ཕུའུ་ཏུང་། མདུན་སྐྱོད་ཀྱི་གོམ་སྟབས་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-01


ད་ལོ་ནི་ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་འཁོར་30ལོན་པའི་ལོ་ཡིན་ལ། འདས་པའི་ལོ་ངོ་30ཡི་ནང་། འབྲུ་དྲུག་སྙེ་མ་ལྡེམ་པའི་ཞིང་ས་དེ་དག་གི་ཤུལ་དུ། ཅི་འདོད་གང་ཡོད་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་གསར་པ་ཆགས་འདུག་ལ། ཀྲུང་གོའི་གསར་སྤེལ་སྒོ་འབྱེད་ཀྱི་སྔོན་སྐྱོད་པ་ཡིན་པར་མ་ཟད། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་དར་ཆ་ཞིག་ཏུ་ཡང་གྱུར་ཡོད། དེ་ན་འགྱུར་ལྡོག་འདི་འདྲ་ཞིག་གང་ནས་ཐོན་པ་དང་། དུས་རབས་གསར་པའི་ནང་དུ། ཕུའུ་ཏུང་གསར་པས་ངོ་མཚར་གཏམ་རྒྱུད་ཅི་འདྲ་བསྐྲུན་ཡོད་ཅེ་ན།


ཕུའུ་ཏུང་ནི་ཕུའུ་ཅང་གཙང་པོའི་ཤར་ཕྱོགས་སུ་ཆགས་ཡོད་ལ། ལོ་ངོ་སུམ་ཅུའི་ཡར་སྔོན་དུ་གནས་འདིར་ཕུའུ་ཞི་དང་བསྡུར་ན་གནམ་ས་བླ་འོག་ལྟ་བུའི་ཁྱད་པར་ཡོད་དེ། ཟམ་ཆེན་གྱི་ཚུལ་རོལ་གྲོང་ཁྱེར་ཡིན་ལ། ཕ་རོལ་ཞིང་ས་དང་གྲོང་གསེབ་ཡིན་པས། ཧྲང་ཧའེ་རུ་ཕུའུ་ཏུང་གི་ཁང་པ་གཅིག་ལས་ཕུའུ་ཞི་ཡི་མལ་ཁྲི་གཅིག་དགའ་ཟེར་སྲོལ་ཡོད། དུས་དེ་རིང་། འཛམ་གླིང་གི་ཆེས་མཐོའི་འཛུགས་སྐྲུན་དང་ཀྲུང་གོའི་རིན་གོང་ཆེས་མཐོ་བའི་སྡོད་ཁང་དེ་ཕུའུ་ཏུང་ཁུལ་དུ་ཆགས་ཡོད་ལ། ཕུའུ་ཏུང་ལོའུ་ཅ་ཙའེ་དེ་ཡང་ཨ་རིའི་ཧྭ་ཨར་སྲང་ལམ་དང་མཉམ་དུ་གླེང་ཆོག་པའི་དངུལ་རྩ་ཁུལ་དུ་གྱུར་ཡོད།

དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་བར་ཀྲུང་དབྱང་གིས་ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་གསར་སྤེལ་སྒོ་འབྱེད་བྱ་རྒྱུའི་འཐབ་ཕྱོགས་རང་བཞིན་གྱི་འཐབ་ཅུས་ཐག་གཅོད་བྱས་ཤིང་། དེ་ཀྲུང་གོ་བཅོས་བསྒྱུར་སྒོ་འབྱེད་ཀྱི་འོད་འཚེར་ས་གསར་པ་དང་གཙོ་གནད་དུ་གྱུར། ཧྲང་ཧའེ་ཕུའུ་ཏུང་གིས་སྒོ་འབྱེད་ཀྱིས་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་མ་བཏང་ནས། ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ཤིང་། ཕུའུ་ཏུང་ཁུལ་གསར་འཛུགས་སྐྲུན་གྱི་སྐབས་སུ་ཐོག་མཐའ་བར་གསུམ་དུ་གསར་གཏོད་བྱེད་ཕོད་པ་དང་བདེན་འཚོལ་དོན་གཉེར་གྱི་དགོངས་དོན་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱི་རང་བཞིན་གྱི་བསམ་བློ་གཏོང་སྟངས་དང་ས་ཁུལ་རང་གི་ཁྱད་ཆོས་གཉིས་ལས་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་། རྨང་འཛིན་ས་མཐོན་པོ་ནས་བརྩམས་ཏེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་། ཚད་གཞི་མཐོ་བའི་འཕེལ་རྒྱས་ལག་རྩལ་ལས་རིགས་དང་དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ་དང་། དེང་རབས་ཅན་དང་རྒྱལ་སྤྱི་ཅན། སྣ་འཛོམས་རང་བཞིན་གྱི་ཁུལ་གསར་འཛུགས་བསྐྲུན་བྱས་ནས་རྒྱལ་སྤྱི་ཅན་གྱི་དཔལ་འབྱོར་དང་དངུལ་རྩ། ཉོ་ཚོང་། སྐྱེལ་འདྲེན་བཅས་ཀྱི་ལྟེ་བ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་པ་ནས་བཟུང་། དཔལ་འབྱོར་འཕེལ་ཚད་བཅུ་གནས་གྲངས་ཡིན་ལ། རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་དེ་1990ལོའི་དུང་ཕྱུར་60ནས་2009ལོའི་དུང་ཕྱུར་4001.39ལ་འཕར་ཡོད་པ་དང་གྲོང་ཁྱེར་ཡོངས་ཀྱི་སྡུར་ཚད་བཅུ་ཆའི་གཅིག་མི་ཟིན་པ་ནས་26.9%རུ་སླེབས་ཡོད། 1990ལོའི་བཟོ་ལས་ཐོན་སྐྱེད་སྡོམ་འབོར་སྒོར་དུང་ཕྱུར་177ཡིན་ལ། 2009ལོའི་ཐོན་སྐྱེད་སྡོམ་འབོར་སྒོར་དུང་ཕྱུར་7038.19ཡིན། 1993ལོར་ས་གནས་རང་གི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་5.53ཡིན་ལ། 2009ལོར་ས་གནས་རང་གི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་380ལ་སླེབས་ཡོད། ཕྱིར་འདྲེན་ཉོ་ཚོང་སྐོར་ནས་1993ལོའི་ཨ་སྒོར་དུང་ཕྱུར་12ནས་2009ལོའི་ཨ་སྒོར་དུང་ཕྱུར་576.5ཡིན་ལ། ཕུའུ་ཏུང་ཁུལ་གསར་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་། དཔལ་འབྱོར་སྟོབས་ཤུགས་འཕེལ་བ་ལས། ཧྲང་ཧའེ་ཡིས་རྒྱལ་དམངས་དཔལ་འབྱོར་བཅུ་གྲངས་སུ་གནས་པའི་འཕེལ་རྒྱས་ལ་འཁེན་ས་བརྟན་པོ་ཞིག་གནང་བ་ཡིན་ལ། ཧྲང་ཧའེ་ཡིས་དཔལ་འབྱོར་དང་། དངུལ་རྩ། ཉོ་ཚོང་། སྐྱེལ་འདྲེན་སོགས་ཀྱི་ལྟེ་བ་འཛུགས་སྐྲུན་བྱེད་པར་ནུས་པ་གལ་ཆེན་བཏོན།

1999ལོའི་ཟླ་8པ་ནས་བཟུང་། ཧྲང་ཧའེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་འཐབ་ཇུས་གསར་པ་འདོན་སྤེལ་བྱས་ནས། ཀྲང་ཅང་ལ་ཁ་ཕྱོགས་པ་ཞེས་པ་གཏན་ཁེལ་བྱས་ཤིང་། གླིང་ཁུལ་དེ་གློག་ལམ་དང་མཉེན་ཆས། སྐྱེ་དངོས་སྨན་དོན་སོགས་ཀྱིས་གཙོ་བྱས་པའི་ཐོན་ལས་འཛུགས་རྒྱུ་དང་། གཅིག་བསྡུས་རང་བཞིན་གྱི་གསར་གཏོད་གསར་སྤེལ་གྱི་གཙོ་ནུས་བྱེད་ནུས་མངོན་པར་བྱས་པ་རེད། ལོ་ངོ་བཅུ་ལྷག་གི་རིང་ལ། ཀྲང་ཅང་དེ་མགྱོགས་མྱུར་འཕེལ་རྒྱས་བྱུང་ནས་ལག་རྩལ་མཐོ་གསར་ཐོན་ལས་འདུས་ཁུལ་དུ་ཆགས་ཡོད་ལ། གློག་ལམ་དང་མཉེན་ཆས། སྐྱེ་དངོས་སྨན་རྫས། རིག་གནས་གསར་གཏོད། དངུལ་རྩའི་ཆ་འཕྲིན་ཞབས་ཞུ་སོགས་ཀྱི་ཐོན་ལས་འདུས་ཡོད་དེ། བསྡོམས་པས་ཐོང་ཡོན་དང་ཧོ་ཉེ་ཝེར། ཏུའུ་པང་སོགས་ཁེ་ལས་གྲགས་ཅན་གྱི་ཞིབ་འཇུག་དང་གསར་བཟོ་ལྟེ་བ་ནང་དུ་འདུ་བའི་རྒྱལ་ཕྱི་ནང་གི་ཞིབ་འཇུག་དང་གསར་གཏོད་ལས་ཁུངས་140ལྷག་ནང་འདྲེན་བྱས་ཡོད། དེ་མིན་སྲིད་གཞུང་གིས་གཙོ་འགན་ཁུར་བའི་རྩིས་འཕྲུལ་སྐོར་གྱི་ཞིབ་འཇུག་དང་གསར་གཏོད་སྟེགས་བུ་18ལྷག་ཡོད་ལ། དེ་དག་གིས་རྒྱལ་ཁབ་ཀྱི་གཙོ་ཆེའི་འཐབ་ཕྱོགས་རང་བཞིན་གྱི་ལས་གཞི་མང་པོར་འགན་ཁུར་ཡོད་ལ། རྒྱལ་ཕྱི་ནང་གི་མཐོ་གསར་ལག་རྩལ་ཁེ་ལས་དང་གསར་གཏོད་གསར་སྤེལ་གྱི་ཤེས་ལྡན་མི་སྣ་མང་པོ་ཞིག་བཀུག་ཡོད་ཅིང་། གླིང་ཁུལ་གྱིས་ཀྲུང་གོའི་ཆེད་དུ་རང་བརྟེན་གསར་གཏོད་ཀྱི་སྲོག་ཤིང་གི་ནུས་པ་ཡོད་པའི་ཚན་རྩལ་མཐོན་པོའི་ལས་རིགས་ཚོགས་པ་འཛུགས་རྒྱུ་དམིགས་འབེན་དུ་བཟུང་འདུག

ཅིན་ཆོ་ཕྱིར་འདྲེན་ལས་སྣོན་ཁུལ་ནི་1990ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་ལས་བཙུགས་པའི་རྒྱལ་ཁབ་རང་བཞིན་གྱི་དཔལ་འབྱོར་ལག་རྩལ་གསར་གཏོད་ཁུལ་ཞིག་ཡིན་ལ། སྤྱིའི་འཆར་འགོད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་27.38ཡོད་ལ། ཅིན་ཆོ་དེ་མཐོ་གསར་ལག་རྩལ་ལས་རིགས་ཀྱི་གཙོ་རྒྱུགས་སུ་ཆགས་ཡོད་ལ། རླངས་འཁོར་ཆ་ཚང་བཟོ་བ་དང་ལྷུ་ལག དེང་རབས་ཅན་གྱི་ཁྱིམ་སྤྱོད་གློག་ཆས། གཞུང་སྒྲུབ་སྒྲིག་ཆས། གློག་རྡུལ་ཆ་འཕྲིན། སྐྱེ་དངོས་སྨན་རྫས་དང་ཟས་རིགས་ལས་སྣོན་སོགས་ཀྱི་གཞི་རྩ་བྱས་པའི་དེང་རབས་ཅན་གྱི་ཚན་རྩལ་གླིང་ཁུལ་ཞིག་ཡིན་ལ། ཧྲང་ཧའེ་གྲོང་ཁྱེར་གྱི་གཞི་རྒྱ་ཆེས་ཆེ་བའི་སྔོན་ཐོན་བཟོ་སྐྲུན་ལག་རྩལ་གྱི་རྟེན་གཞིར་ཆགས་ཡོད། 2009ལོར་ཅིན་ཆོ་ཡིས་བཟོ་ལས་ཐོན་སྐྱེད་སྡོམ་འབོར་སྒོར་དུང་ཕྱུར་1672.91མངོན་འགྱུར་བྱུང་། ལོ་སྔོན་མ་དང་བསྡུར་ན་12.2 %འཕར་ཡོད་ལ། ཧྲང་ཧའེ་གྲོང་ཁྱེར་གྱི་བཟོ་ལས་ཐོན་སྐྱེད་བསྡོམས་འབོར་གྱི་6.7%ཟིན་ཡོད།

དེ་མིན་ཕུའུ་ཏུང་ནི་འཛམ་གླིང་དངོས་རིགས་འགྲེམ་ཚོགས་ཀྱི་སྤེལ་གནས་ཤིག་ཡིན་ལ། ཀུན་གྱི་དོ་སྣང་བྱེད་སའི་འཛམ་གླིང་དངོས་རིགས་འགྲེམ་ཚོགས་དེ་2010ལོར་ཧྲང་ཧའེ་ནས་སྤེལ་བ་ཡིན་ལ། དེའི་ཁྲོད་ཀྱི་ཁུལ་མང་པོ་ཞིག་ཕུའུ་ཏུང་ཁུལ་ཡོད་པར་མ་ཟད། ཚན་རྩལ་གསར་གཏོད་དང་མཉམ་འབྲེལ་མཉམ་རྒྱལ། མ་འོངས་ལ་ཁ་ཕྱོགས་པའི་འཛམ་གླིང་དངོས་རིགས་འགྲེམ་ཚོགས་ཤིག་འཚོགས་པ་རེད། ད་ལྟ་ཕུའུ་ཏུང་ཁུལ་དེ་རྒྱལ་ཕྱི་ནང་གི་རིག་གནས་བགྲོ་གླེང་བྱེད་སའི་གར་སྟེགས་ལྟ་བུ་ཞིག་ཏུ་གྱུར་འདུག་ལ། རྒྱལ་ཕྱི་ནང་གི་ཚོང་ལས་རིག་གནས་ངོམ་སའི་གནས་ཤིག་ཡིན་པར་མ་ཟད། རིག་གནས་འཕེལ་རྒྱལ་ལ་མདུན་ལྗོངས་ཡོད་པའི་གྲོང་ཁྱེར་གསར་པ་ཞིག་ཏུ་ཆགས་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1