[ནང་དོན་གནད་བསྡུས།] སློབ་དཔོན་བཻ་རོ་ཙ་ན་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཆེན་མོ་ཞིག་ཡིན་ལ། བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ཏུ་སད་མི་མི་བདུན་གྱི་ཡ་གྱལ། རྗེ་འབངས་ཉེར་ལྔའི་ནང་གསེས། ལོ་ཙཱ་བ་ཆེན་མོ་རབས་དགུ་ལས་རྒན་གསུམ་གྱི་གྲས་སུ་བགྲང་ཞིང་། བོད་ཀྱི་ཆོས་ལུགས་དང་རིག་གནས་དར་སྤེལ་གྱི་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད། འོན་ཀྱང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སོགས་སུ་སློབ་དཔོན་བཻ་རོ་ཙ་ནའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་། ཡབ་ཡུམ། འཁྲུངས་ཡུལ་སོགས་ལ་བཞེད་ཚུལ་མི་མཐུན་པ་འགའ་མཆིས་པས། ཆོས་འབྱུང་ལོ་རྒྱུས་རྣམས་ལ་ཁུངས་གཏུགས་ཤིང་ཞིབ་སྡུར་བྱས་ཏེ་སློབ་དཔོན་བཻ་རོ་ཙ་ནའི་འཁྲུངས་འདས་དང་རིགས་རུས། འཁྲུངས་ཡུལ་བཅས་ལ་གསར་དུ་དཔྱད་པ་བཏང་ཡོད།
[གནད་ཚིག] བཻ་རོ་ཙ་ན། འཁྲུངས་འདས། རིགས་རུས། འཁྲུངས་ཡུལ།
གླེང་གཞི།
སློབ་དཔོན་བཻ་རོ་ཙ་ན་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཆེན་པོའམ་སློབ་དཔོན་ཆེན་མོ་ཞིག་ཡིན་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཐོག་མར་བཻ་རོ་ཙ་ན་ཕ་ཡུལ་ནས་བསམ་ཡས་སུ་གདན་དྲངས་ཤིང་། མཁན་སློབ་གཉིས་ལས་སྒྲ་ལ་ཐོགས་པ་མེད་པ་ཞིག་སྦྱོང་དུ་བཅུག དེའི་རྗེས་སུ་བོད་ཀྱི་རྒྱལ་བློན་ཀུན་གྱིས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆོས་འཕྲོར་ལུས་པའི་རྒྱུ་འབྲས་གཉིས་ལས་འདས་པའི་རྩོལ་མེད་ཨ་ཏིའི་མན་ངག་གི་ཆོས་འཚོལ་བར་རྒྱ་གར་དུ་མངགས། སློབ་དཔོན་བཻ་རོ་ཙ་ནས་ལམ་བར་དུ་དཀའ་བ་བཅུ་དྲུག་དང་ཤི་དོ་ཆད་དོ་ལྔ་བཅུ་རྩ་བཞིའི་དཀའ་བ་སྤྱད་ནས་འཕགས་པའི་ཡུལ་དུ་བརྟོལ་ཅིང་གཞུང་མང་པོར་སྦྱངས། ཁྱད་པར་དུ་ཐབས་ཀྱི་ཐེག་པ་སྟེ་གསང་སྔགས་རིན་པོ་ཆེ་ལ་ཐོས་བསམ་རྒྱ་ཆེན་པོ་བྱས་མཐར་ཕྱིར་བོད་དུ་ལོག འོན་ཀྱང་བཻ་རོ་ཙ་ན་ཕྱིར་བསམ་ཡས་སུ་ཕེབས་རྗེས་བོད་ཀྱི་བློན་པོ་དང་བཙུན་མོ་སོགས་ཀྱིས་ཕྲ་མ་དང་སྒྲོ་སྐུར་སྣ་ཚོགས་བྱས། བཙན་པོ་ཁྲི་སྲོང་ལྡེ་བཙན་ཡང་འུ་ཐུག་ནས་སློབ་དཔོན་བཻ་རོ་ཙ་ན་རེ་ཞིག་རྒྱལ་མོ་ཚ་བ་རོང་དུ་སྤྱུགས། འོན་ཀྱང་སློབ་དཔོན་བཻ་རོ་ཙ་ནས་དཀའ་བ་ཡོད་ཚད་ཁྱད་དུ་བསད་དེ་བོད་ཀྱི་ཆོས་ལུགས་དང་རིག་གནས་དར་སྤེལ་གྱི་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཚུལ་དེ་ལ་བོད་ཀྱི་སྔོན་བྱོན་མཁས་ཆེན་གང་མང་གིས་ཀྱང་ཁོ་ལ་བསྔགས་བརྗོད་ཚད་མེད་བྱས་ཡོད་དེ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །རིན་ཆེན་བཟང་བོ་ཐོ་རེངས་སྐར་ཆེན་ཙམ། །ཁོ་བོ་དེ་དྲུང་སྲིན་བུ་མེ་ཁྱེར་བཞིན། །[1]ཞེས་དང་། ཡང་རྒྱལ་དབང་ལྔ་པ་ཆེན་མོས། ཁྱད་པར་ཁྲི་སྲོང་རྗེ་ཡིས་གངས་ཅན་འདིར། །ཨྱོན་སངས་རྒྱས་གཉིས་པ་སྤྱན་དྲངས་པའི། །དྲིན་ལས་སྙིང་རྗེའི་ཡུལ་གྱུར་འགྲོ་བའི་སྲོག །འཚོ་བའི་གསོ་རིག་གཙུག་ལག་འབྱམས་སུ་ཀླས། །དེ་འདྲའི་རིག་བྱེད་རྒྱུ་སྐར་འཕྲེང་བའི་དབུས། །ཚིག་ཉུང་དོན་རྒྱས་རྒྱུད་བཞིའི་ཆུ་ཤེལ་དབང་། །དོན་གྱི་པཎ་ཆེན་འཇིག་རྟེན་མིག་གཅིག་པུ། །བཻ་རོའི་མཁྱེད་དཔྱོད་རླུང་གི་ཤིང་རྟས་དྲངས། །[2]ཞེས་བསྔགས་བརྗོད་མཛད་ཡོད། འོན་ཀྱང་རང་ཅག་ལ་སློབ་དཔོན་ཆེན་པོ་བཻ་རོ་ཙ་ནའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་རིགས་རུས། འཁྲུངས་ཡུལ་སོགས་རྟ་མོག་མོག་གི་སྤུ་ནང་བཞིན་གསལ་ཆ་ལྡན་པ་ཞིག་མིན་པས།འདིར་སློབ་དཔོན་བཻ་རོ་ཙ་ནའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་ཡབ་ཡུམ་སུ་ཡིན་པ། ཡུལ་གང་ནས་འཁྲུངས་པ་བཅས་ལ་དཔྱད་པར་བྱ་སྟེ།
དང་པོ། འཁྲུངས་འདས་ཀྱི་ལོ་ཚིགས།
སློབ་དཔོན་བཻ་རོ་ཙ་ནའི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དག་ཏུ་གསལ་པོར་བཀོད་མེད།དེ་བས་བཻ་རོ་ཙ་ནའི་འཁྲུངས་ལོ་དང་གཤེགས་ལོ་ཐག་གཅོད་དགོས་ཚེ་གཙོ་བོ་སློབ་དཔོན་བཻ་རོ་ཙ་ན་དང་འབྲེལ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་རྣམས་ལ་གཞི་བཅོལ་དགོས་ཏེ། སློབ་དཔོན་བཻ་རོ་ཙ་ན་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པ་ཆོས་འབྱུང་ལོ་རྒྱུས་ཀུན་ཏུ་གསལ། དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསམ་ཡས་གཙུག་ལག་ཁང་གསར་དུ་བཞེངས་པ་དང་སད་མི་བདུན་རབ་ཏུ་བྱུང་བ། མཁན་སློབ་གཉིས་བོད་དུ་གདན་དྲངས་པ་སོགས་བོད་ཀྱི་རིག་གནས་དར་སྤེལ་གྱི་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད། དེ་བཞིན་སློབ་དཔོན་བཻ་རོ་ཙ་ནས་ཀྱང་དེའི་ཕྱོགས་ལ་ནུས་པ་མི་དམན་པ་ཐོན་ཡོད། དེ་བས་ལོ་རྒྱུས་ཀྱི་ཟིན་ཐོ་འདི་རྣམས་རྒྱབ་རྟེན་དུ་བཅོལ་ཏེ་སློབ་དཔོན་བཻ་རོ་ཙ་ནའི་འཁྲུངས་འདས་སོགས་ཀྱི་འཁྲུལ་གཞི་རྣམས་གཏན་འབེབས་བྱ་དགོས། དཔྱད་གཞི་ཡིག་ཆ་རྣམས་ལ་ཞིབ་སྡུར་བྱས་ན་སློབ་དཔོན་བཻ་རོ་ཙ་ན་རྒྱ་གར་དུ་བཏང་བའི་ལོ་ཚིགས་དེ་ཅུང་རྒྱས་པར་གླེང་ཡོད་དེ། བསམ་ཡས་ལྷུན་གྱིས་གྲུབ་ཅིང་ཕྱི་རོལ་གྱི་ལྷ་རྣམས་ཀྱང་བཞེངས་ཏེ་གཉིས་ཀར་རབ་གནས་མཛད་རྗེས། མཁན་ཆེན་བྷོ་དྷི་ས་ཏྭ་དང་ལོ་ཙཱ་བ་ཀ་ཅོག་ལ་སོགས་པས་རྒྱུའི་ཆོས་མང་དུ་བསྒྱུར། གུ་རུ་པདྨས་སྙིང་ཞགས་གཉིས། པདྨ་ཕུར་པ་གཉིས། མ་མོ་གཤིན་རྗེ་གཉིས་ལ་སོགས་པའི་འཕྲིན་ལས་བསྟན་སྲུང་དང་བཅས་པ་བསྒྱུར་ཅིང་རྒྱུ་འབྲས་ཀྱི་ཆོས་མང་དུ་བསྒྱུར་པར་མ་ཟད། རྒྱུ་འབྲས་ཀྱི་ཆོས་མང་དུ་བསྒྱུར་ཀྱང་ད་དུང་རྒྱལ་པོའི་ཐུགས་ཡིད་མ་ཚིམ་སྟེ། རྒྱུ་འབྲས་ལས་འདས་པའི་ཆོས་ཤིག་བཙལ་བར་དགོངས། དེ་ནས་རྒྱ་གར་ན་རྒྱུ་འབྲས་ལས་འདས་པའི་ཆོས་ཡོད་པ་མཁྱེན་ནས། བོད་ཕྲུག་ཕོ་ལུས་ཐོབ་ཚད་དབང་དུ་བསྡུས་ཏེ་བློ་རྣོ་ཞིང་དྭངས་པ་སྟོང་ཙམ་ལ་སློབ་དཔོན་གཉིས་ཀྱིས་རྒྱ་གར་གྱི་ཕལ་སྐད་ཆོས་སྐད་བསླབས་མོད། ཤེས་པར་མ་འགྱུར་ནས་སྒྲ་ལོག་དང་བརྡ་ལོག་མང་དུ་བྱུང་ནས་རྒྱལ་བོའི་ཐུགས་མུག་པའི་ཚེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། ད་ལྟ་གཙང་གི་སྙེ་མོ་བྱེ་འཕར་ན། གཙུག་ལག་གཅིག་གི་འགྲམ་མཁར་ན། ཕ་ནི་པ་གོར་ཧེ་འདོད་དང་། མ་ནི་བྲན་ཟ་དཀར་སྐྱིད་གཉིས་ཀྱི་བུ། གན་ཇག་ཐང་ཏ་ཞེས་བྱ་ལོ་བརྒྱད་པ་དེ་ཕ་མ་གཉིས་ལ་སློང་དང་སྟེར་བར་ངེས།[3]ཞེས་གསུངས་ནས་བཙན་པོ་འཁོར་དང་བཅས་པ་གཙང་གི་སྙེ་མོ་བྱེ་འཕར་དུ་ཕེབས་ཏེ་གན་ཇག་ཐང་ཏ་སློང་དུ་སོང་ཞིང་། མཐར་བཻ་རོ་བསམ་ཡས་སུ་འཕྲད་ཅིང་ཧེ་འདོད་སོགས་ཀྱང་གནས་སྤར་ཏེ་ཡར་ཀླུང་རོག་པ་རྩ་རུ་ཡོང་། དེའི་སྐོར《འདྲ་འབག་ཆེན་མོའི》ནང་། རྒྱལ་པོའི་མཐར་ཡབ་ཡུམ་ཡར་ཀླུང་རོག་པ་རྩ་རུ་བཞག །དེ་ནས་གན་ཇག་ཐང་ཏ་བསམ་ཡས་ཁྲིད། །མཁན་སློབ་གཉིས་ཀྱི་དྲུང་དུ་བཞུགས་སུ་བཅུག །ལོ་བདུན་བར་དཀར་གསུམ་མངར་གསུམ་བྱིན། །ཤེས་རབ་བསྐྱེད་ཐབས་འཕེལ་གཟུངས་བསྒྲུབ་ཀྱིས། །ལོ་གསུམ་བར་དུ་སྒྲ་རྣམས་མཁས་པར་བསླབས། །[4]ཞེས་གསུངས་ཡོད་པ་ལས་ཤེས། སློབ་དཔོན་བཻ་རོ་ཙ་ནས་མཁན་སློབ་གཉིས་ལས་ལོ་བདུན་ལ་སྦྱངས་པ་བྱས་རྗེས་རྒྱ་གར་དུ་མངགས་དུས་པ་གོར་ཧེ་འདོད་འཐད་པ་མ་བྱུང་མོད། བཻ་རོ་ཙ་ནས་ཨུ་ཚུགས་བྱས་མཐར་པ་གོར་ཧེ་འདོད་ཀྱིས་བཻ་རོ་ཙ་ན་ལ། “བུ་རང་གང་དགྱེས་མཛོད་ཟེར་རོ། །དེ་ནས་ཕ་མ་གཉེན་འདུན་ལོངས་སྤྱོད་སྤངས་ཏེ། །ལོ་བཅོ་ལྔ་ལས་མ་ལོན་པ་ཞིག་གིས། །སྟག་གི་དཔྱིད་ཟླ་ར་བའི་ལོ་སར་གྱི་ཚེས་གསུམ་ལ། །ལྷོ་ཕྱོགས་མེའི་ཐོག་ཏུ་གཟའ་ཟླ་བ་ལ་གཏད་ནས། །ཨརྱ་པ་ལོའི་གླིང་དུ་སྤགས་སོ། །གྲོགས་པོ་ལེགས་གྲུབ་དང་གཉིས། །རྟ་མཚལ་ལུ་བྱ་གདོང་དང་གསུམ་ཆས་ཏེ། །རྒྱ་གར་ཡུལ་བཤུལ་ཐག་རིང་ཞིང་སོ་འཕྲང་བསྲུང་བ་ལ་སོགས་ཀྱི་བགྲོད་པར་དཀའ་བའི་སར། ལམ་འཚོལ་མཁན་པོ་མེད་པར་འགྲོ་ཤིན་ཏུ་དཀའ་བ་ལས་འགྲོ་ཆས“[5]ཞེས་བཀོད་ཡོད། དཔྱད་ཡིག་འདི་ལ་དབྱེ་ཞིབ་བྱས་ཚེ་བཻ་རོ་ཙ་ན་ཆུང་བྱིས་པ་ལོ་བརྒྱད་ཙམ་གྱི་སྟེང་ནས་བསམ་ཡས་སུ་གདན་དྲངས་པ་ཤེས་ཤིང་། དེ་མ་ཟད་ལོ་བཅོ་ལྔའི་བར་དུ་མཁན་སློབ་གཉིས་ལས་སྐད་དང་ལོ་ཙཱ་ལ་ནང་བྱན་ཆུབ་པར་གྱུར་ཏེ། རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལ་སྦྱངས་ཏེ་རིག་པའི་རྩེར་སོན་ནས་ལོ་བཅོ་ལྔ་ཙམ་ལ་བུད་པ་ན་རྒྱ་གར་ཡུལ་དུ་རྒྱུ་འབྲས་གཉིས་ལས་འདས་པའི་ཆོས་སློབ་ཏུ་བཏང་བ་རྟོགས་ཐུབ། ཡང་སྐབས་དེར་སློབ་དཔོན་བཻ་རོ་ཙ་ན་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་སྟེ་ཡེ་ཤེས་སྡེ་ཞེས་དང་སློབ་དཔོན་པདྨ་འབྱུང་གནས་ལས་སྔགས་ཀྱི་སྡོམ་པ་བཞེས་ཏེ་བཻ་རོ་ཙ་ན་བྱས་པའི་མཚན་ཐོགས་ཡོད། དེ་བས་སློབ་དཔོན་བཻ་རོ་ཙ་ན་རྒྱ་གར་དུ་འགྲོ་དུས་བསམ་ཡས་གཙུག་ལག་ཁང་བཞེངས་ཟིན་ཅིང་སད་མི་མི་བདུན་རབ་ཏུ་བྱུང་ཟིན་པའི་དུས་དེ་ཙམ་ལ་ཁེལ་བར་ངེས། དེ་ལྟ་ཡིན་ཚེ་བསམ་ཡས་གཙུག་ལག་ཁང་ནི་སྤྱི་ལོ774ལོར་བཞེངས་ཤིང་མེ་མོ་ལུག ① གི་ལོ་སྟེ་སྤྱི་ལོ779ལོར་རབ་གནས་མཛད་དེ་སད་མི་བདུན་རབ་ཏུ་བྱུང་། དེ་བས་སྐབས་དེར་བཻ་རོ་ཙ་ན་ལོ་བཅོ་ལྔ་ཙམ་ལ་སོན་ཡོད་པས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་སྤྱི་ལོ764ལོའི་སྔོན་ཙམ་དུ་འཁྲུངས་པའི་ངེས་པ་སྟེར། འོན་ཀྱང《བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ》དུ། གླང་ལོ་དབྱར་ཟླ་བའི་ཚེས་བཅུའི་དུས༔ ཕུར་བུ་དར་བ་རྒྱུ་སྐར་རྒྱལ་གྱི་ཉིན༔ ཉི་ཤར་འབྲུག་གི་དུས་ཚོད་ཤར་བའི་ཚེ༔ གནམ་ལ་འཇའ་སྤྲིན་མེ་ཏོག་ཆར་པ་བབས༔ ས་གཞི་ཡོ་ཞིང་སྣང་འབྲུག་ཀྱང་ལྡིར༔ རྣམ་སྣང་སྤྲུལ་པ་བཻ་རོ་ང་ཉིད་འཁྲུངས༔ ཞེས་གླང་གི་ལོར་འཁྲུངས་པ་གསུངས་ཡོད། དེས་ན་སྤྱི་ལོ764ལོའི་ཡས་མས་ཀྱི་གླང་ལོ་དེ་ནི་སྤྱི་ལོ761ལོ་སྟེ་ལྕགས་མོ་གླང་གི་ལོར་འཁྲུངས་པར་བརྩི་ཐུབ། དེ་བས་སློབ་དཔོན་བཻ་རོ་ཙ་ན་ཕལ་ཆེར་སྤྱི་ལོ761ལོར་འཁྲུངས་པ་ལུང་རིགས་གཉིས་ཀས་བསྒྲུབ་ཐུབ།
ཆོས་འབྱུང་ལོ་རྒྱུས་སོགས་སུ་སློབ་དཔོན་བཻ་རོ་ཙ་ན་དུས་ནམ་ཞིག་ལ་སྐུ་གཤེགས་པའི་ལོ་ཚིགས་ཀྱང་གསལ་པོར་བཀོད་མེད། ལོ་རྒྱུས་ཡིག་ཆ་རྣམས་ལ་ཞིབ་སྡུར་དང་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་དོན་རྐྱེན་ལ་གཞི་བཅོལ་ཏེ་དཔྱད་པ་བཏང་རྗེས། ཁོ་བོས་འདི་ལྟར་འདོད་དེ། བཻ་རོ་ཙ་ན་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་སྟེ་སྤྱི་ལོ761ཙམ་ལ་སྐུ་འཁྲུངས་ཤིང་སྤྱི་ལོ779ལོའི་སྔ་རྗེས་སུ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཤིང་། རྒྱ་གར་ནས་ལོ་བཅུ་གཉིས་ཙམ་ལ་མདོ་སྔགས་ཀྱི་ཆོས་ལ་སྦྱངས་པ་མཛད་རྗེས་སྤྱི་ལོ790ལོའི་སྔ་རྗེས་སུ་རྒྱ་གར་ནས་བསམ་ཡས་སུ་འབྱོར་ནས་ཆོས་གསུངས། སྤྱི་ལོ793ཡས་མས་སུ་སྟོན་རྩེན་ཆོས་རྩོད་སོགས་བྱུང་སྟེ་རྒྱ་བོད་ཀྱི་སློབ་དཔོན་དང་མཁས་ཆེན་མང་པོར་གླེང་ལོག་སྣ་ཚོགས་བྱས་ཏེ་ཉེས་ཆད་མང་པོ་བྱུང་ཞིང་། སློབ་དཔོན་བཻ་རོ་ཙ་ན་ཡང་སྐབས་དེར་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་ཤིང་དུས་དེར་དགུང་ལོ་སུམ་ཅུ་ལྷག་ཙམ་ལ་སོན་ཡོད་པར་ངེས། སློབ་དཔོན་བི་མ་ལ་མི་ཏྲ་བོད་དུ་འབྱོར་ནས་བཻ་རོ་ཙ་ན་རྒྱལ་རོང་ནས་ཕྱིར་བོད་དུ་གདན་དྲངས་ཤིང་སྐབས་དེར་མུ་ནེ་བཙན་པོའི་ཤིད་གཏོང་བའི་དུས་སུ་ཐུག དེ་དུས་སད་ན་ལེགས་མཇིང་ཡོན་ནམ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་བཟུང་ཡོད། བཙན་པོ་དེ་སྤྱི་ལོ815ཙམ་ལ་སྐུ་གཤེགས་པ་ད་ལྟ་ཀུན་གྱིས་བཞེད་མཐུན་དུ་སྨྲ། ཡང《བཻ་རོའི་འདྲ་འབག》 ཏུ། བོད་ཀྱི་རྒྱལ་པོའི་ཁྲི་ཐོག་ལྔ་རུ་ཡང་། ། བཻ་རོ་ང་ཡིས་འགྲོ་དོན་རྒྱ་ཆེར་བྱས། །[6]ཞེས་བཻ་རོ་ཙ་ནས་བཙན་པོ་སྐུ་ཐོག་ལྔའི་རིང་ལ་དམ་པའི་ཆོས་བསྒྱུར་བར་བརྗོད་མོད། གཏམ་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་སྲས་གསུམ་ཡོད་ཅིང་། ཁྱད་པར་དུ་ཁྲི་ལྡེ་སྲོང་བཙན་གྱི་མིང་ལ་མུ་ཏིག་བཙན་པོ་དང་སད་ན་ལེགས་མཇིང་ཡོན་ཞེས་མི་གཅིག་ལ་མིང་དུ་མ་བྱུང་ཡོད་པས། 《བཻ་རོའི་འདྲ་འབག》སོགས་སུ་ཕན་ཚུན་གོ་འཁྲུག་ནས་ལྷད་བསྲེས་པར་སྙམ། སྤྱི་ལོ815ལོ་ནས་བཟུང་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱིས་སྲིད་བཟུང་ཞིང་བཻ་རོ་ཙ་ན་ཡང་བཙན་པོ་འདིས་སྲིད་བཟུང་བའི་དུས་སྟོད་ཙམ་ལ་སྐུ་གཤེགས་པས། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུའང་སྐབས་དེར་སློབ་དཔོན་གྱི་མཛད་པ་རྣམས་བཀོད་མེད། དེ་བས་སློབ་དཔོན་བཻ་རོ་ཙ་ན་སྤྱི་ལོ761ལོར་སྐུ་འཁྲུངས་ཤིང་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱིས་སྲིད་བཟུང་སྟེ་ཡུན་རིང་མ་འགོར་བར་སྐུ་གཤེགས་པར་ངེས་སོ། །
གཉིས་པ། རིགས་རུས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས《རྒྱ་བོད་ཆོས་འབྱུང་རྒྱས་པ》དང་། 《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》 གཏེར་མ《བཀའ་ཐང་སྡེ་ལྔ》སོགས་ཀྱི་ནང་དུ་བཻ་རོ་ཙ་ན་ནི་པ་གོར་ཧེ་འདོད་དང་མ་བྲན་གཟའ་སྒྲོན་མ་སྐྱིད་གཉིས་སུ་འཁྲུངས་ཞེས་བཤད་ཡོད་མོད། 《བཻ་རོའི་འདྲ་འབག》ལས་བཻ་རོའི་དཀའ་བ་བཅུ་དྲུག་ལས་དང་པོའི་སྐབས་སུ། “ཉང་ཆབ་དང་གཙང་ཆབ་འཛོམ་པའི་འགྲམ། ས་ཆེན་པོ་ཅུང་འབུར་བ་ཕ་རྒན་ཆག་རྡོ་རྗེ་རྒྱལ་དང་། མ་སྲིང་བཟའ་སྒྲོན་མ་སྐྱིད་ཞེས་བྱ་བ་གཉིས་ཀྱི་བུ། སྐྱེ་བ་སྔ་མ་རྒྱལ་མོ་ཚ་བ་རོང་གི་དགེ་སློང་པུར་རྣ་ཚེ་འཕོས་པ། པའུ་གན་ཆག་རྟག་ཞེས་བྱ། སྐྱེས་བུ་རིག་པ་གསལ་ཞིང་བློ་དང་ལྡན་པ་ཞིག་བྱུང་ནས། “[7]ཞེས་བརྗོད་ཡོད་པ་དང་། ཡང་བཻ་རོའི་དཀའ་བ་གཉིས་པའི་ནང་གན་ཇག་སྟག་བཙན་པོའི་ཐུགས་དགོངས་ལྟར་བསམ་ཡས་སུ་སོང་སྟེ་ཆོས་བསླབས་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཆོས་ཐོས་བསམ་བྱ་བར་འགྲོ་འདོད་ཡོད་རུང་། པ་གོར་ཧེ་འདོད་འཐད་པ་མ་བྱུང་བས་ཁོང་གཉིས་ཀྱིས་གྲོས་འདེབས་བྱས་ཚུལ་ལ་འདི་ལྟར་བཀོད་ཡོད་དེ།“ཨ་ཁུ་ཧེ་འདོད་ཀྱིས་ཚ་བོ་ལ་ཁྱོད་མ་འགྲོ་ཤི་འོངས་པས་ཆུང་མ་ལོང་ལ་ངེད་ཚོའི་དཔོན་གྱིས་བྱས་པ། པའུ་གན་ཆག་སྟག་མ་ཉན་ནོ། ཨ་ཁུ་ན་རེ། མ་འགྲོ་འབྲུ་བཏབ་ཚད་སྐྱེ་བའི་ཞིང་ལུང་མོ་ལུང་རིང་ལའམ་མི་ཆགས་སམ། བུ་སྐྱེས་བའི་དོན་ཡིན་པས་ཕ་མེས་ཡུལ་ལ་བསྲུངས་བྱས་པས། ལན་དུ་བཻ་རོ་ཙ་ནས་མགུར་གསུངས་པ། ཨ་ཁུ་ཅི་དང་ཅི་མི་གསུང་། ཧེ་འདོད་ཅི་དང་ཅི་མི་གསུང་། ཆུང་མ་འཁོར་བའི་འདམ་རྫབ་ཡིན། བུ་ཚ་འཁོར་བའི་བཤལ་ཐག་ཡིན། ཕ་ཚན་འཁོར་བའི་ལག་སྡེ་ཡིན། ཆབ་སྲིད་འཁོར་བའི་བཙོན་ར་ཡིན། ཨ་ཁུ་འདི་ག་ཅི་མི་གསུང་། དེ་ལ་མོས་པ་སྙིང་རེ་རྗེ་བྱས་པས། ཨ་ཁུ་ཧེ་འདོད་འདི་སྐད་དོ། བུ་མ་ཟེར་ངའི་ཕུའོ(ཕུ་བོ)གན་ཆག་རྡོ་རྗེ་རྒྱལ་པོ་དང་། ཕ་རྒན་པའུ་བློ་ཆེན་འཕགས་པ་དང་། སྔོན་གྱི་ཕ་མེས་བཟང་པོས་ཀྱང་། བུར་ཁྱིམ་དང་ཚ་ཞང་རྣམས་ཀྱི་རྗེས་གཉའ་སྙེགས། ད་ལྟ་ཡང་དེའི་རྗེས་སུ་འཛིན། ད་བུ་ཚ་ཁྱོད་ཀྱང་ཕ་མ་མ་ཚོང་བྱས་པས།“[8]ཞེས་པའི་ནང་དུ་པ་གོར་ཧེ་འདོད་ནི་ཨ་ཁུ་དང་བཻ་རོ་ཙ་ནའི་ཕའི་མིང་ལ་གན་ཆག་རྡོ་རྗེ་རྒྱལ་པོ་ཡིན་ཚུལ་གསལ་པོར་བཀོད་ཡོད། དེས་ན་ཆོས་འབྱུང་ལོ་རྒྱུས་དག་ཏུ་ཕ་པ་གོར་ཧེ་འདོད་ཀྱི་བུ་ཡིན་པར་བཤད་པའི་རྒྱུ་མཚན་གང་ཡིན་ཞེ་ན། བཻ་རོ་ཙ་ན་ཆུང་དུས་སུ་ཡབ་གན་ཆག་རྡོ་རྗེ་རྒྱལ་པོར་རྐྱེན་ངན་གང་རུང་ཞིག་བྱུང་ནས་འདས་ཏེ་ཨ་ཁུ་དང་མཉམ་དུ་འཚོ་བ་རོལ་བ་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་བུ་ཕྲུག་ལོ་ན་གཞོན་ཞིང་བློ་རིག་བཀྲ་བ་རྣམས་བསམ་ཡས་སུ་སྡུད་ཀྱིན་པའི་དུས་སུ་བཻ་རོ་ཙ་ན་ཡུལ་སྙེ་མོ་རུ་ཨ་ཁུ་ཧེ་འདོད་དང་མཉམ་དུ་བསྡད་ཡོད་པས་ཁོའི་ཕ་ཡིན་པའི་གཏམ་ཡང་དེ་ནས་བཟུང་གྲགས་པར་འདོད། 《བཻ་རོའི་འདྲ་འབག》ཏུ། སྔ་རབས་འདས་ཀྱི་ཕ་མེས་ཀྱིས། །སྐྱེས་ནས་ཁྱིམ་དང་མཁར་བརྩིགས་པས། །ཤི་ནས་ཁྱིམ་མི་དབང་བས་སྒོ་རུ་འདོན། །ཁྱིམ་མཁར་བརྩིགས་པ་དོན་རེ་ཆུང་། །ཡུམ་མཁར་བསྲུང་ཞིང་སྡིག་སྤྱད་ཀྱང་། །ཤི་ནས་ཉལ་ས་ཟླ་གང་ཙམ་ལས་སྡོད་དབང་མེད། །ཡུལ་མཁར་བསྲུངས་པ་དོན་རེ་ཆུང་། །སྔ་མ་འདས་པའི་ཕ་མེས་ཀྱིས། །སྐྱེས་ནས་ཞིང་དང་ཡུལ་སྤྱད་ཀྱང་། །ཤི་ནས་རོ་ཁུར་རང་ཤོང་ཙམ། །ཡུལ་ཞིང་སྤྱད་པ་དོན་རེ་ཆུང་། །སྔ་མ་འདས་པའི་ཕ་མེས་ཀྱིས། །བུ་སྨད་བསོ་ཕྱིར་སྡིག་སྤྱད་ཀྱང་། །རྣམ་སྨིན་ཚེ་འདིར་རང་ལ་སྨིན། ། ནང་ན་ཆུང་བ་བུ་སྨད་ཀྱང་། །གཤིན་ལ་མི་ལྟ་གསོན་གྲོས་བྱེད། །བུ་སྨད་གསོས་པའི་དོན་རེ་ཆུང་། །སྔ་མ་འདས་པའི་ཕ་མེས་ཀྱིས། །སྐྱེས་ནས་ནོར་དང་ཕྱུགས་བསགས་ཀྱང་། །ཤི་ནས་ལག་སྟོང་གཅེར་བུར་འགྲོ། །ནོར་ཕྱུགས་བསགས་པ་དོན་རེ་ཆུང་། །སྔ་མ་འདས་པའི་ཕ་མེས་ཀྱིས། །སྐྱེས་ནས་གཉེན་དང་འཁོར་བསྐྱངས་ཀྱང་། །ཤི་ནས་བདག་ཉིད་གཅིག་པུར་འགྲོ། །བག་ཆགས་ཙམ་ཅིག་འཁོར་ལེགས་ན། །རྔན་བགྲང་བརྡུང་བཙོག་འཚལ་ཐབས་འདེབས། །གཉེན་འཁོར་སྐྱོང་བ་དོན་རེ་ཆུང་། [9]ཞེས་བརྗོད་ཡོད་པར་དཔྱད་པ་བཏང་ན་ཡང་བཻ་རོ་ཙ་ནའི་ཁྱིམ་གཞིས་ལ་ཆག་སྒོ་བྱུང་ནས་མི་སྲོག་གཉིས་ཀ་རྩ་སྟོང་དུ་སོང་བ་གོ་ཐུབ།
བཻ་རོ་ཙ་ནའི་ཡུམ་གྱི་མིང་ལ《ལྡེའུ་ཆོས་འབྱུང》 དུ་བྲན་ཟ་དཀར་སྐྱིད་དང་། 《བཻ་རོའི་འདྲ་འབག》ཏུ་སྲིང་བཟའ་ཞེས་སྔ་གཞུག་ཏུ་མིང་མི་འདྲ་བ་བྱུང་ཡོད་མོད། ཡིག་ཆ་མང་ཆེ་ཤོས་སུ་བྲན་ཀ་བཟའ་སྒྲོན་མ་སྐྱིད་ཅེས་གཅིག་མཐུན་གྱིས་བཀོད་ཡོད། དེས་ན་བྲན་ཟ་དཀར་སྐྱིད་དང་སྲིང་བཟའ་སོགས་ནི་མི་གཅིག་གམ་ཡང་ན་སོ་སོ་ཡིན་ཞེ་ན། སྤྱིར་འདྲ་འབག་འཁྲུལ་མེད་ཅིག་ཡོད་སྲིད་ཀྱང་རྗེས་སུ་གཏེར་མཁན་སོགས་མི་མང་པོས་ལྷད་བསྲེས་པས་མིང་ཕན་ཚུན་ཡང་གཅིག་མཐུན་མ་བྱུང་བ་དང་། བོད་ཀྱི་ལོ་རྒྱུས་ཡིག་རྙིང་མང་པོ་ཞིག་དབུ་མེད་ཀྱིས་བྲིས་ཡོད་པས་འབྲི་ཚུལ་མ་དག་པའམ་ཡང་ན་ཡིག་ངོར་ཕབ་མཁན་པ་སོ་སོའི་ཆུ་ཚད་མ་འདྲ་བས་འབྲི་ཚུལ་མི་འདྲ་བ་འགའ་བྱུང་། དེ་བས་ང་ཚོས་བཻ་རོ་ཙ་ནའི་མའི་མིང་ལ་བྲན་ཀ་བཟའ་སྒྲོན་མ་སྐྱིད་ཟེར་བ་གཏན་འབེབས་བྱ་ཐུབ། འབྲོང་བུ་ཚེ་རིང་རྡོ་རྗེས་བརྩམས་པའི《རྩོད་བཟློག་ཐེམ་སྤུངས་མ》ཞེས་པ་ལས། བཻ་རོ་ཙ་ན་ཉིད་སྙེ་མོ་པ་གོར་དུ་གན་ཆག་རྡོ་རྗེ་རྒྱལ་པོའི་ནུ་བོ་ཧེ་འདོད་ལ་བུ་དང་བུ་མོ་གང་ཡང་མེད་པས་བུ་སྐལ་དུ་བསྩལ་བའམ་ཡང་ན་ཕ་གན་ཆག་རྡོ་རྗེ་རྒྱལ་པོ་བཟའ་མི་གཉིས་རྐྱེན་དབང་གིས་འཇིག་རྟེན་མི་ཡུལ་དང་བྲལ་བའི་སྡུག་བསྔལ་ལས་གཡོལ་ཕྱིར་པ་གོར་ཧེ་འདོད་ཀྱིས་བཻ་རོ་ཙ་ན་སོ་སོ་ནང་མི་འཁྲིད་དེ་སྙེ་མོ་པ་གོར་དུ་སླེབས་པ་ཞིག་ཡིན་སྲིད། [10]ཅེས་དང་། ཡང་། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཁྱོ་མང་ཤུག་གཅིག་གི་གནའ་བོའི་ལུགས་སྲོལ་ཞིག་རྒྱུན་ལྡན་དུ་གནས་ཡོད་པ་དེའི་ཐོག་ནས་པ་གོར་ཧེ་འདོད་དང་གན་ཆག་རྡོ་རྗེ་རྒྱལ་པོ་གཉིས་ཀྱི་ཆུང་མ་གཅིག་ཡིན་པར་ཆ་འཇོག་བྱས་ཏེ་གན་ཇག་སྟག་ནི་པ་གོར་ཧེ་འདོད་དང་། གན་ཆག་རྡོ་རྗེ་རྒྱལ་པོ་གཉིས་ཀྱི་བུ་ཡིན་པར་ངོས་འཛིན་བྱས་ཆོག་ནའང་བསམ་པར་བྱ་བ་འདི་ཡོད་དེ་གཅིག་ནས་མ་ཡི་མིང་འགོད་དུས་བྲན་ཟ་དཀར་སྐྱིད་དང་སྲིང་བཟའ་སྒྲོན་མ་སྐྱིད་ཅེས་སོ་སོར་བཀོད་ཡོད།[11]ཅེས་བོད་ཀྱི་བག་མ་གཏོང་བའི་ལམ་སྲོལ་ལས་ཁྱོ་གཅིག་ཤུག་མང་གི་གོམས་སྲོལ་གྱིས་གན་ཆག་རྡོ་རྗེ་རྒྱལ་པོ་དང་པ་གོར་ཧེ་འདོད་སྤུན་གཉིས་ལ་ཆུང་མ་གཅིག་བླངས་ཤིང་། རེ་ཞིག་གན་ཆག་རྡོ་རྗེ་རྒྱལ་པོ་འདས་རྗེས་བྲན་ཀ་བཟའ་སྒྲོན་མ་སྐྱིད་ཨ་ཁུ་ཧེ་འདོད་དང་མཉམ་དུ་སྙེ་མོའི་ཕྱོགས་སུ་སྤོས་པར་འདོད་ཚུལ་གླེང་ཡོད། འོན་ཀྱང་ང་ཚོས་ད་ལྟ་པ་གོར་ཧེ་འདོད་ལ་བུ་བུ་མོ་ཡོད་མེད་དང་། བཻ་རོ་ཙ་ནའི་ཕ་མ་གཉིས་མཉམ་དུ་འཇིག་རྟེན་མི་ཡུལ་དང་ཁ་བྲལ་ཡོད་མེད། ཡང་སྐབས་དེ་དུས་སུ་ཡུལ་དེར་ཁྱོ་གཅིག་ཤུག་མང་གི་སྲོལ་ཞིག་དར་ཡོད་མེད་སོགས་རྩད་གཅོད་བྱ་མི་ཐུབ། འོན་ཀྱང་དཔྱད་ཡིག་རྣམས་ཕན་ཚུན་གོ་བསྡུར་ཞིང་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཞིབ་ཏུ་དཔྱད་པ་བཏང་ཚེ་བཻ་རོ་ཙ་ནའི་མའི་མིང་ལ་བྲན་ཀ་བཟའ་སྒྲོན་མ་སྐྱིད་ཟེར་བ་ང་ཚོས་དཔྱད་པ་བྱས་ན་དཔྱད་འཛུགས་ཐུབ་བོ། །
ཡང་བཻ་རོ་ཙ་ནའི་ཆུང་དུས་ཀྱི་མིང་ལ《བཻ་རོའི་འདྲ་འབག》ནང་དུ་སྔ་གཞུག་ཏུ་གན་ཆག་རྟག་དང་གན་ཇག་ཐང་ཏ་ཞེས་པའི་འབྲི་ཚུལ་མི་འདྲ་བ་དང་། ཡང《རྒྱ་བོད་ཆོས་འབྱུང་རྒྱས་པའི》ནང་དུ། པ་གོར་ཧེར་འདོད་ཀྱི་བུ་ག་འཇག་སྟག་དང་རྩང་ཐེ་ལེན་གྱི་བུ་ལེགས་དྲུག་གཉིས་ལ་འཆམས་སྐད། [12] ཅེས་ག་འཇག་སྟག་ཅེས་འབྲི་ཚུལ་མི་འདྲ་བ་བྱུང་ཡོད། བཻ་རོ་ཙ་ནའི་མིང་དངོས་ལ་ཅི་ཟེར་བ་ཤེས་དགོས་ཚེ། ཐོག་མར་ཁོའི་ཕ་མེས་ཡང་མེས་ཀྱི་མིང་ལ་དཔྱད་པ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་སྣང་སྟེ། བཻ་རོ་ཙ་ནའི་ཕ་མེས་ཀྱི་མིང་ལ《བཻ་རོའི་འདྲ་འབག》ལས། ངའི་ཕུའོ(ཕུ་བོ)གན་ཆག་རྡོ་རྗེ་རྒྱལ་བོ་དང་། ཕ་རྒན་པའུ་བློ་ཆེན་འཕགས་པ་དང་། སྔོན་གྱི་ཕ་མེས་བཟང་པོས་ཀྱང་། བུར་ཁྱིམ་དང་ཚ་ཞང་རྣམས་ཀྱིས་རྗེས་གཉའ་སྙེགས། [13] ཞེས་པ་ལས་བཻ་རོ་ཙ་ནའི་ཕའི་མིང་གི་མགོར་གན་ཆག་བཀོད་ཡོད་པར་བརྟགས་ན་བཻ་རོའི་ཆུང་དུས་ཀྱི་མིང་གི་སྔོན་དུའང་ཁོའི་ཕའི་མིང་ལས་གན་ཆག་ཅེས་སྔོན་དུ་འགོད་སྲིད། དེ་བས་སློབ་དཔོན་བཻ་རོ་ཙ་ནའི་ཆུང་དུས་ཀྱི་མིང་ལ་གན་ཆག་ཐང་ཏ་ཞེས་བཏགས་པར་མངོན་ལ། དེ་མ་ཟད་བཻ་རོ་ཙ་ནའི་སྐུ་གཅིག་ལ་མཚན་ལྔ་བཀོད་ཡོད་པའི་ནང་། “བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས། བོན་བསྒྱུར་ནང་དུ་གན་ཇགས་ཐང་ཏ་བྲིས། རྩིས་བསྒྱུར་ནང་དུ་ཨིན་ཏྲ་བཻ་རོ་བྲིས། སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག” [14]ཅེས་གན་ཇགས་ཐང་ཏ་ཞེས་པའི་མིང་ཐོན་ཡོད། བོད་ཀྱི་གནའ་བོའི་ཡིག་རྙིང་དག་ཏུ་གསལ་བྱེད་སྡེ་བ་གཅིག་པའི་ནང་གི་ཡི་གེ་རྣམས་ཕན་ཚུན་བརྗེ་བའི་སྲོལ་ཡོད་པས་ཆག་དང་ཇག་གཉིས་རེས་མོས་སུ་བྲིས་པར་ཡང་འགལ་བ་མེད་དོ། །
ཡང《རྙིང་མའི་ཆོས་འབྱུང》དུ་བཻ་རོ་ཙ་ནའི་གདུང་རྒྱུད་ནི་པ་གོར་ཡིན་པར་བཀོད་པ་དང་། 《བོད་ཀྱི་གསོ་རིག་བྱུང་འཕེལ་གྱི་ལོ་རྒྱུས》སུ། “པ་གོར་ཞེས་པ་རུས་མིང་སྟེ་པ་གོར་ཧེ་འདོད་ཀྱི་སྲས་ཡིན་པས་དེ་ལྟར་བྱའོ”ཞེས་བརྗོད་ཡོད། དེས་ན་པ་གོར་བཻ་རོ་ཙ་ན་ཞེས་པ་གོར་གྱི་ཡིག་འབྲུ་དེ་གཉིས་ཅིའི་ཕྱིར་མིང་གི་མགོར་བཏགས་ཤེ་ན། དཔལ་ལྷུན་དགྲ་འདུལ་གྱིས། “པ་གོར་ནི་དུས་ཕྱིས་ཀྱི་མཁས་པ་ཚོས་ཡུལ་གྱི་མིང་བཻ་རོ་ཙ་ནའི་མཚན་གྱི་གོང་དུ་སྦྱར་བ་ཞིག་ཡིན་ཏེ། དེ་ཡང་ཐོག་མར་བསམ་ཡས་སུ་ཕེབས་སྐབས་སྙེ་མོའི་པ་གོར་ནས་རྡོག་ཐོན་གནང་བ་ཡིན་པས་སོ”[15]ཞེས་བརྗོད་པའི་གཏམ་ནི་ཡིད་རྟོན་རུང་བའི་གཏམ་དུ་འཁུམས་སོ། །
གསུམ་པ། འཁྲུངས་ཡུལ།
བཻ་རོ་ཙ་ནའི་འཁྲུངས་ཡུལ་ལ་ངོས་འཛིན་ཡུལ་གསུམ་ཡོད་པ་ལས་བརྗོད་ཚུལ་གཉིས་ནི་ཀུན་གྱིས་རྩོད་གཞིར་གྱུར་ཡོད་པས་འདིར་ཞིབ་ཏུ་གླེང་བར་བྱ་སྟེ། ཁོང་གི་འཁྲུངས་ཡུལ་ལ 《བཻ་རོའི་འདྲ་འབག》ཏུ་སྔ་ཕྱི་འགལ་ཟླའི་ཚུལ་གྱིས་ཡུལ་མིང་མི་གཅིག་པ་གཉིས་བཀོད་ཡོད་དེ། “ད་ལྟ་གཙང་གི་སྙེ་མོ་བྱེ་འཕར་ན། གཙུག་ལག་ཁང་གཅིག་གི་འགྲམ་མཁར་ན། ཕ་ནི་པ་གོར་ཧེ་འདོད་དང་། མ་ནི་བྲན་ཟ་དཀར་སྐྱིད་གཉིས་ཀྱི་བུ། གན་ཇག་ཐང་ཏ”[16]ཞེས་གཙང་གི་སྙེ་མོར་འཁྲུངས་པར་བརྗོད་ཡོད་པ་དང་། ཡང“དེར་ཉང་ཆུབ་དང་གཙང་ཆུབ་འཛོམས་པའི་འགྲམ། ས་ཆེན་པོ་ཅུང་འབུར་བ་ཕ་གན་ཆག་རྡོ་རྗེ་རྒྱལ་པོ་དང་། མ་སྲིང་བཟའ་སྒྲོན་མ་སྐྱིད་ཞེས་བྱ་བ་གཉིས་ཀྱི་བུ། སྐྱེ་བ་སྔ་མ་རྒྱལ་མོ་ཚ་བ་རོང་གི་དགེ་སློང་པུར་རྣ་ཚེ་འཕོས་པ། པའུ་གན་ཆག་རྟག་ཅེས་བྱ”[17]ཞེས་ཉང་ཆབ་དང་གཙང་ཆབ་འཛོམས་པའི་ཡུལ་ཡིན་པར་བརྗོད་ཡོད། གཙང་གི་སྙེ་མོ་བྱེ་འཕར་དང་ཉང་ཆབ་གཙང་ཆབ་འཛོམས་པའི་ཡུལ་འདི་གཉིས་ལས་གང་ནི་བཻ་རོ་ཙ་ནའི་འཁྲུངས་ཡུལ་དངོས་ཡིན་ཞེ་ན། ཇོ་ནང་ཏཱ་ར་ན་ཐས་བརྩམས་པའི《མྱང་ཆོས་འབྱུང》དུ། ཡང་སྙིང་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བསྟན་འཛིན་སྐྱེས་བུ་འཁྲུངས་ཤིང་བསྟན་པ་སྤེལ་བའི་ངོ་མཚར་ཕུན་སུམ་ཚོགས་པ་ནི་ཅག་པོ་ཡུ་བ་གདོང་གི་གྲོང་དེར་ལོ་ཙཱ་བ་བཻ་རོ་ཙ་ན[ཕལ་ཆེ་བའི་འཇིག་རྟེན་གྲགས་གཏམ་བླུན་ཚིག་ལ་བཻ་རོ་ཙ་ན་སྙེ་མོ་བྱེད(བྱེ)མཁར་དུ་འཁྲུངས་ཀྱང་ཟེར་རོ། །]འཁྲུངས་པ་བཻ་རོའི་འདྲ་འབག་འཁྲུལ་མེད་ལས་བཤད་དོ། །རྒྱ་གར་གྲུབ་ཐོབ་རྣམས་ཀྱི་ཟབ་དོན་མན་ངག་ཐུགས་ཀྱི་ཉིང་ཁུ་རྫོགས་པ་ཆེན་པོའི་ཉམས་ལེན་གནད་དུ་བསྣུན་ནས་སྒྲུབ་པ་ལ་བསྒྲིལ་ནས་བཞུགས་པའི་བསྟི་གནས་ཀྱི་ཕུག་པ་བྱིན་རླབས་ཅན་ཕོ་བྲང་བསམ་རྩེའི་ཤར་ཕྱོགས་ཀྱི་སྐྱིད་བདེ་སྦུག་གི་ཕུག་ན་ཡོད་པའི་བཻ་རོའི་ཕུག་པར་གྲགས་པ་དེ་ཡིན་ནོ། །ཟངས་ཁར་རིའི་འོག་ཙམ་ན་བཻ་རོའི་ཞབས་རྗེས་དང་། གཞན་ཡང་སྒྲུབ་རྟགས་ཀྱི་ཁྱད་པར་བསྟན་པ་ཡོད་དོ། །[18]ཞེས་དང་། ཡང《གུ་བཀྲའི་ཆོས་འབྱུང》 དུ། གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་ཏེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉང་ཆུ་གཙང་ཆུ་འདྲེས་པ་ཞེས་འབྱུང་བས། ད་ལྟ་ཕོ་བྲང་ཆེན་པོ་བསམ་གྲུབ་རྩེའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐང་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར།[19]ཞེས་པ་སོགས་ལ་དཔྱད་ཚེ་སློབ་དཔོན་བཻ་རོ་ཙ་ན་ཉང་ཆུ་དང་གཙང་ཆུ་འདྲེས་པའི་ཡུལ་ནས་འཁྲུངས་པ་དོན་དངོས་ཀྱིས་ར་སྤྲོད་བྱ་ཐུབ། 《བཻ་རོའི་འདྲ་འབག》སོགས་སུ་བཻ་རོ་ཙ་ན་སྙེ་མོ་བྱེ་ཁུར་ནས་འཁྲུངས་ཞེས་པའི་ལོ་རྒྱུས་ཀྱི་གཏམ་དེ་ཅི་ལྟར་བྱུང་ཞེ་ན། བཻ་རོ་ཙ་ནའི་ཕ་ངོ་མ་ནི་གན་ཆག་རྡོ་རྗེ་རྒྱལ་པོ་ཡིན་ལ་བཻ་རོ་ཙ་ན་ལོ་བརྒྱད་མ་སོན་པའི་གོང་དུ་ཕ་འདས་པས། བཻ་རོ་ཙ་ན་སྙེ་མོའི་ཕྱོགས་ཀྱི་ཨ་ཁུ་ཧེ་འདོད་ཀྱིས་བསྐྱངས་པའམ་ཡང་ན་ཨ་ཁུ་ཧེ་འདོད་དང་བཻ་རོ་ཙ་ན་སོགས་གཙང་ཆུ་དང་ཉང་ཆུ་འདྲེས་པའི་ཡུལ་ནས་སྙེ་མོ་བྱེ་མཁར་ཕྱོགས་སུ་གནས་སྤོར་བྱས་ཏེ་གཞི་བཙུགས་ནས་གཏམ་དེ་བྱུང་བར་མངོན། མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་ཀྱང་། “བཻ་རོའི་འཁྲུངས་ཡུལ་སྐོར། བསམ་ཡས་བཻ་ཙ་གླིང་གི་གྱང་ལྡེབས་སུ་བྲིས་པའི་བཻ་རོའི་རྣམ་ཐར་རི་མོ་དང་། གསལ་བཤད་ནང་འཁོད་པར། མྱང་ཆབ་དང་གཙང་ཆབ་འཛོམས་པ་སྨད་ཟངས་དཀར་གྱི་ཡུལ་གྲོང་ཡབ་སྦ་གོར་རྡོ་རྗེ་རྒྱལ་པོ། ཡུམ་སྒྲོན་ས་སྒྲོན་སྐྱིད་ཀྱི་སྲས་སུ་གན་ཇག་ཐང་ཏ་ཞེས་པ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་སུ་ནག་པོ་རི་དང་། བྲག་པོ་ཆེའི་བྲག་གཉིས་སུ་ཉི་ཟེར་ལ་ཆིབས་ནས་ཕར་འབྱོན་ཚུར་འབྱོན་མཛད་ཅིང་། ཡུལ་དེར་རྡོ་ལ་ཞབས་རྗེས་བཞག་པ་ད་ལྟའང་ཡོད། སྒྲ་བསྒྱུར་སུམ་བརྒྱ་དྲུག་ཅུ་མ་བསླབས་པ་ཐུགས་ལ་འཁྲུངས། ཡབ་འདས་རྗེས་ཨ་ཁུ་སྦ་གོར་ཧེ་འདོད་ཀྱིས་བསྐྱངས། དེ་ནས་མྱང་སྨད་ནས་ཡུལ་འཕོས་ཏེ་སྙེ་མོར་བྱོན། བྱེ་མཁར་ལ་བཞུགས་ཡུལ་མཛད་དེ། ཡུལ་དེར་བྱོན་ནས་ཡུལ་དེའི་ཤར་སྨན་ན་སྒྲུབ་ཕུག་སྐུ་རྗེས་དང་བཅས་པ་ཡོད“[20]ཅེས་བརྗོད་ཡོད་པ་ནང་བཞིན་ཡིན།
ཡང་བཻ་རོ་ཙ་ནའི་འཁྲུངས་ཡུལ་ལ་ངོས་འཛིན་གཞན་ཞིག་ཡོད་པ་ནི་ཡུལ་ཡར་ཀླུངས་ཏེ་བོད་ལྗོངས་ལྷོ་ཁའི་རྒྱ་ཚ་རྫོང་གི་ས་ཆ་དེ་ཡིན། ཤོད་རྒྱུན་དེ་ནི་རྒྱུགས་མི་ཆེ་ཞིང་ཆོས་འབྱུང་ལོ་རྒྱུས་ཀུན་ཏུ་མི་གསལ་བས། འབྲོང་བུ་ཚེ་རིང་རྡོ་རྗེས། “དེ་ནས་དམངས་ཁྲོད་ཀྱི་ཤོད་སྲོལ་ཞིག་ཡིན་པ་ལས་ཡི་གེར་བཀོད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གང་ཡང་མ་རྙེད“[21]ཅེས་བརྗོད་ཡོད། དེ་བས་གཏམ་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཻ་རོ་ཙ་ན་བསམ་ཡས་སུ་གདན་དྲངས་ཤིང་། ཕ་མ་གཉིས་ཡར་ཀླུང་རོག་པ་རྩར་ཁྲིད་དེ་གནས་སྡོད་བྱེད་དུ་བཅུག་རྗེས་ཡུལ་ཁོག་དེར་རིམ་གྱིས་གྲགས་པའི་གཏམ་ཞིག་ཡིན་པར་སེམས།
མཇུག་སྡུད་པ།
སློབ་དཔོན་བཻ་རོ་ཙ་ན་ནི་སྤུར་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཐོག་ཏུ་ཉང་ཆབ་དང་གཙང་ཆབ་གཉིས་ཀྱི་འདྲེས་མཚམས་སྙེ་མོ་བྱེ་འཁུར་ཞེས་པའི་ཡུལ་དུ་སྤྱི་ལོ661ལོར་འཁྲུངས་ཤིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་པ་གོར་ཧེ་འདོད་ནི་སློབ་དཔོན་བཻ་རོ་ཙ་ནའི་ཨ་ཁུ་ཡིན་པ་དང་། ཁོའི་ཡབ་རྒན་ཆག་རྡོ་རྗེ་རྒྱལ་པོ་སློབ་དཔོན་བཻ་རོ་ཙ་ན་དགུང་ལོ་བརྒྱད་དུ་མ་སོན་པའི་སྔོན་ལ་སྐུ་གཤེགས་ཤིང་། དེའི་རྗེས་སུ་བཻ་རོ་ཙ་ནས་པ་གོར་ཧེ་འདོད་ཀྱི་གམ་ནས་འཚོ་བ་རོལ་ཞིང་དགུང་ལོ་བརྒྱད་སོན་པའི་སྐབས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་སུ་གདན་དྲངས་ཏེ་ལོ་ཙཱ་དང་རྒྱལ་བའི་དགོངས་པ་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་བོད་ཀྱི་ལོ་ཙཱ་བ་ཆེན་མོ་དང་སློབ་དཔོན་ཆེན་པོར་གྱུར། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་མཐའ་འབྲེལ་གྱི་རྒྱལ་ཁམས་མང་པོ་དབང་དུ་བསྡུས་ཏེ་བོད་ཀྱི་ཡུལ་ཁམས་ནས་ཆོས་ལུགས་དང་རིག་གནས་མང་པོ་མཉམ་འཛོམས་བྱུང་སྟེ་ཕན་ཚུན་དབར་རྩོད་པ་མང་པོ་བྱུང་། སློབ་དཔོན་བཻ་རོ་ཙ་ན་ཡང་ཆོས་ལུགས་ཕན་ཚུན་གྱི་རྩོད་པ་དང་ཆོས་སྲིད་གཉིས་ཀྱི་འགལ་འབྲེལ་ཁྲོད་ནས་ནར་སོན་ཞིང་། བོད་ཀྱི་ཆོས་ལུགས་དང་རིག་གནས་གོང་འཕེལ་ཀྱི་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་དང་། མཐར་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱིས་སྲིད་བཟུང་ཡོད་པའི་དུས་སྟོད་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། །
གསལ་བཤད།
① ལུག་གི་ལོ་ནི་སྤྱི་ལོ་ནམ་ཞིག་ཡིན་པའི་ཐད་ལ་འདོད་ཚུལ་གཉིས་ཡོད་དེ། སློབ་དཔོན་ཆེན་མོ་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་འདི་ནི་བསམ་ཡས་དབུ་རྩེ་རིགས་གསུམ་བཞེངས་གྲུབ་ནས་རྟེན་རྣམས་བཞུགས་སུ་གསོལ་བའི་ལོ་ལ་ཟེར་ན་ཡང་། སྤྱི་ལོ་ཨང་གྲངས་གང་ལ་འབབ་པ་གསལ་པོར་ཤེས་དཀའ། དཔེར་ན། ཁྲི་སྲོང་ལྡེ་བཙན་ཆུ་ཕོ་རྟ་སྟེ742ལོར་འཁྲུངས་ནས་མེ་མོ་གླང་སྟེ797ལོར་གཤེགས་པའི་དབང་དུ་བཏང་ན། འདིའི་བར་ན་ཆུ་མོ་ལུག་སྟེ743དང་། ཤིང་མོ་ལུག་སྟེ755 མེ་མོ་ལུག་སྟེ767 ས་མོ་ལུག་སྟེ779ལྕགས་མོ་ལུག་སྟེ791བཅས་ལྔ་མཆིས། དེ་ཡང་སྤྱི་ལོ743ནི་འདི་པ་འཁྲུངས་མ་ཐག་པའི་ཕྱི་ལོ་དང་། 755ལོར་རྒྱལ་སར་དབང་བསྐུར་ཀྱང་ད་དུང་ཡོངས་སུ་མ་བསྒྲགས་པས་ཡས་ཀྱི་ལོ་འདི་དག་མ་ཡིན་པར་མངོན། མས་ཀྱི་སྤྱི་ལོ791ནི་ཕྱིས་ཐལ་བས་ཀྱང་མིན་པ་འདྲ། དེས་ན་སྤྱི་ལོ767དང779གཉིས་ཀྱི་གང་རུང་ཞིག་ཡིན་དགོས། གཙུག་ལག་ཁང་ཡོས་ནས་ཡོས་ཏེ763ནས775དང་། ཡང་ན775ནས787ལོ་སྐོར་གཅིག་གི་རིང་ལ་འགོར་འགྱངས་སུ་སོང་བས779ཡང་མ་ཡིན་པས། ཆུ་མོ་ཡོས་ཏེ་སྤྱི་ལོ763ལ་རྨང་བཏིངས་ཤིང་། མེ་ཕོ་རྟ་སྟེ་སྤྱི་ལོ766ལོར་རྫོགས་པར་གྲུབ་པ་དང་། མེ་མོ་ལུག་སྟེ767ལོར་རབ་ཏུ་གནས་པར་མཛད་པར་བྱས་ན་ཅུང་འོས་ཚུལ་དུ་འགྲོ་ལ། བཀའ་གཙིགས་གཉིས་པ་ལས་དེ་ནས་བཙན་པོ་ཞ་སྔ་ནས་ལོ་ཉི་ཤུ་བཞེས་པ་ན། ཐོག་མ་ནིི་ཕྱག་སྤྲིད་དང་ལྟས་ཤིག་ངན་ཏེ། ཆོ་ག་ཅི་མཛད་པས་བཤད་ཀྱང་། དགུང་ཟླ་དུ་མར་ཕྱག་སྤྲིད་དང་ལྟས་ངན་ནས། སངས་རྒྱས་ཀྱི་ཆོས་བགྱིད་དུ་མི་གནང་བའི་བཀའ་ཁྲིམས་ཀྱང་ཁྲིམས་སུ་མི་བགྱི་པར་དོར། དཀོནད་ཅོག་གསུམ་གྱི་མཆོད་པ་ཡང་བགྱི་ཞེས་བགྱིས་ན་གཟོད་བཟང་པོར་གྱུརད་ཏོ། ཞེས་བྱུང་བ་དང་འགལ་བར་མི་འགྲོ། ཞེས་སྙམ་དུ་སེམས། ཞེས་ལུག་ལོ་སྟེ767ལོར་ངོས་འཛིན་བྱས་ཡོད། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་སད་མི་མི་དྲུག་གི་བསྙེན་པར་རྫོགས་པ་དང་བསམ་ཡས་གནའ་གན་མེ་མོ་ལུག་སྤྱི་ལོ767ལོར་བཞག་པའི་དབང་ཏུ་བཏང་ཡང་སྔ་སྐྱོན་ཡོད་པའང་འདི་ལྟར་གནའ་གན་ལ་ཞུགས་མཁན་བློན་པོའི་རིམ་པ་ནི《མཁས་པའི་དགའ་སྟོན》ནང་དུ་དྲངས་པའི་བསམ་ཡས་བཀའ་ཚིགས་དང་པོར། ཞང་བློན་ཆེན་པོ་བཀའ་ལ་གཏོགས་པ་ལ། བློན་ཆེན་པོ་ཞང་རྒྱལ་གཟིགས་ཤུ་ཐེང་། བློན་སྟག་སྒྲ་ཀླུ་གོང་། ཞང་རྒྱལ་ཚན་ལྷ་སྣང་། ཞེས་སོགས་འཁོད་པ་ལྟར་སྐབས་དེར་བློན་ཆེ་ཤོས་ནི་ཞང་རྒྱལ་གཟིགས་ཤུ་ཐེང་ཡིན་ཞིང་། མཁས་པ་ས་ཐོས་མཛད་པའི་བོད་ཀྱི་སྔ་རབས་ཀྱི་ལོ་རྒྱུས་ཀྱི་ཉམས་ཞིབ་ཞེས་པར། ཞང་རྒྱལ་གཟིགས་ཤུ་ཐེང་བློན་པོ་ཆེ་ཤོས་སུ་གོ་ས་འཕར་བ་ནི་ཕྱི་ལོ768ལོའི་རྗེས་དང་དེའི་རྗེས་སུ་ཞང་རྒྱལ་མཚན་ལྷ་སྣང་ཕྱི་ལོ781ནས782གང་རུང་དུ་བློན་པོ་ཆེ་ཤོས་སུ་གོ་ས་འཕར་བར་གསལ་ལོ། །ཞེས་དང་ཏུན་ཧོང་དུས་ཚིགས་སུ་ཆུ་མོ་ཡོས་སྤྱི་ལོ763ལོར་དབའ་སྣང་བཞེར་བཟུང་བརྩན་བློན་པོ་ཆེ་ཤོས་དང་། འགོས་ཁྲི་བཟང་བློན་ཆེན་ཙམ་དང་། ཞང་སྟོང་རྩན་མཐའ་བཞིའི་དམག་དཔོན་ཡིན་པར་གསལ་བས་ན་སྐབས་དེར་འགོས་གཞི་ནས་བློན་ཆེན་ཆགས་རྒྱུ་རེད་འདུག་ཅེས་བོད་བཙན་པོའི་དུས་སྐབས་ཀྱི་ཞང་བློན་གྱི་སྲིད་བཟུང་བའི་ལོ་ཚིགས་གུང་བསྒྲིགས་ནས་བསམ་ཡས་ཀྱི་བཀའ་གཙིགས་དང་སད་མི་དྲུག་གིས་དགེ་བསྙེན་གྱི་སྡོམ་པ་བཞེས་དུས་ཞང་བློན་ཆེན་པོ་ནི་ཞང་རྒྱལ་གཟིགས་ཤུ་ཐེང་ཡིན་ཞིང་། ཁོང་གིས་སྤྱི་ལོ768ནས781བར་ལ་བོད་བཙན་པོའི་ཞང་བློན་ཆེན་པོའི་གནས་སུ་བཞུགས་པས་དེའི་བར་ཀྱི་ལུག་ལོ་ནི779ལོ་ཡིན་རྐྱེན་སད་མི་དྲུག་རབ་ཏུ་བྱུང་བའི་ལོ་དེ་ཡང་དེར་ངོས་འཛིན་བྱེད་དོ། །ཁོ་བོ་མཁས་དབང་ཁང་དཀར་གྱི་བཞེད་པ་ལ་མོས་མཐུན་བྱུང་ནས་ལུག་གི་ལོ་དེ་སྤྱི་ལོ779ལོར་ངོས་བཟུང་ཡོད།
ཟུར་བལྟའི་དཔྱད་གཞི།
[1] [3][4][5][6][7][8][9] [13] [14] [16] [17] གཡུ་སྒྲ་སྙིང་པོ་སོགས་ཀྱིས་བསྒྲིགས། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ།[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995:1.93.95.103-104.261.96.99-100.100.101.100.249.103.104.
[2] སྡེ་སྲིད་སངས་རྒྱས་རྒྱ་མཚོ། གསོ་རིག་སྨན་གྱི་ཁོག་འབུགས། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 166.
[10] [11] [21]འབྲོང་བུ་ཚེ་རིང་རྡོ་རྗེ། རྩོད་བཟློག་ཐེམ་སྤུངས་མ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 63.60.59.
[12] མཁས་པ་ལྡེའུ། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:305.
[15] དཔལ་ལྷུན་དགྲ་འདུལ། བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་མཆོག་པ་གོར་བཻ་རོ་ཙ་ནའི་སྐོར་ཀྱི་དཔྱད་བརྗོད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 8.
[18] ཇོ་ནང་ཏཱ་ར་ན་ཐ། མྱང་ཆོས་འབྱུང་། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 203.
[19] གུ་རུ་བཀྲ་ཤིས། གུ་བཀྲའི་ཆོས་འབྱུང་། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 171.
[20] བྱམས་པ་ཕྲིན་ལས། གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 2000:69.
1. མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1987.
2. དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006.
3. གུ་རུའི་རྣམ་ཐར་བསྟན་འབྱུང་ཡིད་བཞིན་རིན་པོ་ཆེ་ཀུན་སྣང་གསལ་བའི་སྒྲོན་མེ། དབུ་མེད་བྲིས་མ། [M] གཡུང་དྲུང་བོན་གྱི་བཀའ་རྟེན་འགྱུར་ཁྲོད་དུ་བཞུགས་སོ། །
4. གཡུ་སྒྲ་སྙིང་པོ་སོགས་ཀྱིས་བསྒྲིགས། བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995.
5. ཉང་ཉི་མ་འོད་ཟེར་གྱིས་བརྩམས། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2010.
6. གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན། བཀའ་ཐང་སྡེ་ལྔ། [Z] མི་རིགས་དཔེ་སྐྲུན་ཁང་། 1986.
7. བདེ་སྐྱིད་ཀྱིས་བསྒྲིགས། སྦ་བཞེད་ཕྱོགས་བསྒྲིགས། [Z] མི་རིགས་དཔེ་སྐྲུན་ཁང་། 2009.
8. མཁར་རྨེའུ་བསམ་གཏན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། མདའ་དང་འཕང་། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་ཐེངས་དང་པོ།