བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་།
ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-01
( དེབ་གོང་མའི་འཕྲོར་མཐུད། )
ལྕགས་རྟ་བསྐལ་བཟང་ཚེ་རིང་གིས། །
འབའ་པ་རང་བདག་ལས་འགུལ་སྤེལ། །
རྒྱ་དམག་འབའ་ཐང་ཡུལ་ནས་བསྐྲད། །
ཆུ་བྱར་རྭ་སྒྲེང་སྲིད་ཁྲིར་འཁོད། །
ཤིང་ཁྱིར་བཀའ་བློན་ལུང་ཤར་བས། །
བོད་སྲིད་བཅོས་རྒྱུའི་བསམ་འཆར་ཞིག །
སྤྱི་ཁོག་ཨ་རིའི་ལུགས་ལྟར་བཏོན། །
སྤྱན་ཟུང་དེ་ཡི་བཀའ་ཆད་ཕོག །
འབའ་པའི་གསར་བརྗེ། སི་ཁྲོན་དམག་དཔོན་ལིའུ་ཝེན་ཧུའེ་ཡིས་ཁམས་ཕྱོགས་དང་ལྷག་པར་འབའ་ཐང་གི་སྡེ་པ་ལ་ཆབ་སྲིད་ཐོག་གཉའ་གནོན་དང་། དཔལ་འབྱོར་ཐོག་བཤུ་གཞོགས་ཀྱི་སྲིད་ཇུས་ལག་ལེན་བྱེད་ཅིང་སྡེ་འབངས་ལ་དཀའ་ངལ་གང་མང་ཞིག་འཕྲད་སྟབས། འབའ་ཐང་མི་དམངས་ཀྱིས་བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་ལ་གྱེན་ལོག་བྱས། སྐབས་དེ་ནན་ཅིང་དུ་གོ་མིན་ཏང་ཀྲུང་དབྱང་སྲིད་གཞུང་གི་སི་ལིང་གིས་ཀྱང་ལིའུ་ཝེན་ཧུའེ་ལ་ངོ་རྒོལ་བྱ་རྒྱུ་རྒྱབ་སྐྱོར་ཐོབ། ལྕགས་རྟ་སྤྱི་ལོ་1930ལོར་འབའ་པ་བསྐལ་བཟང་ཚེ་རིང་ནན་ཅིང་ནས་ཕྱིར་འབའ་ཐང་དུ་ཕེབས། གོ་མིན་ཏང་ཀྲུང་དབྱང་སྲིད་གཞུང་གི་མིང་ཐོག་ནས་འབའ་ཐང་དབང་སྒྱུར་བྱེད་མཁན་གྱི་ས་གནས་རྒྱ་དཔོན་རྣམས་མགོ་བརྡུང་ཤིང་། ལིའུ་ཝེན་ཧུའེ་ཡི་དམག་རྣམས་འབའ་ཐང་ནས་ཕྱིར་བསྐྲད། ཡང་སྲི་སོགས་འབའ་པ་མི་བཞིས་འབའ་སྡེའི་འགོ་ཁྲིད་བྱས། སྤྱི་ལོ་1931ལོར་སི་ཁྲོན་གྱི་དམག་དཔུང་སླར་ཡང་འབའ་ཐང་དུ་སླེབས་པས་བསྐལ་བཟང་ཚེ་རིང་བྲོས་བྱོལ་ཕྱིན། ཡང་སྲི་སོགས་མགོ་གཙོ་བཞི་པོ་བསད།
སྤྱི་ལོ་1929ལོའི་སྔོན་རྗེས་ཙམ་ན་སེ་ར་ཕ་བོང་ཁ་པས་ཕ་བོང་ཁ་ལ་ཆོས་གསུངས་ཤིང་ལྷ་སྲུང་བརྟེན་ཕྱོགས་སྐོར་དྲིལ་བསྒྲགས་གནང་། དེར་བོད་ཀྱི་སྐུ་དྲག་མང་པོ་དེར་ཕེབས་ནས་ཕ་བོང་ཁ་བླ་མར་བསྟེན་ཞིང་ཆོས་འབྲེལ་ཡུན་རིང་ཞུས་སྐབས། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ཕྱག་བྲིས་ཤིག་གནང་བར་སྐུ་དྲག་རྣམས་མྱུར་དུ་རང་ཁྱིམ་དུ་ལོག་པ་དང༌། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་སེ་ར་ཕ་བོང་ཁ་པ་ཚེ་མཚམས་འདུག་དགོས་རྒྱུ་དང༌། ཕྱི་ཕྱོགས་གང་མོས་འགྲོ་འདུག་མི་ཆོག་པ་དམ་བསྒྲགས་གནང་སྟབས་ཁོ་པའི་སློབ་མ་སྐུ་དྲག་རྣམས་ཏཱ་ལའི་བླ་མ་ལ་ཞེ་འཁོན་ཆགས། ཆུ་བྱ་སྤྱི་ལོ་1933ལོར་ཆམ་པའི་སྙུང་གཞི་ལ་གསོལ་སྨན་མཆོད་ནོར་བའི་རྐྱེན་གྱིས་སྐུ་གཤེགས་པར་གྲགས་ཀྱང་དོན་དུ་སྦྱར་དུག་གིས་སྐུ་གཤེགས་པར་ངེས།
ལུང་ཤར་བའི་གསར་བརྗེ། ཆུ་བྱ་སྤྱི་ལོ་1934ལོའི་ཟླ་11པའི་ཚེས་22ཉིན་རྭ་སྒྲེང་འཇམ་དཔལ་ཡེ་ཤེས་སྲིད་སྐྱོང་གི་ཁྲིར་འཁོད། སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་གིས་སྔར་མུས་བཞིན་འགན་བཞེས། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་པ་དང་། བོད་ཀྱི་དཔོན་རིགས་རྣམས་ཀྱང་དམངས་གཙོའི་ལྟ་བ་ཅན་གྱི་ཡར་ཐོན་པའི་ཕྱོགས་དང་། སྲིད་དབང་སྒེར་འཛིན་ཅན་གྱི་རྙིང་ཞེན་ཚོགས་པ་སྟེ་ཕྱོགས་གཉིས་སུ་ཆད་དེ་སྲིད་དབང་འཕྲོག་རེས་ཀྱི་འཐབ་རྩོད་དེ་སྔར་ལས་རྣོ་ངར་ཆེ་བར་གྱུར། ལུང་ཤར་བས་སྤྱི་ཁོག་ཨ་རིའི་ལུགས་ལྟར་མི་དམངས་འཐུས་ཚོགས་བཙུགས་ཤིང་། འཐུས་མི་འཚོགས་པས་བཀའ་བློན་ཁྲི་པ་གདམ་རྒྱུ་དང་། ཁྲི་རེས་རེར་ལོ་བཞི་རེ་བྱ་རྒྱུ་སོགས་སྲིད་ཇུས་གསར་པའི་གྲོས་གཞི་བཏོན་སྟབས། ཁྲི་སྨོན་བ་སོགས་རྙིང་ཞེན་ཕྱོགས་ཀྱིས་ལུང་ཤར་འཛིན་བཟུང་བྱས་ཏེ་མིག་གཉིས་བཏོན། ལུང་ཤར་བའི་གསར་བརྗེའི་ལས་འགུལ་ལ་ཕམ་ཉེས་ཐེབས་པ་རེད། སྲིད་སྐྱོང་རྭ་སྒྲེང་དང་། སྲིད་བློན་གླང་མདུན་གཉིས་གཞུང་སྒེར་ཕྱག་ལས་གནང་སྟངས་ཐད་དགོངས་འཆར་མཐུན་མིན་བྱུང་བར་བརྟེན། ས་སྟག་སྤྱི་ལོ་1938ལོར་རྭ་སྒྲེང་གིས་སྲིད་སྐྱོང་དགོངས་ཞུས་གནང་རྒྱུའི་དགོངས་ཚུལ་གསུངས་ཤིང་། དེ་འཕྲལ་བཀའ་ཤག་གིས་སྤྱི་ཁྱབ་མཁན་པོ་དང་། དྲུང་རྩིས། གདན་ས་གསུམ་གྱི་མཁན་པོ་སོགས་ནང་མོལ་ཐོག་བོད་ལྗོངས་འཚོགས་འདུ་ཧྲག་བསྡུས་རྒྱས་པ་སྐོང་འཚོགས་གནང་སྟེ་གྲོས་བསྡར་བྱས་པར་བརྒྱུད། རྭ་སྒྲེང་རྒྱལ་བའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེས་ལུགས་གཉིས་ཀྱི་གཙོ་འགན་མ་བཞེས་བར་མུ་མཐུད་ཆོས་སྲིད་ཀྱི་ཐུགས་འགན་གཞན་དགོས་པའི་རེ་བ་བཏོན། ས་ཡོས་སྤྱི་ལོ་1939ལོར་སྲིད་སྐྱོང་རྭ་སྒྲེང་འཇམ་དཔལ་ཡེ་ཤེས་ཀྱིས་ཐུགས་འགན་བཞེས་ཏེ། རྒྱལ་བའི་ཡང་སྲིད་གདན་ཞུས་དང་། གསེར་ཁྲིར་མངའ་གསོལ། དབུ་སྐྱེས་གཙུག་ཕུད་བཞེས་ནས་མཚན་གསོལ་བ་རྣམས་ལེགས་བསྒྲུབས་གནང་།
ཤིང་ཕག་སྤོམ་མདའ་རབ་དགའ་དང་། །
མགར་ར་བླ་མ་ལ་སོགས་པས། །
ཁམས་པ་རང་བདག་ལས་འགུལ་སྤེལ། །
མེ་བྱིར་དམར་དམག་ཁམས་སུ་སླེབས། །
དམག་སྤྱི་ཆེན་པོ་ཀྲུའུ་ཏེ་ཡིས། །
དཀར་མཛེས་བོད་པ་སྲིད་གཞུང་བཙུགས། །
དགེ་སྟག་སྤྲུལ་སྐུ་སྲིད་གཙོ་དང་། །
བྱ་རྒོད་སྟོབས་ལྡན་ལ་སོགས་པའི། །
སྲིད་ཀྱི་བློན་ཆེན་འགའ་ཞིག་བསྐོས། །
ཁམས་པ་རང་བདག་ལས་འགུལ། ཤིང་ཕག་སྤྱི་ལོ་1935ལོར་སླར་ཡང་འབའ་པ་བློ་བཟང་དོན་གྲུབ་དང༌། སྤོམ་མདའ་རབ་དགའ། མགར་ར་བླ་མ་སོགས་རྩ་འཛུགས་བྱས་ཏེ་ཁམས་པ་རང་སྡེ་རང་བདག་བྱ་རྒྱུའི་ལས་འགུལ་སྤེལ། བྱ་རྒོད་སྟོབས་ལྡན་ཡང་དེའི་ལས་འགུལ་ཏུ་ཞུགས། ལོ་དེའི་ཟླ་8པར་མགར་ར་བླ་མས་གོ་མིན་ཏང་གི་བཀའ་དང་ལེན་ཞུས་ཏེ་ནུབ་ཁམས་ཞོན་ཧྥུ་སི་(宣抚司)སྤྱི་ཁྱབ་ཁང་བཙུགས་ནས་ཁམས་ཀྱི་སྟོབས་ཤུགས་ཟླ་སྒྲིལ་བྱས་ཏེ་དམར་དམག་འགོག་རྒོལ་ལ་ཕན་ཚུན་གཞོགས་འདེགས་བྱས་པར། བྱ་རྒོད་སྟོབས་ལྡན་དར་མདོར་མགར་ར་བླ་མས་འཚོགས་པའི་ཞོན་ཧྥུ་ཚོགས་ཆེན་དུ་ཞུགས་ནས། ཁམས་པ་རང་སྐྱོང་རང་བདག །ཅེས་པའི་ཇུས་གཞི་ཉན་འཇོག་བྱས། ལུའུ་ཝེན་ཧུའེ་ཡིས་བསྐོ་མངགས་བྱས་པའི་སྡེ་དགེའི་རྫོང་དཔོན་ཁྲེང་ཡིའི་ཀམ་(陈义光)དང༌། འདན་ཁོག་རྫོང་དཔོན་ཀྲང་ཙི་ཡུས་(张子愚)སོགས་དམར་བསད་བཏང་པ་རེད།
ཀྲུའུ་ཏེའི་བོད་པ་སྲིད་གཞུང་། མེ་བྱི་སྤྱི་ལོ་1936ལོའི་ཟླ་3པའི་ཚེས་31ཉིན་དམར་དམག་དཀར་མཛེས་རྫོང་དུ་སླེབས། དགེ་སྟག་སྤྲུལ་སྐུས་དམར་དམག་ལ་སྣེ་ལེན་གང་དྲགས་བྱས་སྟབས་དམག་སྤྱི་ཆེན་པོ་ཀྲུའུ་ཏེ་དང་གྲོགས་པོར་གྱུར། བྱ་རྒོད་སྟོབས་ལྡན་དང༌། གནས་ར་འཇམ་དབྱངས་སོགས་ཀྱིས་དམག་དཔོན་བྱས་ཏེ་སྡེ་དགེའི་ལས་དམག་ཧོར་ཁོག་ཏུ་ཆས་ནས་དམར་དམག་དང་འཐབ་འཁྲུགས་བྱས་མཐར་སྡེ་དགེའི་དམག་ཕམ། བྱ་རྒོད་སྟོབས་ལྡན་དང་ཀྲུའུ་ཏེ་(朱德)ཙུང་སི་ལིང་གྲོགས་པོ་གྱུར། སྐབས་དེར་ཀྲུའུ་ཏེ་ཙུང་སི་ལིང་གིས་ཁྲིད་སྟོན་འོག་ཁམས་ཕྱོགས་སུ་བོད་པ་སྲིད་གཞུང་བཙུགས་ཤིང་གཞུང་སའི་ལས་ཁུངས་དཀར་མཛེས་གྲོང་དུ་བཙུགས། དགེ་སྟག་སྤྲུལ་སྐུ་བོད་པ་སྲིད་གཞུང་གི་ཀྲུའུ་ཞི་དང༌། སྡེ་དགེའི་བྱ་རྒོད་སྟོབས་ལྡན་ཕྱི་འབྲེལ་བློན་ཆེན། སྤོམ་མདའ་སྟོབས་རྒྱལ་ནོར་སྲིད་བློན་ཆེན། མགོན་པོ་ཚེ་རིང་དང་དམར་དམག་གི་བཀྲ་ཤིས་དབང་ཕྱུག་དམག་དོན་བློན་ཆེན་བཅས་བསྐོ་བཞག་དང་ཁྱབ་བསྒྲགས་བྱས། བོད་པ་གསར་བརྗེ་ཚོགས་པའི་རྩ་དོན་དོན་ཚན་བཅུ་གཏན་འབེབས་བྱས་ཡོད་འདུག
ས་ཡོས་ཕུན་ཚོགས་དབང་རྒྱལ་གྱིས། །
ནན་ཅིང་སློབ་གྲྭ་ཆེན་མོའི་ནང་། །
བོད་པ་གུང་ཁྲན་ཚོགས་པ་བཙུགས། །
ལྕགས་སྦྲུལ་སྟག་བྲག་སྲིད་ཁྲིར་འཁོད། །
ཤིང་སྤྲེལ་རྭ་སྟག་དོན་རྐྱེན་ལངས། །
ཤིང་བྱ་བོད་ཀྱི་གཞོན་ནུ་ཚོས། །
ཤར་བོད་དམངས་གཙོའི་སྲོལ་ཡིག་ཞིག །
ཁམས་ཀྱི་བདེ་ཆེན་ཡུལ་ནས་བསྒྲགས། །
བོད་པ་གུང་ཁྲན་ཏང་གི་ཚོགས་པ། ས་ཡོས་སྤྱི་ལོ་1939ལོར་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་ནན་ཅིན་སློབ་གྲྭ་ཆེན་མོའི་ནང་དུ་བོད་པ་གུང་ཁྲན་ཏང་བཙུགས་ཏེ་གོ་མིང་ཏང་གིས་འབའ་སྡེ་ཤོག་ལ་དྲག་གནོན་བྱས་པར་རྒོལ་ལན་སློག་རྒྱུར་བརྩོན། ཐོག་མའི་ཏང་གི་རྩ་འཛུགས་ལ་ཕུན་དབང་དང༌། དཀོན་མཆོག་བཀྲ་ཤིས། ངག་དབང་སྐལ་བཟང༌། ཤེས་རབ། རྨ་བྱ་དོན་གྲུབ་བཅས་མི་ལྔ་ཡོད། སྤྱི་ལོ་1940ལོར་ཕུན་དབང་སློབ་གྲྭ་ནས་ཕྱིར་ཕུད་བཏང་དེ་ནས་ཁོ་ཚོ་ཁྲུང་ཆིང་(重庆)ལ་སོང་ནས་སུའུ་ལེན་གཞུང་ཚབ་པ་ཕོན་ཡི་ཤིང་དང༌། དྲུང་ཡིག་ཆེན་མོ་ཧྥན་ཏེ་ལིས་བཅས་སུའུ་ལེན་གུང་ཁྲན་ཏང་དང༌། ཡེ་ཅན་དབྱིང་(叶剑英)སོགས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྣམས་དང་འབྲེལ་བ་ཞུས་པས་དེ་དག་གིས་མཇལ་འཕྲད་གནང༌། སྤྱི་ལོ་1934ལོར་ལྷ་སར་ཕུན་ཚོགས་དབང་རྒྱལ་དང༌། བཀྲས་མཐོང་སྲས་སོགས་ཀྱིས་གངས་ལྗོངས་གུང་ཁྲན་རིང་ལུགས་ཚོགས་ཆུང་ཞེས་པར་བཙུགས་ནས་གསར་བརྗེའི་ལས་འགུལ་སྤེལ།
རྭ་སྟག་དོན་རྐྱེན། ལྕགས་འབྲུག་སྤྱི་ལོ་1940ལོར། རྭ་སྒྲེང་ལ་ལྷ་བླའི་ལུང་བརྟག་འཚུབ་ཆ་ཆེ་བའི་སྐོར་མང་ཙམ་ཐོན་ཞིང་། ལྷག་པར་དུ་རྭ་སྒྲེང་རིན་པོ་ཆེས་རྒྱུན་དུ་ཡིད་ཆེས་ཆེ་བའི་པྲ་མཁན་སེང་གེ་བླ་མ་ལ་ལུང་བརྟག་ཞུས་པ་ཡང་འཚུབ་ངོ་ཆེ་བས་སྲིད་སྐྱོང་དགོངས་ཞུ་གནང་ན་ལེགས་ཚུལ་ཞུས་པར་བརྟེན།རྭ་སྒྲེང་ནས་གནས་སྐབས་ལས་ཚབ་སུ་ཞིག་བསྐོ་ན་ལེགས་མིན་སྐོར་ཛ་སག་འཇམ་དཔལ་རྒྱལ་མཚན་སོགས་ནང་སྐོར་རྣམས་བཀའ་བསྡུར་གནང་བས་མང་ཆེ་བས་གནས་སྐབས་ལོ་གཉིས་གསུམ་ཙམ་རིང་དགོངས་པ་ཞུ་གནང་ན། ལས་ཚབ་ཏུ་སྟག་བྲག་བླ་མ་བསྐོ་བཞག་གནང་ན། སྐུའི་འགལ་རྐྱེན་སེལ་མཚམས་སྲིད་འགན་རང་འཇགས་བཞེས་ཆོག་ལུགས་སྐོར་སོགས་ཟུས། གཟིམ་དཔོན་མཁན་པོ་ངག་དབང་བློ་ལྡན་གྱིས་སྐུ་ཕྱྭ་འཚུབ་ཆ་ཡོད་ན་རྐྱེན་སེལ་ཞབས་རིམ་སྒྲུབ་བཞིན་བྱེད་ཆོག་ཅིང་། སྲིད་སྐྱོང་དགོངས་ཞུ་མ་གནང་ན་དགེ་མཚན་ཆེ་བ་འདུག་ཅེས་ཞུས་ཀྱང་ཏཱ་ལའི་བླ་མའི་ཡང་སྲིད་ལ་བསླབ་སྡོམ་འབུལ་རན་པར་བརྟེན་ཀླན་ཀ་ཡོང་དོགས་སོས་ཀྱིས་དེར་གསན་འཇོག་མ་གནང་བར་གྲགས། དེ་ནས་རྭ་སྒྲེང་རིན་པོ་ཆེས་ཡོངས་འཛིན་ཆུང་བ་སྟག་བྲག་ལའང་ནང་མོལ་གནང་ཐོག་ལྕགས་འབྲུག་ལོ་མཇུག་ཏུ་བཀའ་ཤག་ལ་སྲིད་སྐྱོང་དགོངས་ཞུས་དགོས་པའི་སྐོར་བཀའ་གསུང་ཕེབས། ལྕགས་སྦྲུལ་སྤྱི་ལོ་1941ལོའི་ཟླ་དང་པོའི་ཚེས་1ཉིན་ཡོངས་འཛིན་སྟག་ངག་དབང་གསུང་རབ་ཀྱི་སྲིད་འགན་བཞེས། ཟུར་ཁང་བ་བཀའ་བློན་དང༌། ཞྭ་སྒབ་པ་རྩིས་དཔོན་བསྐོས།
རྭ་སྟག་འཁྲུག་རྐྱེན་སྐོར་ལ། དེབ་ཐེར་《གཡུ་ཡི་ཕྲེང་བར།》བསྟན་པའི་ལོ་རྒྱུས་རྣམས་གནད་བསྡུས་ནས་བཤད་པར། སྟག་བྲག་སྲིད་དོན་སྐྱོང་སྐབས་ཀྱི་ལས་ཀའི་སྐོར། ཆུ་རྟ་སྤྱི་ལོ་1942ལོའི་ཟླ་4པའི་ནང་དུ་བོད་ཀྱི་ཕྱི་འབྲེལ་ལས་ཁུངས་བཙུགས་ནས། བོད་དུ་བཅའ་སྡོད་དབྱིན་ཇི་དང་། བལ་པོའི་ངོ་ཚབ་རྣམས་ལ་སླད་ཕྱིན་བྱ་བ་མཐའ་དག་ཕྱི་འབྲེལ་ལས་ཁུངས་མ་བརྒྱུད་པར་ཐད་ཀར་བཀའ་ཤག་ལ་འབྲེལ་གཏུགས་ཞུ་མི་ཆོག་པ་དང་། དེ་བཞིན་གོ་མིན་ཏང་ཀྲུང་དབྱང་སྲིད་གཞུང་གི་བོད་སོགས་ཨུ་ཡོན་ལྷན་ཁང་གི་ལྷ་སར་བཀའ་སྡོད་ཁང་ལའང་དེ་བཞིན་བརྡ་ཡིག་བཀྲམས། མེ་ཕག་སྤྱི་ལོ་1947ལོར་རྒྱ་གར་རྡི་ལི་གསར་པར་བསྐོངས་འཚོགས་བྱས་པའི་ཡཱ་གླིང་གི་གྲོས་ཚོགས་ཐོག་གདན་ཞུས་བྱས་པར་བོད་ཀྱི་དམག་དར་གངས་རི་སེང་གེ་ཅན་དེ་བོད་ཀྱི་རྒྱལ་དར་དུ་བརྩིས་ནས་རྒྱལ་ཁབ་ཁག་གི་དར་ཆ་དང་མཉམ་དུ་བཀལ་བ་སོགས་ཀྱི་བྱ་སྤྱོད་ལ་ཀྲུང་དབྱང་སྲིད་གཞུང་གིས་ཁ་བརྡུང་དྲག་པོ་བཏང་།
དེ་ནས་ལོ་གསུམ་གྱི་རྗེས་སུ་སྲིད་སྐྱོང་ལས་འགན་རྭ་སྒྲེང་ལ་ཕྱིར་འབུལ་རྒྱུའི་ཁ་དན་གྱི་དུས་ཚོད་ཡོལ་རུང་། སྟག་བྲག་གིས་སྲིད་སྐྱོང་གོ་གནས་ཕྱིར་འབུལ་རྒྱུའི་རྣམ་པ་རྩ་བ་ནས་མ་བསྟན་སྟབས། རྭ་སྒྲེང་དང་སེར་བྱེས་མཁན་པོ་ངག་དབང་རྒྱ་མཚོ་སོགས་ནང་མོལ་གནང་བྱས་ཏེ། སེར་བྱེས་གྲྭ་ཚང་ཉམས་གསོ་ཟིན་པའི་རབ་གནས་ཀྱི་ཆེད་དུ་ཡིན་པའི་ཟོལ་གྱིས་ལྷ་སར་ཕེབས་ནས། དོན་དུ་གོ་སྐབས་དེ་དང་བསྟུན་ནས་སྟག་བྲག་མདུན་དུ་སྲིད་སྐྱོང་ལས་འགན་སྐོར་ལ་བཀའ་མོལ་གནང་སར་ཕེབས། རྭ་སྒྲེང་རིན་པོ་ཆེ་མཛད་སྒོ་གྲུབ་རྗེས་སྟག་བྲག་མདུན་དུ་ཕེབས་ནས་འབྱོར་ཕྱག་ཞུས་ཐོག །སྟག་བྲག་སྐུ་ན་མཐོ་བས་མུ་མཐུད་སྲིད་འགན་བཞེས་ན་སྐུ་ངལ་ཆེ་བ་མི་ཡོང་ངམ་སྙམ་ནས་ད་རེས་ཆེད་མངགས་སྐུ་བཅར་ཞུས་པ་ཡིན་གསུངས་ཀྱང་། སྟག་བྲག་གིས་མ་འདོད་འོན་པར་བརྫུས་ཏེ་སྤྱིར་བཏང་གི་འཚམས་འདྲིའི་བཀའ་མོལ་འབའ་ཞིག་ཞུ་བ་ཙམ་ལས་སྲིད་སྐྱོང་གི་སྐོར་འགྲིག་མིན་གང་ཡང་མ་གསུངས་པར་རྭ་སྒྲེང་ཐུགས་འགྱོད་དང་བཅས་ཏེ་ཕྱིར་ཕེབས། དེ་ནས་ཕྱོགས་གཉིས་ཀའི་གཤམ་འོག་གི་དཔོན་རིགས་རྣམས་སྲིད་དབང་འཕྲོག་རྩོད་ཀྱི་འགལ་བ་ཛ་དྲག་ཏུ་ཕྱིན། སྟག་བྲག་ཕྱག་མཛོད་བསྟན་པ་མཐར་ཕྱིན་གྱིས་སྲིད་སྐྱོང་ལས་འགན་ཕྱིར་འབུལ་རྒྱུ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས། བཀའ་ཤག་སོགས་གལ་གནད་ཆེ་བའི་ལས་ཁུངས་རྣམས་སུ་རྭ་སྒྲེང་ལ་བློ་དཀར་ཡོད་པའི་དཔོན་རིགས་རྣམས་ཕྱིར་འཐེན་བྱས་ཏེ། སྟག་བྲག་ཕྱོགས་གཏོགས་པ་རྣམས་བསྐོ་བཞག་བྱས། སྐབས་དེར་སྟག་བྲག་དང་། ཟུར་ཁང་། ཞྭ་སྒབ་པ་སོགས་ཀྱིས་རྭ་སྒྲེང་ཕྱོགས་གཏོགས་ཀྱིས་དུས་བཀག་འགར་མདེལ་ཞིག་སྐྱེལ་བར་བཏང་ནས་སྟག་བྲག་བཀྲོང་རྩིས་དང་། རྭ་སྒྲེང་དང་། སེ་ར་དགོན་པའི་གྲྭ་པ་རྣམས་ཁ་མཐུན་ནས་སྟག་བྲག་སྲིད་དབང་མགོ་རྟིང་སློག་རྩིས་ཡོད་པ་བཅས་ཀྱིས་་བསྙད་འདོགས་ཀྱི་གླེང་ཕྱོགས་ཤིག་བཟོས་ཏེ། མེ་ཕག་སྤྱི་ལོ་1947ལོའི་ཟླ་2པར། ཟུར་ཁང་དབང་ཆེན་དགེ་ལེགས་དང་། ལྷ་ཀླུ་ཚེ་དབང་རྡོ་རྗེ་སོགས་ནས་བོད་དམག་ཉིས་བརྒྱ་ཙམ་ཁྲིད་དེ་རྭ་སྒྲེང་དགོན་དུ་རྭ་སྒྲེང་འཇམ་དཔལ་ཡེ་ཤེས་འཛིན་བཟུང་བྱེད་སར་བསྐྱོད། རྭ་སྒྲེང་འཛིན་བཟུང་བྱས་ཏེ་འཕན་པོ་སྒོ་ལ་བརྒྱུད་དེ་ལྷ་སར་འབྱོར་པ་དང་། སྐུ་བཅར་གསོལ་དཔོན་རིག་རྣམ་དང་། གཟིམ་འགག་ཚུལ་ཁྲིམས་ནོར་བུ། གསོལ་ཐབ་པ་ནོར་འཛིན་བཅས་མི་གསུམ་ཡོད་པ་གྲྭ་བཞི་དམག་སྒར་ལ་རྩིས་སྤྲོད་བྱས། རྭ་སྒྲེང་རིན་པོ་ཆེ་རྩེར་ཁྲིད་དེ་ཤར་ཆེན་ལྕོག་ཏུ་བཙོན་འཇུག་བྱས། སེར་བྱེས་གྲྭ་ཐང་གིས་རྭ་སྒྲེང་རྒྱབ་རྩ་བྱས་ཏེ་བོད་དམག་དང་སེ་རའི་བར་ཟིང་འཁྲུག་ལངས། མཐར་སེ་རའི་གྲྭ་པ་རྣམས་གོ་མཚོན་ཞན་པ་དང་། དམག་འཐབ་ཀྱི་ཉམས་མྱོང་མེད་སྟབས་ཟླ་3པའི་ཚེས་8ཉིན་བོད་དམག་གིས་སེ་ར་དབུ་རྩེ་བླངས། ཉིན་ཤས་རིང་མུ་མཐུད་དམག་འཐབ་དྲག་པོ་བྱས་ཏེ་སེ་རའི་གྲྭ་པ་བཅུ་ལྷག་ཙམ་བསད། གྲྭ་པ་མང་པོ་རྨས། གཏེ་པོ་བཅུ་ཕྲག་འགའ་ཞིག་འཛིན་བཟུང་ཐོག་ཁྲིམས་གཅོད་དྲག་པོ་བཏང་། ལ་ལ་ཚེ་སྒོ་ཚེ་ལྕགས་བརྒྱབ་ཏེ་རྒྱངས་ཕུད་བཏང་། ལ་ལ་རྐང་ལྕགས་ལག་ལྕགས་བརྒྱབ་སྟེ་སྐུ་དྲག་ཆེ་ཁག་ལ་རྩིས་སྤྲད། དགོན་པའི་ནོར་གལ་ཆེ་བ་མང་པོ་འཕྲོག །མཁན་པོ་ངག་དབང་རྒྱ་མཚོ་སོགས་མི་གྲངས་བཅུ་ལྷག་ཙམ་ཁམས་ཕྱོགས་སུ་བྲོས་པ་རེད།
དེ་ནས་རྭ་སྒྲེང་བཙོན་བཅུག་ཅིང་ལུང་ཤར་ཨོ་རྒྱན་རྡོ་རྗེ་དང་། རྩེ་དྲུང་ཡེ་ཤེས་ཐུབ་བསྟན་གཉིས་རྭ་སྒྲེང་ལ་འཁོན་འཛིན་ཡོད་སྟབས་བཙོན་སྲུང་བཞག །རྭ་སྒྲེང་དོ་དམ་ཁོངས་བཞུགས་སྐབས། ཚོགས་འདས་ཧྲག་བསྡུས་སར་འདྲི་བ་ཐེངས་འགའ་ཞིག་ལེན་སྐབས་ཁོང་གིས་སྐུ་ཕྱག་གནང་བཞིན་ངས་བོད་ཀྱི་བསྟན་སྲིད་ལ་རྒྱ་ལ་གནོད་པའི་ལས་ཀ་གང་ཡང་བྱས་མེད་གསུངས། སྐབས་དེར་བཀའ་ཤག་ཏུ་དཔོན་རིགས་རྣམས་རྭ་སྒྲེང་ལ་ཁྲིམས་གཅོད་ཇི་ལྟར་དགོས་པའི་སྐོར་གྲོས་མོལ་བྱེད་སྐབས། སྣེ་མགྲོན་ཐུབ་བསྟན་ལེགས་སྨོན་གྱིས་ཁྲིམས་དེབ་གཅིག་ཁྱེར་ནས་ཁ་ཕྱེས་ཏེ། ནག་ཅན་ཁྲག་སྦྱོར་གྱི་ཞལ་ལྕེའི་ནང་དུ་འབངས་གྱེན་ལོག་བྱས་ན། ཞེས་པའི་ལུང་དྲངས་ཏེ་རྭ་སྒྲེང་སྤྱན་འབྲས་གཉིས་ཀ་འདོན་དགོས་པའི་གྲོས་འགོ་བཏོན་པ་དང་། ཕ་ལྷ་ཐུབ་བསྟན་འོད་ལྡན་ནས་རྒྱབ་སྐྱོར་ཐོག་ཁྲིམས་ཆད་ནན་པོ་གཅད་དགོས་ཞེས་བརྗོད། ཚ་རོང་ཟླ་བཟང་དགྲ་འདུལ་དང་། སེར་འབྲས་དགའ་གསུམ་གྱི་མཁན་པོ་ལས་ཟུར། གཞུང་ཞབས་སེར་སྐྱ་ཁག་གཅིག་གིས་བྱེད་ཐབས་དེ་ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་པར་མ་ཟད། དེའི་སྐོར་གྱི་གྲོས་བསྡུར་རྩ་བ་ནས་མ་བྱས། དེ་ནས་རྭ་སྒྲེང་སྙུང་གཞི་བཞེས་པའི་གནས་ཚུལ་རྩེ་ཕྱག་ནས་ཚོགས་འདུར་སྙན་སྒྲོན་ཞུས་སྟབས། གཞུང་ནས་སྨན་རྩིས་ཁང་གི་བླ་སྨན་མཁྱེན་རབ་ནོར་བུ་ལ་བཀོད་མངགས་བྱས། རྭ་སྒྲེང་རིན་པོ་ཆེས་བདེ་སྐྱིད་གླིང་ཀའི་ཨེམ་རྗེ་བསྟེན་རྒྱུའི་རེ་བ་ཞུས་ཀྱང་ལྟག་ཆོད་བྱས། དེ་བཞིན་ཁོང་ཉིད་ཀྱི་གཟིམ་ཤག་ཏུ་རྒྱུན་གསོལ་གྱི་ཕྱི་རྒྱལ་གྱི་སྨན་ཡོད་པ་དེ་ཡང་མི་ཆོག་པའི་བཀའ་ཕབ། སྐབས་དེར་རྭ་སྒྲེང་རིན་པོ་ཆེས་ཉེན་ཁའི་གནས་སུ་ལྷུངས་པ་གསལ་པོར་མཁྱེན་ནས་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་། དྲུང་ཡིག་འབུམ་ཐང་པ་ཆོས་འཕེལ་ཐུབ་བསྟན། བཀའ་བློན་ཀ་ཤོད་པ་ཆོས་རྒྱལ་ཉི་མ་བཅས་ལ་ཕྱག་བྲིས་གནང་སྟེ་བཙོན་ནས་སྐྱོབ་ཐབས་ཡོང་བའི་རེ་བ་མཛད་ཀྱང་། ཡི་གེ་དེ་དག་རྩེ་དྲུང་ཡེ་ཤེས་ཐུབ་བསྟན་དང་། ལུང་ཤར་ཨོ་རྒྱན་རྡོ་རྗེ་གཉིས་ཀྱིས་སྟག་བྲག་ཕྱོགས་ལ་སྤྲད་པས་འཕྲལ་དུ་ཐག་གཅོད་མ་བྱས་ན་ཤོར་དོགས་ཀྱིས་མེ་ཕག་ཟླ་བ་3པའི་ཚེས་8ཉིན་ལྐོག་གཡོའི་སྒོ་ནས་བཀྲོངས་སོ། །
རྭ་སྒྲེང་འདས་རྐྱེན་སྐོར་ལ་བཤད་སྲོལ་མི་འདྲ་བ་འགའ་ཞིག་ཡོད་པར། ལ་ལས་རླིག་འབྲས་བཙིར་ཏེ་བཀྲོངས་པ་རེད་ཟེར། ཡང་ལ་ལས་མགུལ་དུ་དར་བརྫངས་བརྒྱབ་སྟེ་བཀྲོངས་པ་རེད་ཟེར། འགའ་ཞིག་གིས་དུག་དྲངས་ནས་བཀྲོངས་རེད་སོགས་ཟེར་སྲོལ་དུ་མ་ཡོད་ཀྱང་། ཉེ་ཆར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལོ་རྒྱུས་དཔྱད་ཡིག་དེབ་དང་པོའི་ནང་དུ། སྐབས་དེའི་བཙོན་སྲུང་ལུང་ཤར་ཨོ་རྒྱན་རྡོ་རྗེ་དང་། རྩེ་དྲུང་ཤར་རྩེ་ཡེ་ཤེས་ཐུབ་བསྟན་རྣམ་གཉིས་ཀྱིས་མགྲིན་གཅིག་ཏུ་བླ་སྨན་མཁྱེན་རབ་ནོར་བུས་གསོལ་སྨན་དྲངས་རྗེས་ཇེ་སྡུག་ཏུ་ཕྱིན་ཏེ་གྲོངས་སོང་ཞེས་བཤད་འདུག་པ་དཔེར་ན། ལུང་ཤར་ཨོ་རྒྱན་རྡོ་རྗེས། “སྐབས་དེར་དོ་དམ་པ་བསྐལ་བཟང་ངག་དབང་དང་མཉམ་དུ་བླ་སྨན་མཁྱེན་རབ་ནོར་བུ་གསོལ་སྨན་འབུལ་ཐེངས་གཉིས་ཕེབས་སོང་། ཁྲག་རླུང་ཐོག་རླུང་གྲིབ་ཀྱང་འདུག་གསུངས་ཤིང་། སྤྱི་ཁྱབ་དོ་དམ་བསྐལ་བཟང་ངག་དབང་བརྒྱུད་གསོལ་སྨན་འབུལ་རྒྱུ་ཨ་གར་སོ་ལྔ་ཡིན་ཞེས་རིལ་བུ་གསུམ་འབྱོར་པ་སྨན་རྟ་ཕག་ཤ་བཙོས་པའི་ཤ་ཁུས་བྱས་ཏེ་སྔ་རྗེས་གཉིས་ཕུལ་བར་སྙུང་ཁམས་ཧ་ཅང་ལྕིི་པོར་གྱུར་སོང་། སླར་ཡང་བསྐལ་བཟང་ངག་དབང་ཡོང་ནས་གསོལ་སྨན་དེས་གང་འདྲ་བྱུང་སོང་ངམ་ཟེར་ཞིང་། སྙུང་གཞིང་ཛ་དྲག་ཏུ་སོང་བ་ལས་ཕན་པ་གཏན་ནས་མི་འདུག་བྱས་པར་འཕྲོས་རིལ་བུ་དེ་ལམ་སེང་འབུལ་དགོས་ཟེར་བ་ཕུལ་རྗེས་མཚན་མོའི་ཆུ་ཚོད་གསུམ་པ་ཙམ་ལ་ལྗགས་དབུགས་ཀྱི་རྒྱུ་བ་ཆད་སོང་། [བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞི་རྒྱུ་ཆ་བདམས་བསྒྲིགས། དེབ་དང་པོའི་ཤོག་ངོས་535པའི་ཕྲེང་7པར།]” ཞེས་གསལ་བ་ལྟར་རོ། །
བོད་ཀྱི་སྐུ་དྲག་ཁག་གཅིག་ཨ་རིར་སྤྲོ་འཁྱམ་ཕྱིན་པ། མེ་ཕག་ཟླ་10པར་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། མཁན་ཆུང་ཆང་ཁྱིམ་པ་ཐུབ་བསྟན་ཚེ་དཔལ། སྤོམ་མདའ་ཡ་འཕེལ། ཟུར་ཁང་ལྷ་དབང་སྟོབས་རྒྱལ་བཅས་ཚོང་དོན་རྟོག་ཞིབ་ཚོགས་པ་ཟེར་བ་སྒྲིག་འཛུགས་བྱས་ཏེ་ཨ་མི་རི་ཀ་དང་། དབྱིན་ཇི་སོགས་ལ་འགྲོ་རྩིས་བྱས་ཀྱང་ཕྱི་རྒྱལ་དུ་འགྲོ་བའི་ལག་ཁྱེར་དང་། འགྲོ་དངུལ་སོགས་ལ་དཀའ་ངལ་མང་པོ་འཕྲད་སྟབས། ས་བྱི་སྤྱི་ལོ་1948ལོའི་ལོ་སྟོད་དུ་ནན་ཅིང་དུ་ཕྱིན། སྐབས་དེར་གོ་མིན་ཏང་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་ཚོང་དོན་ཚོགས་པ་ཕྱི་རྒྱལ་དུ་འགྲོ་དགོས་དོན་མེད་ལུགས་སྐོར་གྱི་བསླབ་བྱ་བཤད་ཀྱང་མ་ཉན་པ་ལྐོག་ཏུ་ནན་ཅིང་དུ་ཨ་རིའི་གཞུང་ཚབ་དང་། དབྱིན་ཇིའི་གཞུང་ཚབ་བཅས་ལ་སོང་ཏེ་ཐོངས་མཆན་ཞུས། དེ་ནས་གོ་མིན་ཏང་ཀྲུང་དབྱང་སྲིད་གཞུང་ལ་ཁོ་ཚོ་བོད་དུ་ཕྱིར་ལོག་རྒྱུའི་སྐོར་སྙན་ཞུས་བྱས་སྟབས། གོ་མིན་སྲིད་གཞུང་གིས་ཁོ་ཚོ་ལ་ཕྱི་རྒྱལ་གྱི་དངུལ་ལོ་དང་། གནང་སྐྱེས་གང་ལེགས་གནང་བར་མ་ཟད། ཆེད་མངགས་གནམ་གྲུ་བཏང་སྟེ་ཧང་ཀང་བར་དུ་བསྐྱལ་པ་རེད། ཁོ་ཚོ་ཧང་ཀང་དུ་སླེབས་འཕྲལ་ཨ་རིའི་རྒྱལ་ས་ཝག་ཤན་ཏུན་དུ་ཕྱིན། དེ་ནས་ཨ་རི་ལ་ཟླ་བ་བཞི་ཙམ་བསྡད། དེ་རྗེས་དབྱིན་ཇིར་བསྐྱོད་ནས་ཟླ་ཤས་བསྡད། ས་བྱི་སྤྱི་ལོ་1948ལོའི་ལོ་མཇུག་ཏུ་རྒྱ་གར་བརྒྱུད་ནས་ཕྱིར་བོད་དུ་ལོག །ཁོ་ཚོས་སྐབས་དེར་བཤད་པར། ཨ་རི་དང་དབྱིན་ཇི་སོགས་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་རྒྱབ་སྐྱོར་གྱི་འབྲེལ་བ་བཙུགས་པའི་དོན་དུ་ཕྱིན་ཚུལ་བཤད་ཡོད་ཀྱང་། དོན་དངོས་ཁོ་རང་ཚོའི་ཚོང་ལས་དང་། ཡུལ་བསྐོར་སྤྲོ་འཁྱམ་དུ་ཕེབས་པར་འདྲ་མ་གཏོགས། དེང་དུས་སྐབས་དེར་ཁོས་ཚོས་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་གནང་བའི་མཛད་ཕྲིན་སྐོར་གྱི་བཀའ་གཏན་རིག་རིགས་གང་ཡང་མཐོང་རྒྱུ་མི་འདུག
ཤར་བོད་དམངས་གཙོ་ཚོགས་པ། ཕུན་ཚོགས་དབང་རྒྱལ་རྒྱ་གར་ནས་ཕྱིར་བོད་དུ་ཐོན་པ་དང་ཁམས་ཕྱོགས་སུ་ཕེབས་ཏེ་སྤྱི་ལོ་1945པའི་ཤིང་བྱ་ལོར་བོད་པ་གུང་ཁྲན་ཏང་མི་ཚོས་ཁམས་བདེ་ཆེན་རྟེན་གཞིར་བྱས་པའི་“བོད་ཤར་རྒྱུད་མི་དམངས་རང་སྐྱོང་མནའ་འབྲེལ་”ཚོགས་པ་བཙུགས། 1946ལོར་ཚོགས་པ་དེས་འབྲི་ཆུའི་ཤར་རྒྱུད་དྲག་པོའི་འོས་ལངས་ཀྱི་གནས་གཞི་འཛུགས་རྒྱུའི་འཆར་གཞིར་ཕམ་ཉེས་ཐེབས། གོ་མིན་ཏང་སྲིད་གཞུང་གིས་ཕུན་དབང་སོགས་གུང་ཁྲན་ཏང་དང་འབྲེལ་ཡོད་ཀྱི་མི་སྣ་འཛིན་བཟུང་དགོས་པའི་རྒྱ་ཁྱབ་བཀའ་ཡིག་སྦྱར། ངག་དབང་ཧང་ཀང་དུ་བྲོས། ཕུན་ཚོགས་དབང་རྒྱལ་ས་ཐམ་དུ་རེ་ཞིག་གབ། དེ་ནས་ལྷ་སར་ཕེབས་ནས་གསར་བརྗེའི་ལས་འགུལ་སྤེལ། 1949ལོའི་ཟླ་7པར་ལྷ་སར་བཅའ་སྡོད་ཀྱི་གོ་མིང་ཏང་གི་དཔོན་རིགས་རྣམས་དང༌། གུང་ཁྲན་ཏང་མི་རྣམས་ཕྱིར་འབུད་བྱས། ལོ་དེའི་ཟླ་8པར་འབའ་ཐང་གསང་བའི་ཏང་བཙུགས་ཏེ་“ཤར་བོད་གཞོན་ནུ་དམངས་གཙོ་གནའ་འབྲེལ་”ཚོགས་པ་ཞེས་པ་དེ་བཙུགས།
ས་གླང་ཀྲུང་ཧྭ་གསར་པ་ཡི། །
མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས། །
ལྕགས་ཡོས་བོད་ལྗོངས་ཞི་བ་ཡི། །
གྲོས་མཐུན་དོན་ཚན་བཅུ་བདུན་བཀོད། །
བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས། །
དགའ་ལྡན་ཕོ་བྲང་སྐབས་ཀྱི་གྱི་ལེའུ་སྟེ་དགུ་པའོ། །
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས། ས་གླང་སྤྱི་ལོ་1949ལོའི་ཟླ་10པའི་ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས། 1950ལོར་བཅིངས་འགྲོལ་དམག་ལྷོ་ནུབ་དམག་དཔུང་ལྷོ་ལམ་དང་། ནུབ་བྱང་དམག་དཔུང་བྱང་ལམ་བརྒྱུད་ནས་བོད་དུ་དཔུང་འཇུག་བྱས། ཟླ་10པའི་ཚེས་7ཉིན་བཅིངས་འགྲོལ་དམག་དཔུང་ཆབ་མདོར་འབྱོར། སྲིད་སྐྱོང་སྟག་བྲག་གིས་མདོ་སྨད་སྤྱི་ཁྱབ་ལྷ་ཀླུ་ཚེ་དབང་རྡོ་རྗེ་ལ་ཆབ་མདོ་ས་ཁུལ་བརྟན་སྲུང་བྱེད་དགོས་པའི་བཀའ་ཕབ། ཚེས་15ཉིན་མདོ་སྤྱིའི་སྲིད་དབང་བཅིངས་འགྲོལ་དམག་གིས་བཟུང༌། ཚེས་8ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་བཞེས། ཟླ་11པའི་ཚེས་11ཉིན་ཏཱ་ལའི་བླ་མ་ལྷོ་ཁ་གྲོ་མོར་བྲོས་བྱོལ་ཕྱིན། 1951ལོའི་ཟླ་2པར་ང་ཕོད་ངག་དབང་འཇིགས་མེད་སོགས་འཐུས་མི་ལྔ་པེ་ཅིང་དུ་ཞི་ཆིངས་གྲོས་མོལ་དུ་ཕེབས། ཟླ་5པའི་ཚེས་23ཉིན་པེ་ཅིན་ཆིན་ཀྲེང་ཕོ་བྲང་དུ་ཕྱོགས་གཉིས་ཀྱི་འཐུས་མི་རྣམས་འཚོགས་ནས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་པའི་མཛད་སྒོ་གཟབ་རྒྱས་འཚོགས།
ཤིང་རྟ་སྤྱི་ལོ་1954ལོར་ཏཱ་ལའི་བླ་མ་སྐུ་འཁོར་རྣམས་པེ་ཅིང་དུ་ཕེབས་ཤིང་མའོ་ཀྲུའུ་ཞི་དང་།
ལིའུ་ཧྲོ་ཆི། ཀྲུའུ་ཏེ། ཀྲའོ་ཨེན་ལེ་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་མཇལ་འཕྲད་ཞུས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཞུགས་ཤིང་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་བཞེས། སྤྱི་ལོ་1956ལོ་ནས་འགོ་བཟུང་ཁམས་དང་ཨ་མདོའི་ཕྱོགས་སུ་དམངས་གཙོ་བཅོས་བསྒྱུར་བྱ་རྒྱུའི་འགོ་བཙུགས་པ་རེད།
བླ་མའི་ཆོས་བཤད་ཡོན་གྱི་ཆེད། །
འབྲོག་སྡེའི་མགོ་བོ་གདུག་ལྟར་བསྐོར། །
དཔོན་པོའི་ཁྲིམས་བཤད་དབང་གི་ཆེད། །
ཡིན་མིན་རྫུན་གྱིས་ཁ་ལོ་བསྒྱུར། །
སྲིད་པའི་གངས་དང་ལྷན་ཅིག་ཏུ། །
སྲིད་འབྱོར་རིག་གསུམ་བྱུང་ཚུལ་གྱི། །
སྲིད་ན་སྙན་པའི་ལོ་རྒྱུས་གཏམ། །
སྲིད་མཐར་ཉལ་འདིར་སྐྱོ་བའི་རྒྱུ། །
རང་རིགས་ཞེན་པའི་ལྷག་བསམ་གྱིས། །
རང་སྡེའི་ཆོས་སྲིད་ལོ་རྒྱུས་འདི། །
རང་ཡུལ་སྤོང་བའི་རྒྱལ་ཁམས་པས། །
རང་རིགས་གཞོན་ནུའི་ཆེད་དུ་སྤེལ། །
ཞེས་བོད་ཀྱི་ལོ་རྒྱུས་ཀྱི་རྩ་ཚིག་དང་དེའི་འགྲེལ་པ་《བྱིས་པའི་དགའ་སྟོན་》ཞེས་པ་འདི་ནི། དེང་དུས་བོད་ཕྲུག་གཞོན་ནུ་རྣམས་ཀྱིས་རང་གི་ལོ་རྒྱུས་རག་རིམ་ཙམ་བློ་ལ་ངེས་བདེ་བའི་ཆེད་དུ་བོད་ཀྱི་ལོ་རྒྱུས་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་2011ལོའི་དཔྱིད་དུས་སུ། རྒྱ་ནག་ཁྲེན་ཏུའུ་གྲོང་གི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་རྫོགས་པར་བྲིས་སོ། །