་རྩལ་ལ་བརྟེན་ཏེ། དྲི་ཞིམ་བོད་སྤོས་ཐུན་མོང་མ་ཡིན་པ་ཞིག་བཟོ་བཞིན་ཡོད།
དྲི་ཞིམ་བོད་སྤོས་ཀྱི་རྒྱུ་ཆ་ཚང་མ་རང་བྱུང་གི་སྐྱེ་དངོས་སྨན་རྩྭ་དང་དྲི་རྫས་ཡིན་ལ། རང་ས་རང་ཡུལ་ནས་ཐོན་པའི་རྒྱུ་ཆ་གཙོ་བོ་གུར་གུམ་དང་ཙན་དན། ལྕ་བ། མེ་ཏོག་གངས་ལྷ། ཨ་གར། སྤང་སྤོས་སོགས་སྨན་སྣ28ཀྱིས་གྲུབ་ཡོད། སྨན་སྣ་འདི་དག་དུས་ཚིགས་མི་འདྲ་བ་དང་སྡེབ་སྦྱོར་གྱི་རིམ་པ་སྣ་ཚོགས་བརྒྱུད་དེ། ཆེས་ཐུང་བའི་དུས་ཡུན་ནང་བཟོ་སྐྲུན་གྱི་ལས་འགན་ལེགས་འགྲུབ་བྱེད་དགོས། ལྷག་ཏུ་མ་རྒྱུ་འདེམས་གསེས་དང་གཙང་བཀྲུ། ཉི་སྐེམ། ཉར་ཚགས་སོགས་ནི་སྨན་རྩྭའི་ཚད་གཞི་ལྟར་སྒྲུབ་དགོས། དཀོན་མཆོག་རྒྱ་མཚོས་གཟབ་ནན་ཆེ་བའི་བརྒྱུད་རིམ་འདི་དག་ནི་གནའ་བོའི་ལག་རྩལ་དང་ཟུང་འབྲེལ་སྒོས། བོད་སྤོས་མཆོག་གྱུར་བཟོ་བཞིན་ཡོད། ཁོང་ལ་མཚོན་ན་བཟོ་སྐྲུན་བརྒྱུད་རིམ་ནི་དཔལ་འབྱོར་གྱི་ཁེ་ཕན་འབྱུང་བའི་གོ་རིམ་ཡིན་པར་མ་ཟད། ལྷག་ཏུ་བོད་སྤོས་རིག་གནས་རྒྱུད་འཛིན་བྱེད་པའི་བརྒྱུད་རིམ་ཡང་ཡིན།
རྔ་བ་ཁུལ་དངོས་མིན་ཤུལ་བཞག་རིག་གནས་བོད་སྤོས་ལག་རྩལ་རྒྱུད་འཛིན་པ། དཀོན་མཆོག་རྒྱ་མཚོ།
དཀོན་མཆོག་རྒྱ་མཚོས་བཤད་རྒྱུར། བོད་སྤོས་ནི་དྲི་རྫས་ཤིག་ཡིན་པར་མ་ཟད་སྨན་གྱི་རིན་ཐང་ཡང་ལྡན། འདིའི་ཕྱོགས་དགའ་མཁན་གྱི་ན་གཞོན་ཚོས་བོད་སྤོས་དང་བོད་སྨན་སོགས་ཀྱི་རིག་གནས་སློབ་སྦྱོང་སྒོས། ཚང་མས་ཕན་ཚུན་འབྲེལ་འདྲིས་དང་སློབ་སྦྱོང་བྱས་པ་བརྒྱུད། རྒྱུད་འཛིན་དང་དར་སྤེལ་བྱེད་པར་རེ་བ་འདོན་པ་ཡིན་ལ། བདག་གིས་ཀྱང་བོད་སྤོས་ཀྱི་སྲོལ་རྒྱུན་ལག་རྩལ་དང་དེང་རབས་ལག་རྩལ་ཟུང་འབྲེལ་ལ་ཞིབ་འཇུག་སྒོས། རྒྱལ་ཁབ་ཕྱི་ནང་གི་མི་རྣམས་བོད་སྤོས་ལ་དགའ་རུ་འཇུག་པར་འབད་རྒྱུ་ཡིན། འབྱུང་འགྱུར་བདག་གིས་བོད་སྤོས་བཟོ་སྐྲུན་གྱི་དཔེ་ཆ་ཞིག་དབུལ་རྩིས་ཡོད།
རྒྱུས་ལོན་པ་ལྟར་ན། མཛོད་དགེ་རྫོང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐོན་རྫས་འགན་འཁྲི་ཚད་ཡོད་ཀུང་སིར། ད་ལྟ་ལས་མི12ཡོད་ལ་དགེ་ཕྲུག2ཡོད། ཚང་མ་ས་གནས་ཀྱི་མང་ཚོགས་ཡིན་པས། བོད་སྤོས་རྒྱུད་འཛིན་གྱི་གནད་དོན་ཐག་བཅད་པར་མ་ཟད། ས་གནས་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་གནང་།
དྲི་ཞིམ་བོད་སྤོས་ཁང་གི་དགེ་ཕྲུག་གཉན་ཕྱུག་གིས་བཤད་རྒྱུར། ང་ཐོག་མར་འདིར་ཡོང་དུས་དམིགས་ཡུལ་གཙོ་བོ་ནི་དགེ་རྒན་རྒྱ་མཚོའི་མདུན་ནས་བོད་སྨན་བསླབ་རྒྱུ་དེ་ཡིན། ལོ་གཅིག་གཉིས་ལ་བོད་སྨན་སྦྱངས་རྗེས་དགེ་རྒན་གྱི་སྐུལ་སློང་འོག་བོད་སྤོས་བཟོ་སྐྲུན་ལ་དགའ་བྱུང་། དེ་ནས་དགེ་རྒན་གྱི་མདུན་ནས་བོད་སྤོས་བཟོ་སྐྲུན་གྱི་ལག་རྩལ་སློབ་སྦྱོང་གནང་། ད་ལྟའི་བར་འདི་ལ་སློབ་སྦྱོང་བྱས་ནས་ལོ་གཉིས་གསུམ་འགོར་ཡོད།
བོད་སྤོས་ནི་དྲི་བསུང་གི་མཆོག་ཡིན་པས། ཁྱེད་ཀྱིས་འདིའི་དྲི་བསུང་ལ་བདུག་ན། ལུས་སེམས་ཀྱི་དྲི་མ་ཐམས་ཅད་སངས་པར་མ་ཟད། ཁྱེད་ལ་དྲི་བཟང་གི་དག་ཞིང་བསྐྲུན་ཐུབ། བོད་སྤོས་ནི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་རྒྱུན་སྤྱོད་མཆོག་ཏུ་གྱུར་བ་ཞིག་ཡིན་པར་མ་ཟད། དབུལ་ཐར་ཕྱུག་འགྱུར་གྱི་ནོར་བུ་རྩ་ཆེན་ཡང་ཡིན།