མཛེས་པའི་མཐོ་སྒང་། སྐྱིད་པའི་གཞིས་ཁྱིམ་། གངས་ལྗོངས་ཉི་གཞོན་གྱི་གསར་འགོད་པ་མཐོ་སྒང་དུ་སྐྱོད་པ།

ངེད་གསར་འགོད་པ་དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-01


སྐུན་བུ་སྡེ་པའི་འཕོ་འགྱུར།

དབྱར་ཟླ་དྲུག་པའི་མཐོ་སྒང་ལ་མཚོན་ན། དུས་ཚིགས་བཞིའི་ཁྲོད་ནས་ཆེས་མཛེས་སྡུག་ལྡན་པ་ཡིན་ལ། མེ་ཏོག་རྣམ་པར་བཀྲ་ཞིང་། རྩྭ་ལྗང་ཟིལ་བ་ཁྲོམ་སེ་ཡིན་དུས། མཐོ་སྒང་འདི་མི་ཡུལ་གྱི་དག་ཞིང་ཞིག་དང་ཀུན་ནས་མཚུངས།


སྤྱི་ཟླ་6པའི་ཚེས་11ཉིན། གསར་འགོད་པ་ཁྲེན་ཏུའུ་ནས་ལམ་ལ་ཆས་ཏེ།ཉིན་བཅུ་ལྷག་གི་ལམ་ཐག་ཁྲོད་དཀར་མཛེས་ཁུལ་དང་རྔ་བ་ཁུལ་གྱི་རྫོང་ཁག་སོ་སོར་བསྐྱོད་ཅིང་། ཡིག་ཐོག་དང་པར་རིས་ལམ་ནས་མི་དམངས་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཟུགས་སུ་བཀོད་ཡོད།

སྐུན་བུ་སྡེ་པ། 
沟尔普村全景

ཁོད་ཡངས་པའི་སྲང་ལམ་དང་། དྭངས་གཙང་གི་ཁོར་ཡུག །ཆ་ཚང་བའི་སྤྱི་པའི་སྒྲིག་ཆས་གསར་པ། ཐུན་མིན་གྱི་བོད་ལུགས་སྡོད་ཁང་སྟར་དུ་སྒྲིག་འདུག སྤྱི་ཟླ་6པའི་ཚེས་13ཉིན། གསར་འགོད་པ་དཀར་མཛེས་ཁུལ་རྟའུ་རྫོང་སྐུན་བུ་སྡེ་པར་འབྱོར་ཏེ། གྲོང་གསེབ་ཀྱི་མཛེས་ལྗོངས་ཀྱིས་ཡིད་དབང་བཀུགསྡེ་མི་ལི་རོང་གིས་བཤད་ན་ལོ་འགའི་ཡར་སྔོན་དུ་ད་ལྟའི་མཛེས་ལྗོངས་འདི་འདྲ་ག་ལ་ཡོད། གཞུང་ལམ་ཡག་པོ་མེད་པ་དང་། ཁང་པ་ཡང་ཧ་ཅང་རྙིང་པ་དང་ཆ་རྐྱེན་སྡུག་པོ་ཡིན། སྡེ་མིའི་འཕྲོད་བསྟེན་མི་བཟང་བར་མ་ཟད། གད་སྙིགས་དང་ལྕི་བས་གང་སར་ཁྱབ་ཡོད་ཅེས་བཤད། ལི་རོང་ད་བར་དུ་སྡེ་པའི་ནང་ནས་འཚོ་བ་སྐྱེལ་གྱི་ཡོད་པ་དང་། དོན་དམ་དུ་ཁོ་མོར་སྡེ་པ་ནི་“བཙོག་རྙོག་ཞན་གསུམ་”གྱི་བག་ཆགས་ཟབ་མོ་བཞག་ཡོད། རེད་དེ། ད་ལྟ་སྡེ་པའི་འཕེལ་རྒྱས་དང་འགྱུར་ལྡོག་ཁོ་མོའི་བསམ་ཚོད་ལས་བརྒལ་སོང་།

མཛེས་པའི་རི་གྲོང་། 
圣湖山庄(乡集体经济)
ཉེ་བའི་ལོ་ཤས་རིང་། སྐུན་བུ་སྡེ་པས་“རྩ་འཛུགས་ཐོན་ལས་ཐོག་འཛུགས་པ་དང་། ཏང་ཡོན་ཐོན་ལས་ཁྲོད་ཞུགས་པ། ཞིང་པ་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བ་”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་ནས། ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ནང་འདྲེན་ཧུར་ཐག་བྱེད་པ་དང་།ཞིང་ལས་ལག་རྩལ་དང་རྣམ་གྲངས་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་མ་ཟད། སྤུས་ཚད་མཐོ་བའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་བཏང་ནས་དཀར་མཛེས་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ཀྱི་ཚད་གཞི་མཐོན་པོ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།

མ་ཟུར་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་པད་མ་ཡེ་ཤེས་ཀྱིས་བཤད་རྒྱུར། མིག་སྔར། ང་ཚོས་ཀྲོ་མ་ཀྲུ་ཆུང་བའི་འདེབས་འཛུགས་རྟེན་གཞི་དང་། ཞོག་སྨུག་རིགས་གསར་པའི་ལག་རྩལ་གསར་པ་ཚོད་འདེབས་རྟེན་གཞི། བོད་ཕག་གསོ་སྤེལ་རྟེན་གཞི་བཅས་འཕེལ་རྒྱས་བཏང་ནས། ཞིང་པའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མཐོར་སོང་། 2019ལོར། སྐུན་བུ་སྡེ་པའི་སྡེ་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23260ཟིན་ནས། རྫོང་ཡོངས་ལས་ཆེས་ཐོག་མར་ཐོན་ལས་འཕེལ་རྒྱས་ཀྱིས་སྣེ་ཁྲིད་དེ་སྡེ་མི་དབུལ་གྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པར་ཆགས་པ་རེད།

དེ་མིན། ཕི་ཏུའུ་ཆུས་ཀྱི་བོད་སྐྱོར་རུ་ཁག་གི་གནས་སྐབས་ཏང་ཀྲི་པུའུ་ཡིས་སྐུན་བུ་སྡེ་བའི་ཏང་ཀྲི་པུའུ་དང་ཐུན་མོང་ཐོག་ཆུ་ཡུར་དང་ལམ་གསར་བཟོ་བྱས་པར་མ་ཟད། མེ་ཏོག་དང་རྩི་ཤིང་བཙུགས་པ། སྐྱེ་ཁམས་གསང་སྤྱོད་ཁང་བསྐྲུན་ནས་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་གཏོང་བྱས་ཡོད་པས། ད་ལྟའི་སྐུན་བུ་སྡེ་པ་ནི་གདོད་མའི་རྗེས་ལུས་ཀྱི་བོད་སྡེ་ནས་རི་ཆུ་མཛེས་ཤིང་བདེ་སྐྱིད་ལྡན་པའི་གྲོང་གསར་ཞིག་ཏུ་ཆགས་འདུག

སྡེ་པ་ཇེ་མཛེས་རེད། ཡུལ་སྐོར་པའང་ཇེ་མང་རེད། ཞིང་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་བྱས་པར་བརྒྱུད། སྐུན་བུ་སྡེ་པས་མཐའ་འཁོར་གྱི་ཐོན་ལས་རྣམ་གྲངས་དང་དེ་བཞིན་མཐའ་འཁོར་གྱི་གྲོང་གསེབ་གཅིག་སྡུད་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས། སྡེ་མི་ཡོངས་ཀྱི་ཡོང་འཕར་ལ་སྐུལ་འདེད་བཏང་འདུག །སྒར་རྒྱག་རྟེན་གཞི། བོད་ཁྱིམ་སྤྲོ་སྐྱིད་ཁང་། གནས་མཚོའི་རི་གྲོང་། ཟོག་ལྷས་ཁོ་ཧྥེ་སོགས་ཀྱིས་ཁྱད་ལྡན་ཐོན་ལས་ཀྱིས་ཡུལ་སྐོར་པ་མང་པོ་ཡུལ་དེར་བཀུག་ཅིང་། ཡུལ་སྐོར་འཕེལ་རྒྱས་ཀྱིས་སྡེ་མི་ལ་ཕན་འབྲས་ངོ་མ་ཐོབ་ཏུ་བཅུག

ལི་རོང་གིས་བཤད་རྒྱུར། སྔོན་ཆད་ང་ཚོའི་ཁྱིམ་ཚང་ཤིན་ཏུ་དབུལ་པོ་ཡིན། བཟའ་མི་ཚང་མ་ཨ་ཅེའི་ཁྱོ་ག་གཅིག་པུས་ཞོར་ལས་ལ་སོང་ནས་གསོ་དགོས་པ་རེད། ད་ལྟ་ང་ཚོའི་ཁྱིམ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁང་པ་མཛེས་བཟོ་བྱས་ནས་ཡུལ་མིའི་སྡོད་ཁང་དུ་གྱུར་ཡོད། ད་དུང་ཚོང་ཁང་ཆུང་ཆུང་ཞིག་དང་ཟ་ཁང་ཆུང་ཆུང་ཞིག་ཕྱེས་ཡོད། ལུས་ཟུངས་ཞན་ཞིང་ནད་མང་བའི་ཨ་ཅེས་ཀྱང་རྒན་རྒོན་དང་བྱིས་པ་འཚོ་ཞོར་ང་ཚོར་ཚོང་རྒྱག་རོགས་བྱ་ཆོག །ཏང་དང་སྲིད་གཞུང་གི་རོགས་སྐྱོར་ལ་བཀའ་དྲིན་ཆེ་ཞུ།

སྡེ་པའི་ནང་གི་འགྱུར་ལྡོག་འདི་ལས་ག་ལ་ཚད།“ཀྲི་པུའུ་ཡིས་སྣེ་ཁྲིད་དང་མང་ཚོགས་ནང་ཞུགས་”ཀྱི་རྩ་དོན་ལ་གཞིགས་ནས། སྐུན་བུ་སྡེ་པས་《སྐུན་བུ་སྡེ་པའི་ཆ་བསགས་ལམ་ལུགས་དང་རང་སྐྱོང་དོ་དམ་སྤྱི་ཆིངས།》སོགས་ཀྱི་ལམ་ལུགས་གཏན་འབེབས་བྱས་པ་དང་། མང་ཚོགས་ཀྱི་ཧུར་སེམས་ལ་སྐུལ་སློང་བྱས་ནས་མང་ཚོགས་སྡེ་བའི་བདག་པོ་དངོས་སུ་གྱུར་པར་མ་ཟད། གནས་དེའི་མི་སེར་གོམ་པ་རེ་རེ་བཞིན་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་བཞིན་འདུག །

རྒྱལ་རོང་ཅོག་ཙེ་རྒྱལ་པོའི་ཕོ་བྲང་།


ཅོག་ཙེ་རྒྱལ་པོའི་ཕོ་བྲང་། 
卓克基土司官寨 


ཅོག་ཙེ་རྒྱལ་པོའི་ཕོ་བྲང་ལ་ལྟ་སྐོར་ཕྱིན་པའི་རྒྱལ་མོ་རོང་གི་ཕོ་སར་མོ་སར་ཚོ། 
嘉绒地区的年轻人在参观卓克基土司官寨

ཞོགས་པའི་ཉི་ཟེར་འབར་ཁམས་གྲོང་ཁྱེར་གྱི་རི་ཀླུང་ཀུན་ཏུ་འཕྲོས་པ་དང་ལྷན་དུ་དལ་འབབ་ཆུ་བོའི་རྒྱུན་དེད་དེ་གྲོང་ཁྱེར་ནས་སྤྱི་ལེ་འགའ་སོང་རྗེས་ཡིད་དུ་འོང་བའི་གྲོང་སྡེ་ཞིག་ཏུ་སླེབས་སོང་།
གྲོང་སྡེ་དེའི་མིང་ལ་སའི་སོ་ཞེས་འབོད་ཅིང་མདུན་གྱི་དེའུ་འབུར་སྟེང་དུ་བརྗིད་རྔམ་ལྡན་ཞིང་། བཟོ་བཀོད་ལེགས་པའི་ཕོ་བྲང་ཉམས་དགའ་བ་ཞིག་ཀྲོང་ངེར་འགྱིང་འདུག་ལ། དེ་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཅོག་ཙེ་རྒྱལ་པོའི་གཞིས་ཀའམ་ཕོ་བྲང་རེད་འདུག།

གནའ་རབས་སུ་འདི་ནི་རྒྱལ་རོང་ས་ཁུལ་གྱི་ས་གནས་གལ་ཆེན་ཞིག་ཡིན་ཏེ། ཤར་དུ་ཝུན་ཁྲོན་ལ་འགྲོ་ལམ་འདི་ནས་བརྒྱུད་དགོས་པ་དང་། བྱང་ནི་རྩྭ་ཐང་དང་འབྲེལ་ཞིང་། ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་སོགས་བགྲོད་སྐབས་ངེས་པར་དུ་འདི་ནས་བརྒྱུད་དགོས་ལ། ལྷོ་ཕྱོགས་བཙན་ལྷ་དང་གཡག་རྔ། དེ་ནས་ཞི་ཁྲང་བར་བརྒྱུད་ཆོག་ལ། ནུབ་ཏུ་ཆུ་ཆེན་དང་འབྲེལ་ཞིང་། དེ་ནས་རོང་བྲག་དང་དཀར་མཛེས་བརྒྱུད་ནས་བོད་རང་སྐྱོང་ལྗོངས་སུ་སྐྱོད་ཆོག་པས། ཀུན་གྱིས་སི་ཁྲོན་ནུབ་བྱང་མཐོ་སྒང་གི་རི་ཁུལ་འགྲིམ་འགྲུལ་གྱི་ལྡེ་མིག་རེད་ཅེས་བརྗོད་བཞིན་ཡོད།

ཕོ་བྲང་གི་བཟོ་བཀོད་ཐད་སྒྱུ་རྩལ་གྱི་ཉམས་འགྱུར་ཤིན་ཏུ་ལྡན་པས། ཨ་རིའི་རྩོམ་པ་པོ་གྲགས་ཅན་《ཉིའུ་ཡུའེ་སྐབས་དོན་ཚགས་པར།》གྱི་གཙོ་སྒྲིག་པ་སོར་ཙི་པོ་ལི་ཡིས་འདི་ནི་ཤར་ཕྱོགས་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་འོད་དུ་འཚེར་བའི་མུ་ཏིག་ཅིག་རེད་ཅེས་བསྔགས་བརྗོད་གནང་མྱངས་ལ། གནས་འདི་ནི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན་རྩོམ་པ་པོ་གྲགས་ཅན་ཨ་ལེ་ཡིས་བརྩམས་པའི་བརྩམས་སྒྲུང་《འདས་ཟིན་པའི་གཏམ་རྒྱུད།》ཅེས་པའི་བྱུང་ཡུལ་ཡིན་པ་མ་ཟད། མུ་འབྲེལ་བརྙན་འཕྲིན་ཟློས་གར་དེ་ཕབ་བསྐྲུན་བྱེད་ཡུལ་ཡང་ཡིན། སྤྱི་ལོ་1986ལོར་འབར་ཁམས་ཀྱིས་ཕོ་བྲང་འདི་ཉིད་གསར་བརྗེའི་གནས་གཞི་ས་ཁུལ་རྙིང་པའི་ནང་བདམས་པ་དང་། སྤྱི་ལོ་1988ལོར་རྒྱལ་ཡོངས་ཀྱི་ཁག་གསུམ་པའི་རིག་རྫས་སྲུང་སྐྱོང་སྡེ་ཁག་གལ་ཆེན་དུ་ཚུད། སྤྱི་ལོ་2005ལོར་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ་བརྒྱའི་གྲས་སུ་ཚུད་པ་རེད།

གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཅོག་ཙེ་རྒྱལ་པོ་ནི་ཡོན་རྒྱལ་རབས་ཀྱི་ལོ་ཉི་ཤུ་རྩ་གསུམ་པར་(སྤྱི་ལོ1286)རྒྱལ་པོ་བསྐོས་པ་དང་རྒྱལ་པོ་ཐོག་མ་ནི་སྟག་འབུམ་ཡིན། ཅོག་ཙེ་རྒྱལ་པོས་བསྟུད་མར་ལོ་665སྟེ་མི་རབས་བཅུ་བདུན་རིང་ས་གནས་དེ་ལ་དབང་བསྒྱུར་བྱས་ཤིང་། ཕོ་བྲང་འདི་ནི་རྒྱལ་པོའི་གཞུང་ལས་སྒྲུབ་ས་དང་། རྒྱལ་པོ་དང་ཁྱིམ་མིའི་འཚོ་གནས་བྱེད་ས་ཞིག་ཀྱང་ཡིན་འདུག།།ད་ལྟ་ཡོད་པའི་ཕོ་བྲང་འདི་ནི་སྤྱི་ལོ་1718ལོར་བཞེངས་པ་དང་སྤྱི་ལོ་1936ལོར་མེས་བསྲེགས། སྤྱི་ལོ་1938ནས་1940ལོའི་བར་རྒྱལ་པོ་མི་རབས་བཅུ་དྲུག་པ་བསོད་ནམས་ཚེ་རིང་གིས་སྔོན་མའི་གནས་སའི་སྟེང་དུ་བསྐྱར་བསྐྲུན་བྱས་སྐད་འདུག།།ཕོ་བྲང་དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1500ཙམ་ཡོད་པ་དང་ཁང་མིག་ཆེ་ཆུང་དུ་མ་དང་འགྲེམ་སྟོན་ཁང་63འདུག། འཛུགས་སྐྲུན་གྱི་རྒྱ་ཁྱོན་ཆེ་བ་དང་ཁང་པ་མཐོ་ཞིང་བརྗིད་ལ་རྒྱལ་རོང་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་བཟོ་བཀོད་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན།

སྣེ་ལེན་པས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་ལོ་1935ལོར་དམར་དམག་རྒྱང་སྐྱོད་བྱེད་སྐབས་མའོ་ཙེ་ཏུང་དང་ཀྲུའུ་ཏེ། ཀྲོའུ་ཨེན་ལའེ་སོགས་ཕོ་བྲང་འདི་རུ་གཟའ་འཁོར་གཅིག་ཙམ་རིང་བཞུགས་མྱོང་ལ། གསར་བརྗེའི་ལས་ཀ་བསྒྲུབས་མྱོང་སའི་ཕོ་བྲང་ཁྱད་པར་བ་ཞིག་ཡིན་ལ། དེང་དུས་ཀྱང་སྐབས་དེའི་ཡིད་དབང་འཕྲོག་པའི་འདྲ་པར་དང་ལོ་རྒྱུས་དུ་མ་ཞིག་མཇལ་རྒྱུ་འདུག།

དེང་དུས་ནི་ཝུན་ཁྲོན་ནས་འབར་ཁམས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་བཏང་བྱས་ཟིན་པ་དང་ཡུལ་སྐོར་བ་གང་མང་ཞིག་ས་གནས་དེ་རུ་སྤྲོ་འཁྱམ་དང་རིག་གནས་ཉམས་ཞིབ་ཏུ་ཡོང་བཞིན་འདུག་ལ། བཟོ་བཀོད་མཛེས་ཤིང་སྲུང་སྐྱོབ་གང་ལེགས་བྱས་པའི་ཕོ་བྲང་དེ་ནི་ཡུལ་སྐོར་བའི་བསྟི་གནས་ཤིག་ཏུ་གྱུར་པ་དང་། དེ་དང་དུས་མཚུངས་སུ་ཉེར་འཁོར་གྱི་གྲོང་སྡེ་དག་ཀྱང་ཡུལ་སྐོར་ལྗོངས་རྒྱུ་སོགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་ཁ་རུ་འགྲོས་ཚད་མྱུར་མོས་སྐྱོད་བཞིན་མཆིས་སོ། །

ཛམ་བྷ་ལའི་རྡོ་ན་མཁའ་ལམ་རིང་མོས་མང་ཚོགས་བདེ་ལ་བཀོད།


སྔོ་ལྗང་སྤང་ཐང་གཡུ་ཡི་མེ་ལོང་ངོས། གཞུང་ལམ་ཡངས་མོ་དར་དཀར་འཐེན་པ་འདྲ། སྤྱི་ཟླ་6པའི་ཚེས་13ཉིན། རྔ་བ་ཁུལ་ཛམ་ཐང་རྫོང་གི་རྡོ་ན་མཁའ་ལམ་རིང་མོའི་ཀྱག་ཀྱོག་ཁུག་པ་མང་བའི་ཡོག་གི་ལ་བརྒྱུད་ནས་ས་གནས་འདི་གའི་གཞུང་ལམ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན། གནས་འདི་ནི་བྲག་རི་དང་གཡང་གཟར་མང་བའི་ས་གཤིས་ཤིག་མིན་ཀྱང་། ལ་ཐུར་མང་ཞིང་སའི་རྒྱ་ཁྱོན་ཤིན་ཏུ་ཆེ་བས་ཕན་ཚུན་འབྲེལ་འདྲིས་དང་གྲོང་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྡོ་ལྟ་བུ་ཞིག་གྱུར་ཡོད། འོན་ཀྱང་གཞུང་ལམ་འདི་ཤར་བཏང་བྱས་རྗེས་བཀག་རྡོ་དེ་ཐལ་བའི་རྡུལ་བཞིན་གཏོར་ནས་གནས་འདིའི་མང་ཚོགས་རྣམས་འཕེལ་རྒྱས་ཀྱི་མཁའ་ལམ་ཡངས་མོའི་ནང་མགྱོགས་མྱུར་སྒོས་སྐྱོད་བཞིན་འདུག

རྒྱུས་ལོན་བྱུང་བ་ལྟར་ན། རྡོ་ན་མཁའ་ལམ་རིང་མོ་ནི་རྡོ་སྟོད་ཡུལ་ཚོ་ནས་ན་མདའ་གྲོང་རྡལ་བར་སྦྲེལ་ཞིང་། བུ་རྒྱས་གྲོང་པ་དང་ཨ་སུག་མ་གྲོང་པ། གསང་ལུང་གྲོང་པ་བཅས་ནས་བརྒྱུད་ཡོད་ལ། གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་40ཉེ་བ་ཙམ་ཡོད་ཅིང་། རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་དམིགས་འཛུགས་དབུལ་སྐྱོར་གྱི་རོགས་རམ་ཆེན་པོའི་འོག་མ་དངུལ་སྒོར་ཁྲི་5000ཙམ་བཏང་ཡོད་པ་རེད། ས་གནས་དེའི་མཚོ་འཕགས་སྨི་4000ལ་ཟིན་པ་དང་། དེ་ནི་འབྲོག་པ་མང་ཚོགས་2000ལྷག་གི་འགྲོ་འདུག་ལ་སྟབས་བདེ་སྐྲུན་ཞིང་ཐོན་སྐྱེད་དང་འཚོ་བ་ཡར་རྒྱས་གཏོང་བའི་ལྷ་ལམ་ལྟ་བུར་གྱུར། ལམ་དེ་ཁག་གསུམ་དུ་བགོས་ནས་འཛུགས་བསྐྲུན་བྱས་ཤིང་། ཁག་དང་པོ་ནི་རྡོ་སྟོད་ནས་ན་མདའ་བར་གྱི་གཞུང་ལམ་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་21.035ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི་4000ཙམ་བཏང་ཡོད། སྤྱི་ལོ་2017ལོའི་ཟླ་བ་7པར་དངོས་སུ་ལས་འགོ་བཙུགས་ཤིང་། 2018ལོའི་ཟླ་བ་5པའི་དཀྱིལ་ལ་ཡོངས་སུ་ལེགས་གྲུབ་བྱུང་། ཁག་གཉིས་པ་ནི་ན་མདའ་ནས་ཨ་སུག་མ་བར་གྱི་གཞུང་ལམ་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་10.654ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི་580ཙམ་བཏང་ཡོད། སྤྱི་ལོ་2015ལོའི་ཟླ་བ་7པར་དངོས་སུ་ལས་འགོ་བཙུགས་ཤིང་། 2016ལོའི་ཟླ་བ་11པ་ལ་ཡོངས་སུ་ལེགས་གྲུབ་བྱུང་། ཁག་གསུམ་པ་ནི་ན་མདའ་ནས་གསང་ལུང་བར་གྱི་གཞུང་ལམ་ཡིན་ཞིང་།
སྤྱིའི་རིང་ཚད་ལ་སྤྱི་ལེ་2.65ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲི་460ཙམ་བཏང་ཡོད། སྤྱི་ལོ་2019ལོའི་ཟླ་བ་5པར་དངོས་སུ་ལས་འགོ་བཙུགས་ཤིང་། སྔོན་རྩིས་བྱས་ན་2020ལོའི་ཟླ་བ་7པར་ལེགས་འགྲུབ་ཡོང་རྒྱུ་རེད།

རྡོ་སྟོད་ཡུལ་ཚོའི་ཞང་ཀྲང་གཞོན་པ་ཆོས་འབྱུང་ངོ་འཛུམ་གྱིས་ཁེངས་ནས་གསར་འགོད་པ་ལ་སྔོན་མ་ཡིན་ན་རྡོ་སྟོད་ནས་ན་མདའ་བར་ཕར་འགྲོ་ཚུར་འོང་བྱེད་སྐབས་ཤིན་ཏུ་སྟབས་མི་བདེ་ལ། ཕར་ཚུར་ལེན་གཅིག་སོང་ནའང་ཉིན་གཉིས་འགོར་སྲིད་པ་དང་ད་ལྟ་ཡིན་ན་དུས་ཚོད་གཉིས་ལས་མི་འགོར་བ་རེད། དེ་བས་གྲོང་པའི་ནང་གི་སློབ་མ་རྣམས་ཕྱི་ལོགས་སུ་སློབ་སྦྱོང་འགྲོ་བར་སྟབས་ཇེ་བདེ་ཕྱིན་ཞིང་། ཤེས་ལྡན་པ་ཇེ་མང་ཕྱིན་བཞིན་ཡོད། ད་དུང་སྡེ་མི་སེར་རྣམས་ས་གནས་གཞན་དུ་ཞོར་ལས་སུ་སོང་ན་འཕྲུལ་རྟ་དང་རླངས་འཁོར་སོགས་ལ་བརྟེན་ནས་འགྲོ་ཆོག་པས་སྟབས་བདེ་མོ་འདུག་ལ། རོང་འབྲོག་མང་ཚོགས་ཀྱི་ལྷད་མེད་ཐོན་རྫས་རྣམས་ཕྱི་ཕྱོགས་སུ་བཙོང་བར་སྟབས་བདེ་སྐྲུན་ཡོད་པ་མ་ཟད། དུས་ཡུན་ཐུང་ངུའི་ནང་ཐོན་རྫས་དག་རྫོང་མཁར་རམ་གྲོང་ཁྱེར་དུ་སྐྱེལ་འདྲེན་བྱེད་ཐུབ་བཞིན་ཡོད་པས་མི་དམངས་ཀྱི་ཡོང་སྒོའང་རིམ་བཞིན་ཇེ་ལེགས་ཡོང་བཞིན་འདུག་ཅེས་ལབས་བྱུང་།

2009ལོ་ནས་བཟུང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཛམ་ཐང་རྫོང་ལ་དམིགས་འཛུགས་དབུལ་སྐྱོར་བྱས་ནས་གྲུབ་འབྲས་མངོན་གསལ་ཐོན་པ་རེད། བསྡོམས་རྩིས་བྱས་ན་པུའུ་དང་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་16.2ཙམ་བཏང་ནས། འགྲིམ་འགྲུལ་གྱི་ལས་གཞི་127ལག་བསྟར་བྱས་པ་རེད། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་4དང་རིང་ཚད་ལ་སྤྱི་ལེ་204.9ཡོད་པ་དང་། གྲོང་སྡེའི་གཞུང་ལམ་80དང་རིང་ཚད་ལ་སྤྱི་ལེ་662.2ཡོད་པ། ཟམ་པ་35དང་རིམ་པ་གསུམ་པའི་འགྲུལ་སྐྱེལ་ས་ཚིགས་1དང་། གྲོང་ཚོ་དང་གྲོང་རྡལ་གྱི་འགྲུལ་སྐྱེལ་ས་ཚིགས་དང་སྣེ་ལེན་ས་ཚིགས་5བསྐྲུན་པར་རོགས་རམ་བྱས། ཉེ་བའི་ལོ་འདི་དག་གི་རིང་། ཛམ་ཐང་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་གཞུང་ལམ་འཕེལ་རྒྱས་ཀྱི་སྲིད་ཇུས་དང་མ་དངུལ་གྱི་རོགས་རམ་ལ་བརྟེན་ནས། གྲོང་ཚོ་དང་གྲོལ་རྡལ་100%ལ་སྒྲིག་གཞི་ཚང་བའི་གྲོང་ཚོའི་གཞུང་ལམ་དང་འགྲུལ་སྐྱེལ་ཤར་གཏོང་ཐུབ་པའི་དབུལ་སེལ་འགག་སྒྲོལ་གྱི་“ཤར་གཏོང་གཉིས་”ཀྱི་མཐའ་སྐྱོང་དམིགས་འབེན་ལས་འགན་སྔར་ནས་གྲུབ་པ་རེད། །

མཐོ་སྒང་ན། ན་ཆུང་ཚོས་གཞས་གཏོང་བཞིན་འདུག།


“གཞོན་ནུ་ཆུང་ཆུང་། བློ་སེམས་མ་ཕམ། ཕྱོགས་བཞིར་བལྟས་ན་ཉི་འོད་འཕྲོ། གཞོན་ནུ་ཆུང་ཆུང་། བློ་སེམས་མ་ཕམ། ནམ་ཡང་སྐྱིད་པའི་སྨོན་ལམ་ཤོག་་་་་”དགུང་སྔོན་སྤྲིན་དཀར་འོག །དཀར་མཛེས་ལི་ཐང་རྫོང་ཁྲེན་ཀོང་ཆ་ཚང་སློབ་ཆུང་བཞི་པ་ཁུ་སིམ་མེར་མཐོ་སྒང་དུ་ཀྲོང་ངེར་ལངས་འདུག སྤྱི་ཟླ་6པའི་ཚེས་15ཉིན་གྱི་ཕྱི་དྲོར། མགོ་ལ་ཞྭ་མོ་སེར་པོ་གྱོན་པའི་སློབ་ཆུང་སློབ་མ་ཚོས་རོལ་དབྱངས་ཁང་ནས་དགེ་རྒན་དང་མཉམ་དུ་《གཞོན་ནུ་ཆུང་ཆུང་།》ཞེས་པའི་གླུ་ལེན་བཞིན། རྣ་བར་སྙན་པའི་གླུ་སྐད་རོལ་དབྱངས་ཁང་ནས་ལྷང་ངེར་གྲགས་བྱུང་།

སྤྱི་ཟླ་6པའི་ཚེས་15ཉིན་གྱི་ཕྱི་དྲོར། ལི་ཐང་རྫོང་ཁྲེན་ཀོང་ཆ་ཚང་སློབ་ཆུང་བཞི་པའི་མཛེས་རྩལ་ཁང་དང་བོད་ཡིག་སློབ་དཔྱོད་ཁང་། རྩིས་འཁོར་དྲ་རྒྱའི་སློབ་ཁང་། ཚན་རིག་ཚོད་ལྟ་ཁང་སོགས་སློབ་ཁང་སོ་སོར་སློབ་མ་ཚོས་ནན་ཏན་གྱིས་སློབ་སྦྱོང་བྱེད་བཞིན་པའི་རྣམ་པས་ཁེངས་འདུག །ཁོ་ཚོའི་མཁུར་ཚོས་དམར་པོར་ཆགས་ཤིང་སློབ་སྦྱོང་གི་སེམས་ཤུགས་ཀྱང་མཐོ་སྒང་གི་ཉི་ཟེར་ལྟར་བཀྲག་མདངས་འཚེར།

ལི་ཐང་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་པ་ཧོང་ཧྥུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ལི་ཐང་རྫོང་གི་གྲོང་ཁྱེར་འཕེལ་རྒྱས་གཞི་རྒྱ་ཆེ་རུ་སོང་བ་དང་མི་འབོར་ཀྱང་འཕར་ཡོད། དེའི་ཁར་ཞིང་འབྲོག་བུ་ཕྲུག་སློབ་གྲྭར་སྐྱེལ་བའི་ཧུར་སེམས་ཆེན་པོ་ཡོད་ཕྱིར། ལི་ཐང་རྫོང་སློབ་གྲྭ་སོ་སོར་ཐེག་ཚད་ཁེངས་པའི་འཁོར་སྐྱོད་ཀྱི་ད་ཡོད་གནས་ཚུལ་མངོན་པ་རེད་ཟེར། ཞིང་འབྲོག་བུ་ཕྲུག་ལ་“སློབ་གྲྭ་ཡོད་པ་”དང་“སློབ་གྲྭ་ཡག་པོར་འགྲིམ་ཐུབ་པ་”ཡོང་ཆེད། 2013ལོའི་ཟླ་4པར་ལི་ཐང་རྫོང་ཁྲེན་ཀོང་ཆ་ཚང་སློབ་ཆུང་བཞི་པ་ལས་འགོ་ཚུགས་པ་དང་། 2016ལོའི་ཟླ་9པར་བེད་སྤྱོད་བྱེད་འགོ་བཙུགས་ཏེ། བསྡོམས་པས་སྒོར་དུང་ཕྱུར་1.1གཏོང་འཇོག་བྱས།

སློབ་སྤྱོད་རྩིས་འཕྲུལ་དང་། དཔེ་ཀློག་ཁང་།
མཛེས་རྩལ་རྒྱུ་ཆས་ཁང་། ལུས་རྩལ་རྒྱུ་ཆས་ཁང་སོགས་སློབ་གྲྭའི་སྒྲིག་བཀོད་སྒྲིག་ཆས་སོགས་“མཁྲེགས་ཆས་ཆ་རྐྱེན་”འཐུས་སྒོ་ཚང་བ་དང་། སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་“མཉེན་ཆས་ཆ་རྐྱེན་”ཡང་རྗེས་སུ་དམ་པོར་འབྲངས་ནས་ཡོད། སློབ་གྲྭ་སྒོ་ཕྱེ་བ་ནས་བཟུང་། མི་རིགས་ས་ཁུལ་གྱི་བྱིས་པ་ཞབས་བྲོ་འཁྲབ་རྒྱུར་དགའ་བའི་གོམས་གཤིས་ལ་གཞིགས་ནས་མི་རིགས་ཞབས་བྲོ་སློབ་གསེང་ལུས་རྩལ་བྱས་པ་དང་། སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་གི་གར་སྟེགས་ལ་བརྟེན་ནས་ཞག་སྡོད་སློབ་མར་ཡིག་གཟུགས་དང་མིག་མངས། ཐང་ག་སོགས་ཀྱི་སྤྲོ་སྣང་འཛིན་གྲྭ་བཙུགས་པ་དང་། དགེ་རྒན་གྱིས་གཞིས་སྡོད་བྱིས་པའི་“གཟའ་མཇུག་གི་ཕ་མའི་”འགན་ཁུར་ནས་སློབ་མའི་འཚོ་བར་བདག་སྐྱོང་བྱས། དེ་འདྲའི་ཕུན་སུམ་ཚོགས་པའི་སློབ་རའི་འཚོ་བས་སློབ་གྲྭའི་འབྲོག་ཁུལ་གྱི་བྱིས་པ་1180“སྦྲ་གུར་སློབ་ཆུང་།”དང་“རྟ་ཐོག་སློབ་ཆུང་”དང་རྦད་དེ་ཁ་བྲལ་བ།

དོན་དམ་དུ་སློབ་གྲྭས་ཞག་སྡོད་ལམ་ལུགས་ཀྱི་གཅིག་བསྡུས་སློབ་གཉེར་བྱེད་སྟངས་སྤྱོད་པ་དང་། སློབ་གཉེར་བྱེད་སྟངས་འདི་སྤྱོད་པའི་སློབ་གྲྭ་ལི་ཐང་རྫོང་དུ་དྲུག་ཙམ་ཡོད། བྱེད་སྟངས་འདི་ནི་ལི་ཐང་རྫོང་གིས་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་དུ་སྦྲེལ་ནས་འབྲོག་ཁུལ་གྱི་རྨང་གཞིའི་སློབ་གསོའི་སློབ་མ་བསྡུ་དཀའ་བ་དང་སྲ་བརྟན་གཏོང་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་ཆེན་པོ་ཞིག་རེད།

གཅིག་བསྡུས་སློབ་གཉེར་ལག་བསྟར་བྱས་རྗེས། ལི་ཐང་རྫོང་གིས་མ་དངུལ་དང་རྣམ་གྲངས། དོ་དམ། སྒྲིག་ཆས། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་ཁུངས། དགེ་རྒན་གྱི་སྟོབས་ཤུགས། སློབ་གཉེར་སྟོབས་ཤུགས་དང་ཕྱོགས་བསྡུས་འཕེལ་རྒྱས་འཆར་འགོད་སོགས་ཀྱི་ཐད་ནས་གཅིག་བསྡུས་བྱས་པ་བརྒྱུད། འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། མཇུག་མཐར་སློབ་གསོ་དང་སློབ་གཉེར་གྱི་སྤུས་ཚད་མཐོར་འདེགས་སུ་བཏང་བ་རེད། ། 

བཙན་ལྷ་གདུང་མ་གྲོང་ཚོ། སྤྲིན་དཀར་གྱི་དབུས་སུ་ཆགས་པའི་སྟག་མའི་མེ་ཏོག་གི་བོད་སྡེ།


མཛེས་སྡུག་གི་གདུང་མ་གྲོང་ཚོ་ནི། སྟག་མའི་མེ་ཏོག་རྣམ་པར་བཞད་པའི་མཛེས་སྡུག་མིག་ལ་ཡག རི་རྒྱལ་ལྷུན་པོས་ཕྱི་ནས་བསྐོར་བར་ཕྱི་ཡི་བསྐོར་ལུགས་བརྗིད་སེ་བརྗིད། སྔོ་ལྗང་ལྗོན་ཤིང་ནང་དུ་སྟུག་ནང་གི་སྐྱེས་ལུགས་མཛེས་པ་ལ། སྤྲིན་དཀར་ཕོན་པོ་དབྱིངས་སུ་རྒྱུ་འདིས་བག་ཕེབས་མི་སེམས་དྭངས་བ་འདྲེན་པའི་གནས། རྒྱལ་རོང་བོད་རིགས་བུ་རབས་ཚ་རྒྱུད་ཀྱི་ལྟེ་ཁྲག་ས་ལ་འཕོས་སའི་གནས། འགྲིམ་འགྲུལ་སྟབས་བདེ་ལ་དམངས་སྲོལ་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ཞིང་བབ་ཆགས་པའི་གནས། དམངས་སྡོད་བཟོ་བཀོད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་སོགས་ཡུལ་སྐོར་བ་རྣམས་ཀྱིས་དབྱར་དཀྱིལ་གྱི་ཚ་བར་བྱོལ་ནས་སྐྱིད་ལ་རོལ་སའི་གནས་མཆོག་ཁྱད་པར་བ་ཞིག་ཡིན།

དེ་ཡང་མི་ལ་ལས་“དྲན་པའི་ངོགས་སུ་མི་གསལ་བའི་བདེ་བ་ཅན་གྱི་ཞིང་ཁམས་”སུ་འབོད་ལ། ཡང་མི་ལ་ལས་“རི་ཟུར་གྱི་སྟག་མའི་མེ་ཏོག་གི་ཕ་ཡུལ་”ལམ་ཡང་ན་“སྤྲིན་དཀར་དབུས་ཀྱི་སྟག་མའི་མེ་ཏོག་གི་བོད་སྡེ་”ཞེས་སུ་འབོད།

དཔྱིད་དཔལ་གྱི་ལང་ཚོ་གནས་མཆོག་འདིར་སླེབས་པ་ན། སྐས་རིམ་ལྟར་གསར་སྦོལ་བྱས་པའི་ཞིང་ནང་དུ་སྔོ་ནེམ་ནེམ་གྱི་སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཡོད་པ་དང་། རི་སྟེང་གི་སྟག་མའི་མེ་ཏོག་དང་མེ་ཏོག་གི་གང་བུའི་མྱུ་གུ །མེ་ཏོག་གི་ཟེའུ་འབྲུ་བཞད་པ་སོགས་མཛེས་སྡུག་གི་དཔལ་གྱིས་ཕྱུག་འདུག །མེ་ཏོག་གི་ཡལ་ག་རེ་རེར་ལོ་འདབ་རྒྱས་ནས་སྡོང་པོའི་ཡལ་ག་ཚོམ་བུར་གྱུར་ལ། དམར་མདངས་བཀྲ་བའི་མེ་ཏོག་གི་ཟེའུ་འབྲུ་དང་དམར་སྨུག་མེ་ཏོག་གི་འདབ་མ་སོགས་ཀྱིས་མཁའ་དབུགས་དྭངས་མོ་འབྱིན་རྔུབ་བྱེད་བཞིན་ཡོད། མེ་ཏོག་རེ་རེ་དེ་འདྲའི་དག་གཙང་མིག་ལ་མཛེས། སྡོང་པོ་རེ་རེར་དེ་འདྲའི་བརྗིད་ཅིང་དྲི་ཞིམ་ཐུལ། བོད་རིགས་ཀྱི་གྱོན་ཆས་གྱོན་པའི་རྒྱལ་རོང་བུ་མོས་མེ་ཏོག་གི་གསེབ་ཏུ་མེ་ཏོག་འཐུ་བ་དང་རྩེད་འཇོ་རོལ་བའི་དུས། སྒེག་ཉམས་ལྡན་པའི་གཟུགས་བྱེད་ཀྱི་ཉམས་འགྱུར་རེ་རེ་དང་མཛེས་སྡུག་ལྡན་པའི་འཛུམ་མདངས་རེ་རེ། རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་དང་ཕན་ཚུན་གཅིག་ཏུ་འདྲེས་ཚེ། གླུ་སྐད་དང་བགོད་སྒྲ་སོགས་རི་ཀླུང་དུ་བྲག་ཅ་འཁོར། བོད་སྡེ།……མི་ལས་ལས་ཀུ་རེའི་ཚུལ་དུ་“འདི་ནི་ང་ཚོས་འཚོལ་བཞིན་པའི་མཛེས་སྡུག་གི་སྟག་མའི་མེ་ཏོག་ཡིན་ཟེར།”

དབྱར་ཟླ་བདུན་པར། གདོད་མའི་རི་སྐྱེས་ཚལ་རིགས་ཏེ་ཆུ་ཤོ་དང་རི་སྐྱེས་ཆིན་ཚལ། བྱི་ཚེར་སོགས་ཟ་མའི་ཁྲོད་ཀྱི་ཞིམ་ཟས་སུ་གྱུར་པས་ཡུལ་སྐོར་བ་ཚོས་བསྔགས་བརྗོད་ཡང་ཡང་བྱེད། བེ་ནགས་ནས་ཐོན་པའི་བེ་ཤྭ་དང་། གསོམ་སྡོང་གི་བར་དུ་སྐྱེ་འཕེལ་བྱུང་བའི་རླམ་རྩྭ་ཕོ་སུལ། ཐང་ཤིང་གི་འོག་ཏུ་ཁྱུ་དང་ཁྱུ་བྱས་པའི་སྦྱར་ལྕང་ཤྭ་མོ་དང་རི་སྐྱེས་ཤྭ་མོ་སྣ་ཚོགས་ནི་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་ཞིག་ཏུ་གྱུར་འདུག །ཡུལ་སྐོར་བ་ཚོས་ས་གནས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་འོག་རི་དང་ནགས་ཁྲོད་དུ་སོང་ནས་ཆུ་ཤོ་དང་རི་སྐྱེས་ཆིན་ཚལ། བྱི་ཚེར་སོགས་འཐུ་བ་དང་། བེ་ཤྭ་དང་རླམ་རྩྭ་ཕོ་སུལ། སྦྱར་ལྕང་ཤྭ་མོ་སོགས་འཚོལ་ཞིབ་བྱེད་པའི་སྤྲོ་སྣང་ལ་རོལ་བཞིན་ཡོད། རྒྱལ་རོང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་རིགས་གྲོང་སྡེ་འདི་རི་ཚོགས་ཀྱི་པང་དུ་ཉལ་ཡོད་ལ། གྲལ་འགྲིག་པོའི་ཞིང་པའི་ཁང་པ་རི་ལ་བརྟེན་ནས་བསྐྲུན་ཡོད། རྒྱ་ལུགས་ལྟར་བཟོ་སྐྲུན་བྱས་ཡོད་པའི་མགྲོན་བསུ་ཁང་གིས་གསར་འགྱུར་མཉམ་བསྒྲགས་ལ་བལྟ་ཐུབ་པ་དང་། བོད་རིགས་ལྟར་བཟོ་སྐྲུན་བྱས་ཡོད་པའི་གནམ་ཁང་དུ་འོ་ཇ་ཞིམ་པོ་དང་ནས་ཆང་མངར་མོའི་བྲོ་བ་ལ་མྱོང་རོལ་བྱ་ཆོག །མ་གྲོས་གཅིག་མཐུན་སྒོས་སླེབས་པའི་ཡུལ་སྐོར་བ་ཚོ་རང་བྱུང་ཁམས་ཀྱི་མཛེས་སྡུག་གི་ཀློང་ན་བཟི་འདུག ། 

ཕྱུག་པོས་དབུལ་ཕོངས་ཕྱུག་ལམ་ཁྲིད།

ལག་ཟུང་སྦྲེལ་ནས་འབྱོར་འབྲིང་སྐྲུན།



ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་ཕྱུགས་ར་གྲོང་པ་ལ་རང་བྱུང་གི་ཕྱུགས་ར་མུའུ་40ལས་བརྒལ་བ་ཡོད་པས། རྩྭ་ཐང་གི་གྲོང་པ་དང་པོ་ཞེས་པའི་མཚན་སྙན་ཐོབ་ཡོད། དེ་རུ་ཕྱི་སྣོད་ཀྱི་འཇིག་རྟེན་ཉམས་དགའ་ཞིང་། ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་ཀྱིས་ཕྱུག་པས། གྲོང་པ་དེ་རུ་ཡུལ་སྐོར་ལྗོངས་རྒྱུ་བྱེད་མཁན་མེ་ཏོག་གི་ཚལ་དུ་གསེར་སྦྲང་འཁོར་བ་དང་གཉིས་སུ་མ་མཆིས་ལ། དེ་བས་གྲོང་པའི་ནང་དུ་སྐུ་མགྲོན་སྣེ་ལེན་བྱེད་ས་སོགས་ས་གནས་དེ་གའི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྤྲོ་སྐྱིད་ཁང་མང་ཞིང་། ལོ་གཅིག་ལ་གྲོང་པའི་ཐུན་མོང་གི་ཡོང་བབ་སྒོར་ཁྲི་30ལས་བརྒལ་བ་དང་། གྲོང་མིའི་ཆ་སྙོམས་ཡོང་བབ་སྒོར་ཁྲི་3ལ་སླེབས་ཡོད།

ངེད་ཚང་གི་ཕྱུགས་ར་ནི་ཁོ་ཚོས་དོ་དམ་བྱེད་བཞིན་ཡོད་རེད། ངས་དུས་རྒྱུན་བོད་ཁྱིམ་སྤྲོ་སྐྱིད་ཁང་དུ་ལས་གཉེར་བྱེད་བཞིན་ཡོད། འདི་འདྲ་བྱས་ན་ཚང་མ་ལ་དགེ་མཚན་ཆེན་པོ་འདུག་ཅེས་ཕྱུགས་ར་གྲོང་པའི་ཕོ་སར་ཚེ་རིང་དབང་ཕྱུག་གིས་ལབས་བྱུང་། ཁོ་པ་ཚང་གིས་ཕྱུགས་ར་གྲོང་པའི་དབུལ་ཕོངས་དུད་ཁྱིམ་ཨ་གྲགས་ཁྱིམ་མི་གསུམ་ལ་ལོ་རེ་སྒོར་ཁྲི་གསུམ་བརྔན་པ་སྦྱིན་ནས་ཕྱུགས་ཟོག་འཚོ་བཅུག་བཞིན་ཡོད་ལ། དེ་དང་དུས་མཚུངས་སུ། ཨ་གྲགས་ཀྱིས་རང་གི་ཕྱུགས་ཟོག་རྣམས་ཚེ་རིང་དབང་ཕྱུག་ཚང་གི་ཕྱུགས་ར་རུ་དེད་ཡོང་ནས་འཚོ་ཆོག་པ་རེད། ལོ་འགའི་རིང་། ཨ་གྲགས་ཚང་གི་ཕྱུགས་ཟོག་གི་གྲངས་འབོར་དེ་སྔོན་གྱི་20ལྷག་ལས་དེང་དུས་90ལྷག་ལ་འཕར་ཞིང་། ཁྱིམ་དུ་ཁང་པ་གསར་པ་ཞིག་ཀྱང་བཀབ་ཡོད་པ་རེད།

ཕྱུག་པོས་དབུལ་ཕོངས་ཕྱུག་ལམ་ཁྲིད། ལག་ཟུང་སྦྲེལ་ནས་འབྱོར་འབྲིང་སྐྲུན། གཙོ་ཚང་དགོན་གྲོང་རྡལ་གྱིས་གཞུང་ལམ་ཉེ་འགྲམ་གྱི་གྲོང་ཚོ་ཕྱུག་པོ་དང་ས་ཐག་རིང་བའི་གྲོང་ཚོའི་དབུལ་ཕྱུག་གི་ཧེ་བག་ཇེ་ཆུང་གཏོང་བའི་ཆེད་དུ། “སྣེ་ཁྲིད་བཞི་དང་རོགས་སྐྱོར་བཞིའི་”དབུལ་སྐྱོར་རོགས་རམ་གྱི་རྣམ་པ་གསར་པའི་ཐོག་མའི་བསམ་འདུན་སྤྱད་པ་རེད། དེ་ལས་སྣེ་ཁྲིད་བཞི་ནི། གྲོང་ཚོ་ནུས་ལྡན་གྱིས་ནུས་མེད་ཁྲིད། གྲོང་པ་ཕྱུག་པོས་དབུལ་པོ་ཁྲིད། སྔོན་ཐོན་ཅན་གྱིས་རྗེས་ལུས་ཁྲིད། ལས་ཁུངས་ཀྱིས་གྲོང་སྡེ་ཁྲིད་པ་བཅས་རེད་ལ། རོགས་སྐྱོར་བཞི་ནི། ཏང་འཛུགས་རོགས་སྐྱོར། རིགས་སྟོབས་རོགས་སྐྱོར། རྣམ་གྲངས་རོགས་སྐྱོར། མ་དངུལ་རོགས་སྐྱོར་བཅས་རེད། “སྣེ་ཁྲིད་བཞི་དང་རོགས་སྐྱོར་བཞི་”ནི་འབོད་ཚིག་ཙམ་མིན་པར་ཐབས་ཤེས་འདིས་གྲོང་སྡེའི་བར་གྱི་ལེགས་ཆ་འདོན་སྤེལ་དང་ཕན་ཚུན་རོགས་རམ་སྒོས་འཕེལ་རྒྱས་ཕྱིན་པར་སྐུལ་འདེད་བཏང་ཡོད།

སྔོན་ཐོན་གྲོང་པས་དབུལ་ཕོངས་གྲོང་པའི་འབྲོག་པའི་དུད་ཁྱིམ་ལ་ལས་ཞུགས་རོགས་རམ་བྱེད་པའི་དུས་མཚུངས་སུ། ལས་མི་བསྡུ་དཀའ་བའི་གནད་དོན་ཡང་ཐག་གཅོད་བྱས། སྤྱི་ལོ་2013ལོའི་ཚུན། གཙོ་ཚང་དགོན་གྲོང་རྡལ་གྱི་གྲོང་པ་སོ་སོས་གྲོང་པའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས། དབུལ་ཕོངས་གྲོང་པའི་ལས་ཞུགས་ཀྱི་འདོད་བློ་ཡོད་པའི་མི་རྣམས་ལ་ལས་ཞུགས་ལས་གནས་1000ལྷག་མཁོ་འདོན་བྱས། ཕྱུགས་ར་གྲོང་པ་དང་སྐྱ་སྨད་གྲོང་པ། བར་རོང་གྲོང་པ། ལྕང་ལ་གྲོང་པ་གསུམ་པ་སོགས་ཡུལ་སྐོར་ལས་རིགས་ལ་བརྟེན་པའི་གྲོང་པ་རྣམས་ཀྱིས་དབུལ་ཕོངས་གྲོང་པ་ལ་མགྲོན་ཁང་དང་བོད་ཁྱིམ་སྤྲོ་སྐྱིད་ཁང་སོགས་ཀྱི་དོ་དམ་དང་ཞབས་ཞུའི་ལས་གནས་མཁོ་འདོན་བྱས་ཡོད།

གཙོ་ཚང་དགོན་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་གཞོན་པ་ཝང་ཧུང་ཞ་ཡིས་ང་ཚོའི་ཕྱུག་པོ་དང་སྔོན་ཐོན་ཅན་གྱི་གྲོང་པ་10ཡིས་ཏང་ཨུ་དང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་འཕེལ་རྒྱས་ཅུང་ཞན་པའི་གྲོང་པ་10ལ་ཁ་གཏད་རོགས་སྐྱོར་བྱས་ཤིང་། གཞན་ལ་རོགས་སྐྱོར་བྱེད་པ་དེ་རང་དོན་དང་འོས་འགན་དུ་བརྩིས་ནས་སྒྲུབ་བཞིན་ཡོད་ཅེས་ཟེར། ཉེ་བའི་ལོ་ཤས་རིང་། གཙོ་ཚང་དགོན་གྲོང་རྡལ་གྱི་ཏང་ཨུ་ཡིས་ཁྱོན་ཡོངས་ནས་“ཏང་འཛུགས་ཀྱིས་དབུལ་སྐྱོར་ལ་སྣེ་ཁྲིད་པ་དང་དབུལ་སྐྱོར་གྱིས་ཏང་འཛུགས་ལ་སྐུལ་འདེད་གཏོང་བའི་”ལས་དོན་ལ་སྐུལ་འདེད་བཏང་ནས། “སྣེ་ཁྲིད་བཞི་དང་རོགས་སྐྱོར་བཞི་”ཡི་ཏང་ནང་ཁུལ་གྱི་རོགས་སྐྱོར་ལས་གྲྭར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། རྒྱལ་ལམ་213ཉེ་འགྲམ་གྱི་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་ས་ཁུལ་གྱིས་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱས། གནད་སྨིན་ཁ་གཏད་དང་ཕྱོགས་གཉིས་མཉམ་འབྲེལ་ལ་སྐུལ་འདེད་བཏང་ནས། དམུ་དགེ་གྲོང་རྡལ་དང་ནོར་བ་གྲོང་པ། ཞའོ་ཧོ་ཡུལ་ཚོ་སོགས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ས་གནས་དེ་གའི་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་བར་ནུས་པ་ཐོན་ཞིང་།
གཉིས་ཕན་ཟུང་རྒྱལ་དང་མཉམ་དུ་འཕེལ་རྒྱས་ཡོང་བའི་དབུལ་སེལ་འགག་སྒྲོལ་གྱི་རྣམ་པ་གསར་པ་ཞིག་གྲུབ་ཡོད་དོ། ། 

དྲོད་ཁང་མེ་ཏོག་གིས་དབུལ་སྒྲོལ་གྱི་ཐོན་ལས་ཆེན་པོ་གྲུབ།



མཐོ་སྒང་གི་རྩི་ཤིང་ལྡུམ་ར་ཅི་འདྲ་ཞིག་ཡིན་ནམ། སྤྱི་ཟླ་6པའི་ཚེས་13ཉིན། གསར་འགོད་པ་དཀར་མཛེས་ཁུལ་རྟའུ་རྫོང་དུ་གནས་པའི་ཁམས་པའི་མཐོ་སྒང་གི་རྩི་ཤིང་ལྡུམ་རར་བསྐྱོད་དེ། མཐོ་སྒང་རྩི་ཤིང་ལྡུམ་རའི་གསང་བ་འཚོལ་ཞིབ་བྱས།

འདི་ནི་ཤིང་ཁང་དང་། འདི་ཕྱོགས་ནི་ཚན་རིག་ཁྱབ་གདལ་ཁང་། ལག་གཡས་པའི་འགྲམ་ནི་དྲོད་ཁང་མེ་ཏོག་འགྲེམ་སྟོན་ཁང་བཅས་ཡིན་ཞེས་རྟའུ་རྫོང་ནགས་ལས་ཅུས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧོ་ཞིང་མིང་གིས་གསར་འགོད་པར་ངོ་སྤྲོད་བྱས་བྱུང།

སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་དེ་བཞིན་རྟའུའི་ས་ཁམས་དང་། ཁོར་ཡུག །གནམ་གཤིས། འགྲིམ་འགྲུལ་བཅས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱ་ཆེད། ཁམས་པའི་མཐོ་སྒང་རྩི་ཤིང་ལྡུམ་ར་དེ་2017ལོ་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང། མ་དངུལ་སྒོར་ཁྲི་7735.68བཏང་བ་དང་། ལྡུམ་རའི་ནང་གི་སྡོང་རིང་ལྗོན་ཤིང་དང་མེ་ཏོག་སྣ་ཁ་326ལ་སྡོང་རྐང་5207བཏབ་ཡོད། ཀྲུང་ལུགས་སྨན་རྒྱུ་རྒྱ་མ་2200ལྷག་ཙམ་ཟིན་ཞིང་། སྡོང་ཕྲུག་སྣ་ཁ་32དང་སྡོང་རྐང་ཁྲི་8ལྷག་ཙམ་དང་། མེ་ཏོག་སྣ་ཚོགས་ཀྱི་ས་བོན་རྒྱ་མ་1400ལྷག་ཙམ་བཏབ་ཡོད། ཁྱོན་གདོད་མའི་རྩི་ཤིང་རིགས་70ལྷག་ཙམ་གསོ་སྐྱོང་བྱས་ཡོད།

བཤད་འོས་པ་ཞིག་ལ་ཁམས་པའི་མཐོ་སྒང་རྩི་ཤིང་ལྡུམ་རར་མེ་ཏོག་དྲོད་ཁང་ཆེན་མོ་གཉིས་བསྐྲུན་ཡོད། དེའི་རྒྱ་ཁྱོན་དང་གསོ་སྐྱོང་ལག་རྩལ་གང་ཐད་ནས་བཤད་རུང་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལྡུམ་རའི་ནང་དུ་རྒྱ་ཡུལ་གྱི་མེ་ཏོག་མང་པོ་བཏབ་པས། རྟའུ་དང་བོད་རིགས་འདུས་སྡོད་ཁུལ་དུ་མཐོང་རྒྱུ་མེད་པའི་མེ་ཏོག་མང་པོ་མཐོང་རྒྱུ་ཡོད།

དྲོད་ཁང་ཆེན་མོའི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་5200ཟིན་ཡོད། དེའི་ནང་དྲོད་ཁང་ཆེན་མོའི་རྒྱ་ཁྱོན་སྨི་གྲུ་བཞི་མ་2600ཟིན་པ་དང་། ནུས་པ་གཙོ་བོ་ནི་མེ་ཏོག་སོས་པ་འདེབས་གསོའི་རྟེན་གཞི་ཡིན་པ་རེད། དཀར་མཛེས་ཁུལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་དྲོད་ཁང་ཆེན་མོ་ཞིག་ཡིན་ཞེས་ཧོ་ཞིང་མིང་གིས་འདི་འདྲ་སྨྲས་སོ། །ས་རྒྱ་ཆེ་བ་ཕུད། དྲོད་ཁང་ཆེན་མོའི་ནང་གི་རང་འགུལ་ཆུ་གཏོར་སྒྲིག་ཆས་དང་དྲོད་སྲུང་སྒྲིག་ཆས། དྲོད་འབེབས་སྒྲིག་ཆས་སོགས་ཀྱིས་ཀྱང་ཁུལ་ཡོངས་ནས་སྔོན་ཐོན་གྱི་དེང་རབས་ཅན་གྱི་ལག་རྩལ་སྤྱད་ཡོད།

དྲོད་ལྡན་མེ་ཏོག་འགྲེམ་སྟོན་ཁང་གི་ནུས་པ་གཙོ་བོ་ནི་རྟའུ་རྫོང་གི་མེ་ཏོག་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་དེ་ཡིན། ང་ཚོས་བྱེད་ཐབས་འདི་སྤྱད་དེ་མི་སེར་ལ་མེ་ཏོག་བཏབ་ནས་ཁེ་བཟང་རག་ཐབས་བྱེད་ཀྱི་ཡོད་པ་ཤེས་འཇུག་བསམ། རྩི་ཤིང་ལྡུམ་ར་བཙུགས་པ་ནས་བཟུང་ས་གནས་དེ་གའི་མི་སེར་ལ་ལས་ཞུགས་ལས་གནས་འབོར་ཆེན་མཁོ་འདོན་བྱས་ཡོད། ཧོ་ཞིང་མིང་གིས་ཁམས་པའི་མཐོ་སྒང་རྩི་ཤིང་ལྡུམ་ར་བསྐྲུན་པ་ནས་བཟུང་། ཉེ་འཁོར་གྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་མི་ཐེངས་800ལྷག་ཙམ་ཐག་གཅོད་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དང་། གླ་ཆ་སྒོར་ཁྲི་660སྤྲད་ཅིང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་8250མངོན་འགྱུར་བྱུང་ནས། སྔོན་དཔག་བྱས་ན་འདི་ལོའི་ཟླ་8པར་དངོས་སུ་སྒོ་ཕྱེ་རྒྱུ་རེད་ཟེར། ། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1