ཟླ་6ཚེས་30ཉིན། “སི་ཁྲོན་གྲོང་གསེབ་འགྲུལ་སྐྱེལ”ཞེས་བཀོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཀྱག་ཀྱོག་ངང་ཕུག་ལམ་གཉིས་དང་ལྕགས་ཟམ་ཞིག་བརྒྱུད་པ་དང་། ཡང་ཕུག་ལམ་གཞན་ཞིག་བརྒྱུད་དེ་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་པུའུ་ཐུའོ་རྫོང་ཨ་པུའུ་ལུའོ་ཧ་གྲོང་ཚོའི་གསར་བསྐྲུན་ཨན་ཅུས་ཁུལ་ཆུང་དུ་བསྐྱོད་ཅིང་། གྲོང་མིས་གླུ་ལེན་གར་འཁྲབ་ཀྱིས་རྟེན་འབྲེལ་ཞུས་པ་རེད།
སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གཞུང་ལམ་ཅུས་ཀྱི་ཅུས་ཀྲང་ཞུས་ལེ་ཡིས། ཨ་པུའུ་ལུའོ་ཧ་ནི་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ཨར་འདམ་ལམ་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་པའི་སྒྲིག་ཁོངས་གྲོང་ཚོ་མཐའ་མ་དེ་ཡིན་ཞིང་། ད་ཐེངས་གྲོང་རྡལ་དུ་བསྐྱོད་པའི་འགྲུལ་སྐྱེལ་ལམ་ཐིག་དངོས་སུ་ཤར་གཏོང་ཐུབ་ཡོད། འདིས་རང་རྒྱལ་གྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་མཚོན་ཡོད་དེ། སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་420ལྷག་ཙམ་ཟིན་ཞིང་། ཞིང་པ་དུང་ཕྱུར་6ལྷག་ཙམ་གྱི་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱུང་ཡོད།
འབྲི་ཆུའི་གྲོག་རོང་ཆེན་མོའི་གཏིང་དུ་གནས་པའི་ཨ་པུའུ་ལོ་ཧ་ནི། ཕྱོགས་གསུམ་རི་བོས་བསྐོར་བ་དང་ཕྱོགས་གཞན་པ་དེ་ནི་བྲག་རི་ཡིན། དབྱིས་རིགས་ཀྱི་སྐད་ནང་ཨ་པུའུ་ལོ་ཧ་ནི“རི་མཐོན་པོའི་ཁྲོད་ཀྱི་གྲོག་རོང”ཞེས་པའི་དོན་ཡིན་ཞིང་། ད་ལྟ་མི་253ཡོད། དེ་སྔ། རྐང་ལམ་ཕྲ་མོ་བརྒྱུད་དེ་གྲོང་ཚོ་ཕྱི་རུ་བགྲོད་པར་ཆུ་ཚོད་3ལྷག་ཙམ་དགོས་ཀྱི་ཡོད།
2019ལོའི་ཟླ་6པར། གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལས་འགོ་ཚུགས་ཡོད། དང་ཐོག་ས་བབ་རྙོག་འཛིང་ཆེ་བས་སྔོན་གྱི་སྤྱི་ལེ་3དང་ཕུག་ལམ་གཅིག་ལ་ལས་ཡུན་ཟླ་བཞི་འགོར་གྱི་ཡོད། མྱུར་ཚད་མགྱོགས་སུ་གཏོང་ཆེད། ས་གནས་དེ་གས་ཕྱོགས་མང་མཐུན་སྦྱོར་གྱིས་ཐད་འཕུར་གནམ་གྲུར་བརྟེན་ནས་ཨར་སྐྲུན་སྒྲིག་ཆས་ཆེ་གྲས་གྲོང་ཚོར་དབོར་འདྲེན་བྱས་པ་རེད།
གྲོང་ཚོར་དབོར་བའི་སྒྲིག་ཆས་ཀྱིས་ཟིལ་ཤུགས་མགྱོགས་པོར་མངོན་ཏེ་ནང་ནས་ཕྱི་རུ་ཉིན་ལྟར་སྨི་10སྔོག་འདོན་བྱེད་ཀྱི་ཡོད། འོན་ཀྱང་ཕྱི་ནས་ནང་དུ་སྔོག་འདོན་བྱེད་པའི་ཨར་ལས་ལ་དྲང་ཐིག་ལྟ་བུའི་བྲག་རི་དང་“V”དབྱིབས་ཅན་གྱི་གྲོག་རོང་ལ་འཕྲད་པ་དང་། རི་ངོས་ཀྱི་བང་རིམ་ཆག་ཧྲུལ་དུ་སོང་ནས་ཨར་ལས་ཀྱི་བདེ་འཇགས་ལ་མི་མངོན་པའི་རྐྱེན་ངན་ཆེན་པོ་བཟོས་ཡོད། རིགས་གཅིག་མཁས་ཅན་10ལྷག་ཙམ་གྱིས་རྐང་ལག་སྦྲགས་མས་གཡང་གཟར་བྲག་ལ་འཛེག་ནས་སླར་ཡང་རྩད་ཞིབ་བྱས་རྗེས། མཐའ་མའི་སྤྱི་ལེ་གཅིག་གི“C”དབྱིབས་ཀྱི་ཕུག་ལམ་ཇུས་གཞི་དེ“ཕུག་ལམ་གཉིས་དང་ཟམ་པ་གཅིག”ཏུ་བསྒྱུར་རྒྱུའི་གཏན་འབེབས་བྱས་པ་རེད།
དུས་མཚུངས། ཨར་ལས་རུ་ཁག་གིས་ཟླ་ཕྱེད་ནང་གྲོག་རོང་གི་རིང་ཚད་ལ་སྨི་400ལྷག་ཙམ་ཡོད་པའི་འབྲེང་ལམ་ཞིག་མྱུར་བཟོ་བྱས་པ་དང་། ན་ནིང་གི་ཟླ་12ཚེས་31ཉིན“ཨར་འདམ་ལམ་དང་འབྲེང་འཁོར་ཟུང་དུ་སྦྲེལ་བའི”ཐབས་ལ་བརྟེན་ནས་གྲོང་མི་ཕྱིར་བསྐྱོད་པའི་བགྲོད་ལམ་བཏོད་ཡོད།
ད་ལོར། ཨར་ལས་རུ་ཁག་གིས་ཡང་བསྐྱར་ཨར་ལས་རྒྱུ་ཆ་སྐྱེལ་འདྲེན་གྱི་འབྲེང་ལམ་ཞིག་བསྐྲུན་པ་དང་། ད་དུང་འདྲུད་འཐེན་འཁོར་ལོ་སོགས་ཀྱི་སྒྲིག་ཆས་བཤིག་ནས་ནང་དུ་བཅུག་སྟེ་གྲོང་ཚོར་ཐེངས་མང་དབོར་ཞིང་། གྲོང་ཚོར་སླེབས་རྗེས་སླར་ཡང་སྒྲིག་སྦྱོར་བྱས་ཡོད། མི་300ལྷག་ཙམ་གྱིས་ཆུ་ཚོད་24ཡི་རིང“ལས་དུས་ཐེངས་གསུམ་རེས་མོས་བྱས”ནས་ནུས་ཤུགས་ཡོད་རྒུས་མཐའ་མའི་སྤྱི་ལེ་གཅིག་ཤར་གཏོང་ཐུབ་པར་འབད་པ་བྱས་ཡོད།
འོབས་ཆེན་བདེ་བགྲོད་ལམ་དུ་གྱུར། ད་ཆ་གྲོང་མི་རླངས་འཁོར་ལ་བསྡད་ནས་སྐར་མ་10ལྷག་ཙམ་སོང་རྗེས་གྲོང་ཚོ་ནས་ཐོན་ཐུབ་པ་དང་ཆུ་ཚོད་2ནང་རྫོང་གྲོང་དུ་འབྱོར་གྱི་ཡོད། ལོ་24ལ་སླེབས་པའི་ཨ་ཏ་མུའུ་ཡུ་ཙས་ཐེངས་དང་པོར་རྟིང་མཐོ་ལྷམ་གྱོན་ནས། ཁོད་སྙོམས་པའི་སྣུམ་ནག་ལམ་ཐོག་བསྐྱོད་ནས་དགའ་ཚོར་ཆེན་པོས་ “ཕྲུ་གུ་བཙས་པ་ལས་ཀྱང་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བཤད།
གཡེར་མ་དང་སྦྲང་རྩི་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་མྱུར་སྐྱེལ་ལ་བརྟེན་ནས་གྲོང་ཚོ་ནས་ཐོན་ཐུབ། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཅི་ལེ་ཙི་རིའི་སྐད་འཕྲིན་ནང་སླར་ཡང་ཚོང་ཤག་ཁ་ཤས་བསྣན་ཡོད།
སྡེ་འདབས་སུ་ལམ་ཡོད་ཚེ། མི་སྐྱོད་པར་དགའ་བ་དང་། ཚོང་ཟོག་འགྲོ་རྒྱུག་ཐུབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱིས་མ་དངུལ་སྒོར་དུང་ཕྱུར་ཁྲི་2.6བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་188ལྷག་ཙམ་གསར་སྐྲུན་བྱས་ཡོད། ལམ་ཤར་གཏོང་ཐུབ་པས་གྲོང་གསེབ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་ལ་མི་གཡང་དང་ནོར་གཡང་སྐྱེལ་ཡོད།