༄༅།།འ་ཞ་ནི་ཨརྱའི་སྒྲ་དོན་ལ་མཚུངས་པའི་མིང་ཡིན་པ་ནས་འ་ཞའི་རིགས་རྒྱུད་དེ་ཡང་ཨརྱ་མི་རིགས་སུ་འབྲེལ་ཚུལ་དཔྱད་པ།

ཁ་སྒང་བཀྲ་ཤིས་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 07-03



ཁ་སྒང་བཀྲ་ཤིས་ཚེ་རིང་།
【ནང་དོན་གནད་བསྡུས།】 འ་ཞ་ཞེས་པ་ནི་ལེགས་སྦྱར་གྱི་འཕགས་པའི་སྐད་དོད་ཨརྱའི་སྒྲ་འགྱུར་བའི་འབོད་ཚུལ་ཞིག་ཡིན་པའི་ངོས་ནས་བརྟག་ན། སྤྱིར་བཏང་རིགས་རུས་ཀྱི་མིང་དུ་བྱེད་པའི་འ་ཞ་ནི་ཚོ་ཁག་དང་རུས་རྒྱུད་ཀྱི་མིང་ཡིན་པ་དང་། འ་ཞ་བོན་པོ་ཟེར་བ་ནི་ཆོས་དང་རིག་གནས་གང་རུང་ལ་མཁས་པའི་མིང་སྟེ་དེང་སང་ལྟར་ན་བླ་མ་འཕགས་པ་ཞེས་པའི་དོན་ཡིན། འ་ཞ་མི་རིགས་ཀྱི་ཐོག་མའི་སྡོད་གནས་སམ་འཚོ་ཡུལ་ནི་གུ་ར་ཝ་ཏ་ཅེས་བྱའི་ཡུལ་ཁམས་ཡིན་པ་དང་། རྒྱའི་ཡི་གེར་ཨརྱ་མི་རིགས་ཀྱི་ཐོག་མའི་སྡོད་གནས་སམ་འཚོ་ཡུལ་གྱི་མིང་དུ་乌拉尔山脉ཟེར་བ་གཉིས་ཕན་ཚུན་བསྡུར་ཚེ་སྒྲ་དོན་གཅིག་ལ་ངེས་པ་དང་། ཨརྱ་མི་རིགས་དེ་རིམ་གྱིས་རྒྱ་གར་འཕགས་པའི་ཡུལ་ནས་ཡ་གླིང་གི་ས་ཆ་ཁག་ལ་སླེབས་པའི་མི་རིགས་ཤིག་ཡིན་པ་སོགས་རྒྱུ་མཚན་དུ་མའི་ངོས་ནས་བརྟག་ན་འ་ཞ་མི་རིགས་ཀྱི་རུས་རྒྱུད་ཀྱི་ཐོག་མའི་མཆེད་ཁུངས་དེ་ཨརྱ་མི་རིགས་སུ་གཏུགས་དགོས་པའི་གནས་ལུགས་ཤིག་ཤེས་ཐུབ།
         ཚིག་གཙོ་བོ། འ་ཞ། ཨརྱ། འཕགས་པ། རིགས་རུས།
         ལེགས་སྦྱར་སྐད་དུ་ཨརྱ་ཞེས་འབོད་པའི་མི་རིགས་དེ་བོད་ཀྱི་སྐད་དུ་འཕགས་པའི་རིགས་སུ་གྲགས་ཤིང་། མི་རིགས་དེ་དང་བོད་ཀྱི་རུས་རྒྱུད་ཁྲོད་ཀྱི་ལྡོང་རིགས་འ་ཞ་གཉིས་ལ་འབྲེལ་བ་ཡོད་ཚུལ་སྔོན་ཆད་སུ་ཞིག་གིས་གླེང་སློང་གནང་མེད་ཀྱང་། ཨརྱའི་མི་རིགས་ཐོག་མའི་འཚོ་བའི་ཡུལ་གྱི་མིང་དང་འ་ཞ་མི་རིགས་གཉིས་ཀྱི་སྔོན་གྱི་ཡུལ་མིང་ཇི་ལྟར་ཡིན་ཚུལ་རྒྱ་བོད་ཀྱི་ཡི་གེ་འགོད་ཚུལ་གཅིག་ཏུ་འཁེལ་བ་དང་། ཨརྱའི་སྒྲའི་བཀླག་སྟངས་གཞན་ཞིག་ལ་ཨ་ཞའམ་འ་ཞ་ཞེས་པར་འགྱུར་ཚུལ་དང་། ཨརྱ་མི་རིགས་དེ་རིམ་གྱིས་ཡ་གླིང་གི་ས་ཁྱོན་ཧྲིལ་པོར་ཁྱབ་པའི་ཚུལ་ལས་མི་རིགས་དེ་གཉིས་ཀྱི་ཐོག་མའི་རུས་རྒྱུད་གཅིག་ཏུ་ངེས་ཤིང་། རིམ་གྱིས་ཨརྱ་མི་རིགས་དེ་ལས་གྱེས་པའི་རུས་རྒྱུད་ཅིག་མདོ་དབུས་མཐོ་སྒང་དུ་གཞིས་ཆགས་པ་ནས་ལོ་ཟླའི་བསྐལ་བ་རིང་མོ་བརྒྱུད་པའི་ཁྲོད་རུས་རྒྱུད་གཅིག་ལས་གྱེས་པའི་མི་རིགས་མི་འདྲ་བ་གཉིས་སུ་གྱུར་ཞིང་ཡུལ་དུས་ཀྱི་དབང་གིས་སྔོན་གྱི་མིང་འབོད་དེ་ཡང་སོ་སོར་གྱུར་བ་ཡིན་པར་འདོད་པའི་ཚུལ་རགས་ཙམ་བརྗོད་པར་འདོད།
དང་པོ། འ་ཞ་དང་ཨརྱ་མི་རིགས་གཉིས་ཀྱི་མིང་འབོད་དང་རིགས་རྒྱུད་གཅིག་ཡིན་པར་ངོས་འཛིན་བྱས་ཆོག་པ།
         འ་ཞ་དང་ཨརྱ་མི་རིགས་གཉིས་ཀྱི་མིང་འབོད་དང་རིགས་རྒྱུད་གཅིག་ཡིན་ཚུལ་གྱི་རྟགས་སམ་རྒྱུ་མཚན་ནི་གཤམ་གསལ་གྱི་དོན་ཚན་དུ་མ་ནས་ཤེས་པར་བྱ་སྟེ།

         (༡)འ་ཞ་དང་ཨརྱ་ཞེས་པའི་སྒྲ་གདངས་ཀློག་ཚུལ་གཅིག་པ་དང་དོན་འགྱུར་དུ་འཕགས་པ་དང་མཆོག་གྱུར་ཅེས་པའི་དོན་ཡོད་པ།
         1.འ་ཞ་དང་ཨརྱའི་སྒྲ་གདངས་ཀློག་ཚུལ་གཅིག་ཡིན་ཚུལ། འ་ཞ་ཞེས་པའི་མིང་འདི་སུ་ཞིག་གིས་བཀླག་པའི་དུས་སུ་རྟག་ཏུ་ད་ལྟའི་འ་དང་ཞ་ཡིག་གི་སྒྲ་བཞིན་ཀློག་བཞིན་ཡོད་ཀྱང་། མིང་དེའི་བྱུང་ཁུངས་ཀྱི་ཕུགས་དེད་ན་རྒྱུ་མཚན་གཞན་ཞིག་སྟེ་འཕགས་པའི་སྐད་དོད་ཨརྱའི་སྒྲའི་བཀླག་སྟངས་ཤིག་ཡིན་པ་ནི།ཏུན་ཧོང་ནས་ཐོན་པའི་P.T.849ཤོག་དྲིལ་གྱི་ཐིག་ཕྲེང་154དང་155་གཉིས་ཀྱི་མཚམས་སུ།། ཨ་སིད་ཏི་བྱེ་འཛ་ན། ཀ་ཁ་ག་འག་ང༌། ཙ་ཚ་ཛ་འཛའ་ཉ། ཏ་ཐ་འད་ད་ནཱ། ཏ་ཐ་འད་ཐ་ན། པ་ཕ་འབ་བ་མ། འཞ་ར་ལ་འབཱ་ས་ས་ས་ཧ་ཁྱའ༌། ཞེས་ལེགས་སྦྱར་གྱི་གསལ་བྱེད་སོ་བཞི་བཀོད་པའི་ནང་། འཞ་ར་ལ་འབཱ། ཞེས་ཡི་གེ་བཞི་བྱུང་པ་ནི་སོ་སོར་ད་ལྟའི་གསལ་བྱེད་ཡ་ར་ལ་ཝ་རྣམས་ཡིན་ཞིང་། དེ་ལས། འཞ་ཞེས་གསལ་བྱེད་ཉིས་སྦྲགས་ཀྱི་ཚུལ་དུ་བྱུང་བ་དེ་སྒྲ་མཚམས་གཅིག་གི་ཁོངས་སུ་བསྡུས་པའི་ཡི་གེ་ཡིན་པ་ནི་མཐར་གནས་ཀྱི་ཡི་གེ་བཞིའི་དང་པོ་ཡ་ཡིག་གི་དོད་དུ་འཞ་ཞེས་བྱུང་བ་དེས་ཤེས་ཤིང་། ཞའི་སྔོན་དུ་འ་ཡིག་ཐོན་པར་ད་ལྟ་སེམས་ན་རྒྱུ་མཚན་མེད་པ་ལྟ་བུར་གྱུར་མོད། དེ་ལྟའི་འཇོག་ཚུལ་གྱིས་ཡ་ཡིག་སྟོན་པ་ནི་སྐབས་དེའི་མཁས་པའི་ལག་ལེན་སྟེ། ལྷ་བླ་མ་ཤེས་འོད་ཀྱི་རྣམ་ཐར་དུ། ཡི་གེ་ལ་ཞིག་གེ་①ཞེས་བྱུང་པ་དང་། མངའ་རིས་རྩ་འདའ་ཁུལ་དུ་ད་ལྟའང་ཞ་ཡིག་འདི་ཡ་ཡིག་ལྟར་བཀླག་ཆོག་པའི་ཡི་གེ་ཡིན་པ་ལྟར། ད་ལྟའི་ཁམས་སྡེ་དགེ་ཕྱོགས་སུ་གཡག་ལ་གཞག་དང་། གཡག་ཤ་ལ་གཞག་ཤ། ཞེས་ཞ་ལ་ཡའི་སྒྲ་ཅུང་ཟད་ལྡན་པ་ཙམ་དུ་ཀློག་པ་དང་། ཨ་མདོའི་ཁ་སྐད་དུའང་། ལ་གཞས་དང་ལ་ཡེ་གང་བདེར་སྤྱོད་པའི་ངོས་ནས་བརྟག་ན་རང་རེ་ཨ་མདོ་ས་ཁུལ་དུའང་སྔོན་གྱི་དུས་སུ་ཞ་ཡིག་དང་ཡ་ཡིག་གང་བདེར་སྤྱོད་པའི་སྲོལ་ཡོད་ཅིང་། ཏུན་ཧོང་ཡིག་རྙིང་དུ་ཡ་ཡིག་གི་དོད་དུ་འཞ། ཞེས་བཀོད་པའང་ཞ་ཡིག་དེ་ཡ་ཡིག་བཞིན་བཀླག་ཆོག་པའི་རྒྱུ་མཚན་གྱིས་ཡིན་པ་ཤེས་ཐུབ། དེ་ལྟར་ཞ་ལ་ཡ་ཡིག་གི་སྒྲ་གདངས་འབྱུང་བ་རང་རེ་སྐད་དང་ཡི་གེ་དེ་ཙམ་དུ་མ་ཟད། བཙན་པོའི་དུས་སྐབས་ཀྱི་ཡིག་རིགས་གཞན་ཏེ་《ཐང་ཡིག་གསར་རྙིང་》དུ་རང་རེའི་རུས་རྒྱུད་ཞང་ཞུང་གི་སྒྲར་ “羊同”ཞེས་བྱུང་པའི་ནང་། ཞང་དང་羊གཉིས་ཀྱི་སྒྲ་གདངས་གཅིག་ཏུ་གྱུར་ཡོད་པར་བརྟག་ན། དུས་སྐབས་དེ་ཙམ་དུ་ཞ་ཡིག་དེ་ཡ་ཡིག་བཞིན་བཀླག་པའི་ཡི་གེ་ཡིན་པ་གསལ་བཤད་བྱ་ཐུབ། དེ་ལྟར་བོད་ཀྱི་ལོ་རྒྱུས་བསྟན་བཅོས་སུ་འ་ཞ་ཞེས་བྱུང་བ་དེ་སྔོན་གྱི་དུས་སུ་རང་རེ་ཡུལ་དུ་འ་ཡ་ཞེས་བཀླག་པ་ཡིན་ལ། དེ་འདྲའི་མིང་ངམ་བཀླག་སྟངས་དེ་གང་ནས་བྱུང་བའམ་ཁུངས་ནི་གང་ཞེ་ན། ལེགས་སྦྱར་གྱི་འཕགས་པའི་སྐད་དོད་ཨརྱ་ཞེས་འབོད་པའི་སྒྲར་གོ་དགོས་པ་ནི་གོང་གསལ་ཡི་གེ་བཀླག་གདངས་དང་འ་ཞ་བོན་པོ་ཞེས་པའི་བརྗོད་ཚུལ་དེ་དག་ལས་ཤེས་ཐུབ་བོ།
         2. ཨརྱ་ནི་འཕགས་པ་ཞེས་པའི་དོན་ཡིན་པ་དང་འ་ཞ་བོན་པོ་ཞེས་བརྗོད་པའི་འ་ཞ་དེ་ཡང་འཕགས་པའམ་མཆོག་གི་དོན་ལ་འཇུག་པ། 
         འ་ཞའི་སྒྲ་འདི་བོན་པོ་ཞེས་པའི་མིང་དང་ལྷན་དུ་བྱུང་སྐབས་བླ་མ་འཕགས་པའམ་བླ་མ་མཆོག་དང་ཕུལ་བྱུང་གི་དོན་ལ་འཇུག་སྟེ། ཏུན་ཧོང་ཡིག་རྙིངP.T.992ཤོག་དྲིལ་གྱི་ཤོག་ལྷེ་27པའི་ཐིག་ཕྲེང1པར། བོན་པོ་དང་པོན་མོ་གཉིས་ལྷ་བཀའ་ནོད་ཅིང་ཁ་ནས་བྱུང་རྒྱལ་དུ་སྨྲ་བ། ཞེས་དང་། P.T.119ཤོག་དྲིལ་གྱི་ཐིག་ཕྲེང10པར། ལྷ་དང་འདྲེ་ལས་སྩོགས་པ་། མྱིའི་སྤྱོད་ཡུལ་དུ་མ་གྱུར་པའི་རྣམས་།། ངས་མཐོང་ངོ་ཞེས་ཟེར་བ། དཔེར་ན་བོན་པོ་། བོན་མོ་ལྟ་བུ། ཞེས་བཀོད་པ་རྣམས་ལས་སྔོན་གྱི་དུས་སུ་བོན་པོ་དང་བོན་མོ་ནི་སྐབས་དེའི་མི་རྣམས་ཀྱིས་བཀུར་ཡུལ་དམ་པ་ལྷ་མཐོང་འདྲེ་མཐོང་སྨྲ་བའི་སྐྱེས་བོའི་རིགས་ལ་ཟེར་ཏེ། དེང་སང་ལྷ་བ་དང་མོ་མའམ། དེ་ལས་ཆེ་བ་ལེགས་ཉེས་སྟོན་པའི་བླ་མ་ཞེས་པར་མཚུངས། མིང་དེར་ཚིག་གྲོགས་སུ་འ་ཞ་སྦྱར་བ་ནི《མཁས་པའི་དགའ་སྟོན》ལས། དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །གུ་ར་ཝ་ཏ་ཅེས་བྱའི་ཡུལ་ཁམས་ནས། །མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང②ཞེས་དང་། བོད་ཀྱི་ལོ་རྒྱུས་དེབ་ཐེར《བཀའ་ཐང་སྡེ་ལྔ།》ལས། རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་རིང་ལ།། ཏ་ཟིག་འ་ཞ་བོན་པོ་གདན་དྲངས་ནས།། རྡོ་ནག་ཐོམ་དོ་ལྷུ་དང་སྡུམ་དུ་སྦྲེལ།། ཤི་ལྤགས་སྐྱ་མོའི་བླ་བཞི་འབྲིང་དུ་འདྲ།། གསོན་གྱི་ལྷ་མཆོད་གཤིན་གྱི་འདྲེ་འདུལ་བྱུང③།། ཞེས་དང་། 《རྒྱལ་རབས་ཟླ་རིགས་མ》ལས། དེའི་རྗེས་ལ་རྗེ་དྲི་གུམ་བཙན་པོའི་སྐུ་རིང་ལ། རྒྱ་དང་ཏ་ཟིག་གི་ས་མཚམས་ནས་མུ་སྟེགས་བྱེ་བྲག་པའི་ལྟ་བ་འཛིནད་པའི་འ་ཞའི་བོན་པོ་ཞིག་བྱུང་སྟེ་། ལམ་ལམ་ནི་འབར་། ཐོག་ཐོག་ནི་གསལ་བའི་རྫུ་འཕྲུལ་ཅན་དུ་གསོལ། ནི་གྱེར་སྙན་དང་རྔ་ཐབས། གྲུབ་པའི་འབྲས་བུ་ནི་གསོན་ལྷ་ནི་མཆོད། ཤིན་[གཤིན]དྲི་ནི་འདུལ་བའི་བོན་པོ་ནག་པོ་དར་བས་ཆོས་ལུགས་རབ་ཏུ་མྱི་བཟང་སྟེ④། ཞེས་བཀོད་པ་རྣམས་ལ་གསལ་པའི་མུ་སྟེགས་བོན་པོ་འ་ཞའམ་ཏ་ཟིག་འ་ཞ་བོན་པོ་ཟེར་བ་ནི་གསོན་གྱི་ལྷ་མཆོད་དང་གཤིན་གྱི་འདྲེ་འདུལ་བའི་ཆོ་ག་བྱེད་མཁན་སྟེ་སྐབས་དེར་བླ་རུ་བཀུར་བའི་ཡུལ་ཡིན་པས། དེ་ལྟའི་ཆོ་ག་བྱེད་མཁན་གྱི་བོན་པོར་མིང་བླ་ཐབས་སུ་བསྣན་པའི་ཚུལ་གྱིས་འ་ཞ་བོན་པོའམ་བོན་པོ་འ་ཞ་ཞེས་བརྗོད་པ་དང་བརྗོད་ཚུལ་དེས་བླ་མ་འཕགས་པའམ་བླ་མ་མཆོག་དང་ཕུལ་བྱུང་ཞེས་པའི་དོན་བསྟན། དེ་ལས་བརྟག་ན། འ་ཞ་དང་ཨརྱ་ཞེས་པ་ནི་ཡུལ་དུས་ཀྱི་སྒྲ་གདངས་འགྱུར་ལུགས་ཀྱི་ཁྱད་པར་ཙམ་ལས་མ་གཞིའི་གདངས་གཅིག་པའི་ཡི་གེ་ཡིན་པ་དང་། དོན་གྱི་ངོས་ནས་འཕགས་པའམ་མཆོག་ལ་འཇུག་པ་མཚུངས་པ་ཤེས་ཐུབ་པས། འ་ཞ་དང་ཨརྱ་གཉིས་ནི་སྒྲ་དོན་གཉིས་ཀ་ནས་མཚུངས་པའི་མིང་ཡིན་ནོ་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲས་ཆོག་གོ།

         (༢) འ་ཞ་དང་ཨརྱ་མི་རིགས་གཉིས་ཀྱི་ཐོག་མའི་སྡོད་ཡུལ་གཅིག་པ་དང་ཁོང་ཚོའི་རིགས་རྒྱུད་ཀྱང་གཅིག་ཡིན་པར་རིགས་འདེད་བྱས་ཆོག་པ།
         འ་ཞའི་སྔོན་གྱི་ཡུལ་མིང་དེ་རྒྱ་བོད་ཀྱི་ཡི་གེར་འགོད་ཚུལ་མཚུངས་པ་ནི《མཁས་པའི་དགའ་སྟོན》ལས། དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །གུ་ར་ཝ་ཏ་ཅེས་བྱའི་ཡུལ་ཁམས་ནས། །མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང④།། ཞེས་བཀོད་པ་ལས་འ་ཞ་བོན་པོ་ཞེས་པ་བྱུང་ཡུལ་གྱི་མིང་ལ་གུ་ར་ཝ་ཏ། ཟེར་ཚུལ་བཤད་པ་དང་། རྒྱའི་ཡི་གེར་ཨརྱ་མི་རིགས་ཀྱི་གནས་ཡུལ་ནི་ཨུ་རུ་སུའི་ལྷོ་རྒྱུད་ཀྱི་རི་ཁུལ་ཞིག་ཏུ་乌拉尔山脉ཞེས་འབོད་པའི་ཡུལ་ཡིན་པར་བཤད་པ་དག་ཕན་ཚུན་བསྡུར་ཚེ། གུ་ར་ཝ་ཏ་ནི་རྒྱའི་ཡི་གེར་乌拉尔ཞེས་བཀོད་པའི་ཡུལ་མིང་དེའི་འབྲི་ཚུལ་ཡིན་པ་དང་། དེ་ལས་ཞིབ་ཏུ་བརྗོད་ན་乌拉ཞེས་པ་ནི་བོད་ཀྱི་ཡི་གེར་གུ་ར་ཞེས་བཀོད་པའི་སྒྲ་གདངས་འགོད་ཚུལ་ཡིན་ལ། 尔ནི་ཡིག་རྙིང་ཁག་ཏུ་ཝ་དང་འྭ་གཅིག་ཏུ་བྱས་པའི་རྣམ་པ་ལས་乌拉尔ཞེས་པ་ནི་གོང་གསལ་བསྟན་བཅོས་སུ་གུ་ར་ཝ་ཏ་ཞེས་པ་དེ་ཡིན་པ་ཤེས་ཐུབ། དགེ་ཆོས་ཀྱིས་མཛད་པའི《དེབ་དཀར》དུ་འ་ཞ་མི་རིགས་ཀྱི་གནས་ཡུལ་བསྟན་པ་ལས། འ་ཞ་དེ་སོག་རིགས་དེང་སང་ཨུ་རུ་སིའི་ཁོངས་སུ་ཡོད⑤ཅེས་གོང་གསལ་ལྟར་འ་ཞའི་རིགས་རྣམས་འཚོ་ཡུལ་ནི་ཨུ་རུ་སུའི་ཁོངས་ཡིན་པར་བཤད་ཅིང་རིགས་ཀྱི་སྤྱི་མིང་ལ་སོག་རིགས་ཞེས་བརྗོད་པ་དེ་སྔོན་གྱི་དུས་སུ་སྟག་གཟིག་ལ་ཉེ་བའི་ཡུལ་དུ་སོག་དག་ཅེས་པའི་མི་རིགས་ཤིག་ཡོད་པ་དེ་དང་རྗེས་སུ་ཨུ་རུ་སུ་ལ་འདབས་འབྲེལ་དུ་གནས་པའི་སོག་པོའམ་ཧོར་རིགས་སུ་གྲགས་པ་དེ་དག་ལ་འཁྲུལ་བར་མི་བྱ་སྟེ་དེའི་བསྟན་ཡུལ་ཡང་སྐབས་དེར་བྱང་ཕྱོགས་སུ་འཚོ་བའི་མི་རིགས་སུ་ངོས་འཛིན་པའི་ཨརྱ་འམ་འ་ཞའི་རིགས་དེའི་མིང་བརྗོད་ཚུལ་ཙམ་ཡིན། དེ་ལྟར་ཕྱིས་སུ་མི་རིགས་གཉིས་སུ་ངོས་འཛིན་པའི་ཨརྱ་དང་འ་ཞ་གཉིས་ཀྱི་ཐོག་མའི་སྡོད་ཡུལ་གཅིག་པ་དང་། སྡོད་ཡུལ་གཅིག་ཡིན་ན་མི་རིགས་གཅིག་ཡིན་པའི་ཁྱབ་པ་འགོད་ཐབས་མེད་ཀྱང་། ཁོ་ཚོའི་དང་ཐོག་གི་མིང་འབོད་ཀྱི་སྒྲ་གདངས་གཅིག་ལ་ངེས་པ་དེས་འ་ཞ་དང་ཨརྱ་མི་རིགས་གཉིས་ནི་ཐོག་མའི་དུས་སུ་མི་རིགས་སོ་སོ་བ་མིན་པ་ཤེས་ཐུབ་ལ། དེ་ལས་ཁོ་ཚོ་ནི་ཐོག་མའི་རུས་རྒྱུད་གཅིག་ནས་མཆེད་པའི་མི་རིགས་གཉིས་སུ་ངོས་འཛིན་བྱས་ན་འོས་པའི་གནས་ལུགས་ཤིག་ཤེས་ཐུབ་བོ།

དབུས་ལམ་ཆུ་མིག་ལུང་པའི་བོད་བཙན་པའི་དུས་ཀྱི་བང་སོའི་ལྡེབས་རིས།
         ཨརྱའི་བཀླག་ཚུལ་གཞན་ཏེ་རྗེ་ས་པཎ་གྱི་《སྒྲ་ཉེར་བར་བསྡུས་པ་བཞུགས》⑥པ་ལས། འཕགས་པ་(ཨརྱ)ཨརྒྱར་བཀླགས་པས་འཁྲུལ།། ཞེས་པ་ལྟར་ཨརྱའི་སྒྲ་བཀླག་སྟངས་གཞན་དུ་ཨ་རྒྱ་ཞེས་བཀླག་པ་དང་བཀླག་སྟངས་དེ་ཨ་མདོའི་ཡུལ་དུ་དར་ཁྱབ་བྱུང་སྟེ་དེང་སང་རོང་འབྲོག་གི་ཡུལ་སྡེ་ཁག་གཅིག་ཏུ་ཕ་ལ་ཨ་རྒྱ་དང་ཕུ་བོར་ཨ་རྒྱ་ཞེས་པའི་འབོད་ལུགས་གཉིས་དར་ཡོད།
གཉིས་པ། རྒྱ་གར་དང་བོད་ཀྱི་ཡུལ་དུ་འ་ཞའམ་ཨརྱ་མི་རིགས་བྱུང་ཚུལ།
         1. རྒྱ་གར་འཕགས་པའི་ཡུལ་དུ་འ་ཞའམ་ཨརྱ་མི་རིགས་བྱུང་ཚུལ། འ་ཞའམ་ཨརྱ་མི་རིགས་དེ་རྒྱ་གར་འཕགས་པའི་ཡུལ་དུ་བྱུང་བར་ལོ་རྒྱུས་རིང་མོ་ཞིག་བརྒྱུད་མྱོང་། ཁོ་ཚོ་རིམ་གྱིས་གནས་འཕོས་ཏེ་ཐོག་མར་སྟག་གཟིག་ལ་ཉེ་བའི་ཡུལ་དུ་སླེབས་ཤིང་། རིམ་གྱིས་ཤར་ཕྱོགས་སུ་གནས་སྤོས་ཏེ་སྤྱི་ལོ་སྔོན1200དུས་སུ་ཨུ་རྒྱན་གྱི་ཡུལ་བརྒལ་ཏེ་རྒྱ་གར་གྱི་ཆུ་བོ་སིནྡྷུའི་འགྲམ་དུ་སླེབས། ས་དེར་འཚོ་བའི་ཡུལ་མི་རྣམས་ཀྱིས་འགོག་རྒོལ་ཤུགས་དྲག་བྱས་ཀྱང་། དུས་ཡུན་རིང་བོའི་ནང་ཡུལ་མི་དེ་དག་ལ་འཐབ་རྩོད་བསླང་བ་རྒྱུན་འཁྱོང་བྱས། སྤྱི་ལོ་རྗེས་ཀྱི་དུས་རབས་6པར་སླེབས་དུས་སུ་ཨརྱ་མི་རིགས་རྒྱལ་ཏེ་ཡུལ་ཁམས་དེ་དག་གི་བདག་པོར་གྱུར། དེའི་ཐད་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱི《དེབ་ཐེར་ལྗང་གུ》ལས། ཀཽ་ཀ་སུ་སའི(Caucasus)བྱང་ཕྱོགས་སུ་གནས་གཞི་ཆགས་པའི་རྒྱ་གར་གྱི་འཕགས་པའི་མི་རིགས(Indo-Aryan)རྣམས་ཀྱི་ཕྱི་ལོའི་གོང་1500ཧིན་དུ་ཀུ་ཤ(Caucasus)རི་རྒྱུད་བརྒལ་ནས་བཙན་འཛུལ་བྱས། སྣ་གུག་ཆུང་ལ་ཤ་མདོག་ནག་པོའི་གདོད་མའི་མི་རིགས་རྣམས་བཙན་གནོན་དང་འབྲེལ་ད་ལྟའི་པཉྗབ(Pañjãb)ཏུ་གནས་གཞི་ཆགས། དེ་ནས་རིམ་པས་རྒྱ་བསྐྱེད་བྱས་ཏེ་ནང་ཆོས་དར་སྐབས་ཆུ་མོ་གངྒཱའི་བར་དཀྱིལ་བར་མངའ་འོག་ཏུ་བསྡུས་ཡོད⑦། ཅེས་བཀོད་པ་ལྟར། ལོ་རྒྱུས་པ་རྣམས་ཀྱི་བཞེད་ཚུལ་རྒྱའི་ཡི་གེར་འཁོད་པ་ལས⑧། འཕགས་པའི་རིགས་རྣམས་ཧ་ལམ་སྤྱི་ལོ་སྔོན་1500ཙམ་སྟེ་རང་རྒྱལ་གྱི་ཧྲེང(商)རྒྱལ་རབས་ཀྱི་དུས་སུ་རིམ་གྱིས་རྒྱ་གར་ཡུལ་གྱི་པན་རྗིད་པུ (旁遮普)ས་ཁུལ་དུ་གཞིས་ཆགས་པར་བཤད། དགེ་ཆོས་ཀྱིས། དེ་ནི་པ་སིག་དང་གྷི་རིགས་གམ་ཡ་བ་ནའི་རིགས་དག་ཡུལ་འདིའི་ནུབ་ཕྱོགས་ཀྱི་མཐའ་སིནྡྷུའི་ཆུ་འགྲམ་དུ་ཐོགས་མར་ཆགས་ཤིང་། དེ་ལ་པ་སིག་པ་དག་གི་སྐད་དུ་སིནྡྷུ་ལ་ཧིན་དུ་དང་སཔྟ་སིནྡྷུ་ལ་ཧཔྟ་ཧིན་དུ་ཞེས་བྱ་བར་འབོད་པར་དོན་ལ་སིནྡྷུ་ཟུར་ཆགས་ཤིང⑨། ཞེས་བཀོད་པ་ལས། པ་སིག་ནི་པར་སིག་གམ་སྟག་གཟིག་གི་མིང་འབོད་ཚུལ་ཡིན་པས་འདིར་བསྟན་གྱི་ཨརྱ་མི་རིགས་སུ་གོ་བར་འགལ་བ་མེད་པའི་བརྗོད་ཚུལ་ཡིན་ལ། གྷི་རིགས་སམ་ཡ་བ་ན་ནི་མི་རིགས་གཞན་ཞིག་ལ་གོ་བའི་ཚིག་ཏུ་གྱུར། བོད་ཀྱི་ཡི་གེར་ཨན་སེ་ཞེས་དང་རྒྱའི་གནའ་རབས་ཡི་གེར安息人ཟེར་བ་དེ་ཡང་མི་རིགས་འདིའི་མིང་འབོད་གཞན་ཞིག་ཡིན་པར་འདོད་དེ། ད་ལྟ་མིང་དེ་བྱུང་ལུགས་འགྲེལ་བ་ལས། ཁོང་ཚོའི་རྒྱལ་པོ་ཐོག་མའི་མཚན་ལ་ཨ་ཤ་ཞ་སེ(安息人的名称源自他们的第一位国王阿萨息斯)ཟེར་བ་ལས་ཐོགས་པར་བཤད་པ་དེའི་དོན་ཅི་ཡིན་དཔྱོད་དཀའ་མོད། རྒྱའི་ཡི་གེར་ཡང་མི་རིགས་འདིའི་མིང་ལ安息ཟེར་ཚུལ་བཤད་པར་བདེན་པའི་ཆ་ཅུང་ཙམ་ཡོད་པ་ནི་ལེགས་སྦྱར་གྱི་ཨརྱའི་སྒྲ་འགྱུར་བའི་འ་ཞའི་མིང་འབོད་ལ་མཐུན་པའི་མིང་ཡིན་པ་དེས་ཤེས་ཐུབ། 安息ཞེས་པའི་མིང་འདི་བོད་ལ་འགྱུར་དུས་འབྲི་ཚུལ་དུ་མ་བྱུང་བ་ནི《ལིའི་ཡུལ་ལུང་བསྟན་པ》ལས། ལི་ཡུལ་དང༌། ཤུ་ལིག་དང་། ཨན་སེ་འདི་གསུམ་ན་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ཀྱི་གཟུགས་བརྙན་དང༌། མཆོད་རྟེན་བཞུགས་པ་རྣམས་དུས་ཇི་ཙམ་ཞིག་ན་ནུབ། སུས་ནི་བཤིག མཐར་ཇི་ལྟར་འཆི་བ་བཤད་ཅིང་ལུང་བསྟན་པར་གསོལ་བ་ལས། ཞེས་དང་། ཡུལ་འདི་གསུམ་ལ་ཡང་ཨན་སེ་དང་། ཤུ་ལིག་ནི་ཆོས་མི་བྱེད་བའི་དགྲ་མང་པོས་དཀྲུགས་ཏེ⑩། ཞེས་པའི་འབྲི་ཚུལ་བྱུང་ཞིང་མིང་དེ་རྒྱའི་སྐད་དུ安息ཟེར་བ་ནི་གོང་གསལ་གྱི་ཚིག་བརྗོད་དེ་རྒྱའི་ཤོག་དྲིལNo.2090པར།释迦牟尼如来像法灭尽之记ཞེས་པའི་ནང་། 于阗疏勒及与安息。ཞེས་བཀོད་པ་དང་། 《དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ》ནང་། མཁན་པོ་ན་རེ་ཨན་སེ་དང༌། ཤུ་ལིག་དང༌། བྲུ་ཤ་དང༌། ཁ་ཆེ་ཞེས་བྱ་བའི་ཡུལ་ན་འདི་འདྲ་བར་མཁས་པའི་དགེ་འདུན་མང་དུ་ཡོད་དོ་ཞེས་སྨྲས་པ་དང⑪། ཞེས་བཀོད་པ་དེ་བཞིན་རྒྱའི་ཤོག་དྲིལNo.2090ནང་དུ། 安息.疏勒.勃律.加悉蜜国。有如是众多僧众。ཞེས་བཀོད་པ་རྣམས་ལས་ཨན་སེ་ནི་安息ཞེས་པའི་སྒྲ་འགོད་ཚུལ་ཡིན་པ་ཤེས་ཤིང་། དེར་འབྲི་ཚུལ་གཞན་ཡོད་པ་ནི《དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ་》ལས། དེ་བཞིན་དུ་དགེ་སློང་ཨན་རྩེ ⑫་པ་དང་གུས་ཏིག་པ་དང༌། པར་ཝན་པ་དང༌། ཤུ་ལིག་པ་རྣམས་ཀྱང་སྡུག་བསྔལ་ཆེན་པོས་ནོན་ནས་བྲུ་ཤའི་ཡུལ་དུ་འགྲོ་བར་འགྱུར་རོ⑬། ཞེས་ཨན་སེ་ལ་ཨན་རྩེ་ཞེས་པའི་འབྲི་ཚུལ་ཡང་བྱུང་མྱོང་བ་དེ་དག་ནི་རྗེས་ཀྱི་བསྟན་བཅོས་སུ་བྱུང་བའི་མི་རིགས་འདིའི་མིང་བོད་ཡིག་ཏུ་འབྲི་ཚུལ་ཡིན།
         ཏུན་ཧོང་ནས་ཐོན་པའིP.T.1263ཤོག་དྲིལ་རྒྱ་བོད་ཤན་སྦྱར་གྱི་ཐིག་ཕྲེང་7པའི་ནང་། འ་ཞ་དང་退浑ཤན་སྦྱར་གྱི་ཚུལ་དུ་བཀོད་པ་དེ་བཙན་པོའི་དུས་སྐབས་ཀྱི་མིང་འབོད་ཚུལ་ཞིག་ཡིན་པར་ངོས་འཛིན་དགོས་ཤིང་། ད་ལྟའི་རྒྱའི་མཁས་པ་རྣམས་ཀྱིས་退浑 དང་吐谷浑གཉིས་བསྟན་དོན་གཅིག་པར་ཁས་ལེན་བྱེད་ཀྱང་། མིང་འདོགས་དེ་ནི་འ་ཞ་མི་རིགས་ཀྱི་གྲས་སུ་ཤར་ཕྱོགས་ནས་མཆེད་པའི་ཚོ་ཁག་གི་རྗེ་བོའི་མིང་དེ་མི་རིགས་དེའི་མིང་དུ་བྱས་པའི་བརྗོད་ཚུལ་ཞིག་ཡིན་སྙམ་སྟེ་《རྒྱ་བོད་ཡིག་ཚང་ཆེན་མོ》ནང་དུ་སྲོང་བཙན་གྱིས་འ་ཞ་བཏུལ་བའི་གནས་ཚུལ་འགོད་དུས་འ་ཞའི་མིང་ལ་ཐུ་ལུ་ཧུང་ཞེས་དང་། ཐུ་ལུ་ཧུང(吐谷浑)ནི། ཧོར་སེར་ཡིན⑭། ཞེས་བཀོད་པ་དེས་ཐུ་ལུ་ཧུང་དང་འ་ཞ་གཉིས་ནི་འབྲེལ་བ་མེད་པའི་མི་རིགས་གཉིས་ཀྱི་མིང་དུ་གྱུར་ཞིང་། དེ་རྒྱུ་མཚན་དུ་བཀོད་ནས་བཤད་ན། ཨརྱའི་མིང་ནས་མཆེད་པའི་འ་ཞ་མི་རིགས་དེར་བཙན་པོའི་ཡར་སྔོན་གྱི་དུས་སྐབས་རིང་མོ་ཞིག་ཏུ་མི་རིགས་དེའི་མིང་དུ་འ་ཞ་ཞེས་དང་། རྒྱའི་ཡི་གེར་安息ཞེས་འབྲི་བ་ནས་རིམ་གྱིས་མི་རིགས་དེར་དབང་བསྒྱུར་བའི་རུ་ཤོག་ཧོར་སེར་ཐུ་ལུ་ཧུང་ཞེས་པ་བྱུང་བ་ནས་ཨ་ཞའི་མིང་དེ་ཡང་རྒྱའི་ཡི་གེར་བཀོད་པའི་ཐུ་ལུ་ཧུང་ཞེས་པར་གྱུར། དེ་ལྟའི་འགྱུར་ལུགས་ཀྱི་ཁྱད་པར་མ་ཤེས་ན། །ཁྱི་རྒན་ཀུ་ཅོ་འདོད་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །ཞེས་པའི་དཔེ་བཞིན་སྔོན་གྱི་མིང་འདོགས་ཀྱི་རྣམ་པ་བདེན་པ་སྤངས་ནས་མིང་འདོགས་གློ་བུར་བ་དེ་ཉིད་བདེན་པར་སེམས་པའི་གནས་ཚུལ་འབྱུང་སྲིད།

ཏུན་ཧོང་ལྡེབས་རིས་སུ་བཀོད་པའི་བོད་ཀྱི་བཙན་པོ།
         2. བོད་ཡུལ་དུ་འ་ཞའམ་ཨརྱ་མི་རིགས་ཇི་ལྟར་བྱུང་ཚུལ་གྱི་རིགས་འདེད།
         འ་ཞའམ་ཨརྱའི་རིགས་ནི་བོད་ལ་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་ཀྱི་ཁུངས་དངོས་སུ་བསྟན་དུ་མེད་ཀྱང་། རྒྱ་གར་གྱི་རིགས་རྒྱུད་བོད་ལ་བྱུང་བ་ནི། 《ལྷ་ལས་ཕུལ་བྱུང》གི་འགྲེལ་བ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས། རུ་པ་ཏི་བྱ་བའི་རྒྱལ་པོ། དཔུང་གི་ཚོགས་ཤིག་དང་བཅས་པས་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ནས་བྲོས་ཏེ། རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ། གནས་པའི་རིགས་དེ་ལ་བོད་ཅེས་གྲགས་པ་ཡིན་ནོ⑮། ཞེས་དང་། 《ལྷ་ལས་ཕུལ་བྱུང》གི་འགྲེལ་བ་སློབ་དཔོན་བདེ་སྤྱོད་བཟང་པོས་མཛད་པ་ལས། དམག་བརྒྱ་བའི་བུ་ཆུང་ཤོས་རུ་པ་ཏི་བྱ་བའི་བུ་རྒྱལ་པོ་འཁོར་དང་བཅས་པས། སྲིད་སྒྲུབ་ཀྱི་དམག་གིས་འཇིགས་ཏེ། བུད་མེད་ཀྱི་ཆས་སུ་ཞུགས་ཏེ། རང་གི་ཇོ་བོ་བསད་པའི་འཁོར་མི་བྱའོ། ཞེས་བརྗོད་ནས་རི་གངས་ཅན་གྱི་ཁྲོད་དུ་བྲོས་ནས་འདུག་པས། དེ་རིགས་འཕེལ་བ་དང་། བོད་ཡུལ་ཁ་བ་ཅན་གྱི་མི་ཞེས་བྱ་བར་གྲགས་པ་ཡིན་ནོ⑯། ཞེས་བོད་མིའི་འབྱུང་ཁུངས་ཀྱི་ཐད་དུ་བཤད་ཚུལ་གཉིས་བྱུང་ཞིང་། བཤད་ཚུལ་རྗེས་མ་དེ་བོད་ཀྱི་རྗེ་བོ་ཐོག་མའི་བྱུང་ཁུངས་སུའང་སྤྱད་པ་ནི་《མཁས་པའི་དགའ་སྟོན》དུ། ཐ་ཆུང་རུ་པ་ཏི་མཚན་དང་ལྡན་པ་དེ་བཙོན་དུ་ཁྲིད་ནས་འོངས། སྐྱ་སངས་གིས་གསོད་པར་འཕངས་ནས་ཟངས་ནང་དུ་ཟས་དང་སྐོམ་དང་གོས་དང་བཅས་ཏེ་ཆུར་བསྐྱུར་བ་ཞིང་བས་རྙེད་ནས་གསོས། ཕྱིས་བོད་ཡུལ་དུ་བྱོན་ནས་བོད་རྗེ་མཛད་ཟེར⑰། ཞེས་བཀོད་ཡོད། ཡང་དེབ་དེར། ཤཱཀྱ་ལི་ཙཱ་ཝི་ལས་འཕེལ་བ་ནི།། མཚན་དཔེ་རྫོགས་པ་སྐྱེས་བུ་ཆེན་པོ་ཅིག། ལྷ་ཡིས་སྤྱན་དྲངས་བོད་རྗེ་ཐོག་མ་མཛད།། འོད་གསལ་ལྷ་ལས་བབ་དང་ཤཱཀྱ་ཡི།། རྒྱལ་རྒྱུད་ཡིན་པའང་འགལ་བ་མ་ཡིན་ཏེ།། ཟས་གཙང་སྲས་དང་དགའ་ལྡན་ལྷ་གནས་ནས།། བབས་པ་འགལ་བ་མེད་པ་ཇི་བཞིན་ནོ⑱།། ཞེས་རྒྱ་གར་གྱི་རིགས་རྒྱུད་གཞན་ཞིག་སྟེ་འཇམ་དཔལ་རྩ་རྒྱུད་ལ་བྱུང་བའི་ཤཱཀྱ་ལི་ཙཱ་ཝིའི་རིགས་ལས་བོད་རྒྱལ་གཉའ་ཁྲི་བྱོན་པར་ཁས་བླངས་པ་སོགས་བོད་མིའི་བྱུང་ཁུངས་དང་བོད་རྗེ་བྱུང་ཁུངས་རྒྱ་གར་ལ་གཏུག་པའི་བཤད་ཚུལ་དེ་དག་བྱུང་ཡོད་ལ། ཉང་ཉི་མ་འོད་ཟེར་ལགས་ཀྱིས། དེ་ནས་མངའ་རིས་སྟོད་ཀྱི་མི་རྣམས་དེ་ལས་འཕེལ་ཟེར་བ་ཡོད་དོ⑲། ཞེས་དང་། དཔའ་བོ་གཙུག་ལག་ཕྲེང་བས། དེ་དག་ནི་བོད་དང་ཉེ་བའི་མོན་ཡུལ་ཁ་ཅིག་ལ་བོད་ཀྱི་སྒྲར་བྱས་པ་དུ་མ་སྣང་བའི་དེ་ལྟ་བུ་ཞིག་ཏུ་ཟད་དོ⑳། ཞེས་བོད་རིགས་ཀྱི་བྱུང་ཁུངས་རྒྱ་གར་ལ་གཏུག་པར་སྔོན་དང་ད་ལྟའི་མཁས་པ་རྣམས་ཀྱིས་དགག་པ་མཛད་ཡོད་ན་ཡང་། རྒྱ་གར་གྱི་རིགས་རྒྱུད་གང་རུང་ཡུལ་གྱར་ཏེ་བོད་ཀྱི་རིགས་རྒྱུད་ཁྲོད་བྱུང་བར་ཁས་ལེན་བྱས་པ་ནི་སྟོད་མངའ་རིས་དང་བོད་དང་ཉེ་བའི་མོན་ཡུལ་ཙམ་ལ་ཁ་འཕང་བའི་ཚུལ་གྱིས་ཁས་ལེན་བྱས་པ་གོང་གསལ་གྱི་བསྟན་བཅོས་རྣམས་སུ་གསལ་བ་ལྟར་ལ། དེ་ལས་ཀྱང་རྒྱས་པར་ནི《བོད་བཙན་པོའི་རྒྱལ་རབས》ནང་། དེང་དུས་ཀྱི་མི་ནི། མི་ལོ་ཆིག་འབུམ་ལྔ་ཁྲི(C.150,000BC)ཡས་མས་ཀྱི་སྔ་རོལ་ཏུ། ཤར་ཨ་ཧྤི་རི་ཁའི་ཤར་ཁུལ་རྒྱལ་ཁབ་ཀྱི་ཀླུང་རོང་ལུང་ཐང་ཆེན་པོ་(Great Rift valley) ཟེར་བའི་ས་ཁུལ་ནས་བྱུང་ཞིང་། དེར་རྒྱས་འགྱུར་དུ་སོང་བའི་དེང་དུས་ཀྱི་མི་དེ་ཚོས། ས་གནས་དེར་ལོ་ངོ་འབུམ་ཕྲག་གཅིག་ཙམ་རིང་འཚོ་སྡོད་བྱས་རྗེས། ཕྱི་ཕྱོགས་སུ་གནས་སྤོས་བྱེད་འགོ་ཚུགས་ཤིང་། ཞེས་དང་། དེ་ལས་རུ་ལག་གཅིག་རྒྱ་གར་ལྷོ་ཕྱོགས་སུ་ཟུར་དུ་གྱེས། གཞིས་ཆགས་པའི་ལོ་ཚད་ནི། སྤྱི་ལོའི་གོང་ལོ(C.60,000BC)ཙམ་ཡིན་སྐོར་གསལ། ཞེས་དང་། དེ་ནས་རུ་ཤོག་ཨ་མ་དེ་མུ་མཐུད་དེ་ཨི་རན་དང་། ཨ་ཧྥ་གྷ་ནི་སི་ཐན་གཞུང་གཤག་གིས། བོད་ཀྱི་ནུབ་ཕྱོགས་སྟོད་མངའ་རིས་ཁུལ་དུ་འབྱོར། དེ་ནས་རིམ་བཞིན་ཡར་ཀླུང་གཙང་པོའི་ཀླུང་རོང་ཁུལ་བརྒྱུད་དེ། བོད་ཀྱི་ཤར་ལྷོའི་ཕྱོགས་སུ་བསྐྱོད་ཐོག །རྒྱལ་མོ་དངུལ་ཆུ་དང་། རྫ་ཆུ། འབྲི་ཆུ་བཅས་ཀྱི་འཇུག་ངོགས། འཇང་ས་ཐམ་ཁུལ་གྱི་འབྲི་ཆུའི་བྱང་ཕྱོགས་ཀྱི་འཁྱོག་མཚམས་ནས། རུ་ལག་འབར་མའི་ཕྱོགས་སུ་བསྐྱོད་དེ㉑། ཞེས་ད་ལྟའི་མིའི་རིགས་ཀྱི་ལོ་རྒྱུས་རྟོག་དཔྱོད་པ་རྣམས་ཀྱི་དཔྱད་འབྲས་དེ་དག་ནི་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱི་བཞེད་པའི་རྒྱབ་རྟེན་དུ་འགྲོ་བའི་བཤད་ཚུལ་དུ་གྱུར་བ་འདིས་ཨརྱའི་རིགས་གང་འཚམ་བོད་ལ་བྱུང་བའི་བདེན་དཔང་དུ་གྱུར་ལ། དུས་ནམ་ཞིག་ལ་བོད་དུ་བྱོན་པའི་སྐོར་ལ《བོད་བཙན་པོའི་རྒྱལ་རབས》ནང་། རྒྱ་ནག་དང་བོད་ཁུལ་དུ་དེང་དུས་ཀྱི་མི་དེ་ཚོ་འབྱོར་བའི་ལོ་ཚད། སྤྱི་ལོ་གོང་ལོ་ངོ་དྲུག་ཁྲི་(C.65,000BC)ལྷག་ཡས་མས་སྐོར་ཡིན་པ་ཚོད་དཔག་བྱེད་ཐུབ། ཅེས་བཀོད་པ་ལྟར་ན། འ་ཞའམ་ཨརྱའི་རིགས་དེ་དག་བོད་ལ་བྱུང་དུས་ནི་ཡར་སྔོན་མི་ལོ་དྲུག་ཁྲི་ལྔ་སྟོང་གི་དུས་སུ་རིགས་འདེད་བྱས་ཆོག

         འ་ཞ་ནི་འཕགས་པའི་མི་རིགས་ཀྱི་སྐད་དོད་ཨརྱའི་སྒྲ་འགྱུར་བའི་འབོད་ཚུལ་ཞིག་ཡིན་པའི་ངོས་ནས་བརྟག་ན། འ་ཞའི་རིགས་ནི་བོད་ཁུལ་དུ་བྱུང་དུས་ནི་འཕགས་པའི་མི་རིགས་གང་འཚམས་བྱུང་དུས་སམ་དེ་ལས་ཀྱང་ཆེས་སྔ་དུས་ཤིག་ལ་ཚོད་དཔག་བྱེད་ཆོག དུས་སྐབས་དེ་ཙམ་གྱི་དུས་སུ་བོད་ཀྱི་རུས་ཆེན་ལྡོང་རིགས་ཀྱིས་མདོ་སྨད་དང་བཅས་པའི་ཡུལ་ཁམས་མང་པོ་བཟུང་ཡོད་པ་དང་། དེ་འདྲའི་གནས་ཡུལ་ནས་འ་ཞའི་རིགས་འདི་བྱུང་བའམ་འཕེལ་བས།《རུས་མཛོད་མེ་ཏོག་སྐྱེད་ཚལ》དུ། མི་ནི་སེང་རྒ་འ་ཞ། ཞེས་དང་། ལྡོང་ལ་རུས་ཆེན་བཅོ་བརྒྱད་གྲོལ། སེང་རྒྱལ་འ་ཞ་བུ་དགུ་གྲོལ㉒། ཅེས་འ་ཞ་ནི་བོད་ཀྱི་རུས་རྒྱུད་ལྡོང་རིགས་ཀྱི་ནང་གསེས་སུ་གཏོགས་པའི་ཚིག་དེ་བྱུང་བ་ཡིན་སྙམ།
གསུམ་པ། འ་ཞ་ནི་རང་སྐད་ཡོད་པའི་མི་རིགས་སུ་ངོས་བཟུང་ཆོག་པ་དང་ཁོ་ཚོ་བོད་ཁོངས་སུ་གྱུར་ཚུལ།
         1.འ་ཞ་ནི་རང་སྐད་ཡོད་པའི་མི་རིགས་སུ་ངོས་བཟུང་ཆོག་པ།ཏུན་ཧོང་ནས་ཐོན་པའི་ P.T.1283ཤོག་དྲིལ་གྱི་ཐིག་ཕྲེང་281 ངོས་སུ།  འདིའི་བྱང་ཕྱོགས་ལྟར།  གེ་ཏང་ཞེས་བགྱི་བ་མཆིསྟེ།  རྒྱལ་པོ་གེ་ཏན་ ㉓ གྱི་ཁ་གན་ཟས་དང་ཆོས་གྱང་། འ་ཞ་དང་འདྲ་སྟེ།  ཕྱུགསུ་ཡྔ། བེའུ་ལུག་དང་རྟ་ཕལ་ཆེ།  སྐད་གྱང་འ་ཞ་དང་ཕལ་ཆེར་འཐུན།  དེ་ནས་བྱང་ཕྱོགས་ན།  མཚོ་མཐའ་མྱེད་པའྀ་འགྲན་ན། མྱི་ཁྱིམ་དང་གཟུགས་འ་ཞ་དང་འདྲ། ཞེས་བཀོད་པ་དེ་ལས་བྱང་ཕྱོགས་ནི་གྲུ་གུ་གནས་ཡུལ་ད་ལྟའི་ཤིན་ཅང་གི་ནུབ་བྱང་ཕྱོགས་སུ་བསྟན་པ་དང་། གེ་ཏང་ཞེས་པ་ནི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ནུབ་མཐའི་ཡེས་ལི་ཁུལ་གྱི་ཁོངས་སུ་ཡོད་པའི་རི་བོ་ཞིག་སྟེ། ཆིན་རྒྱལ་རབས་ཀྱི་གནམ་སྐྱོང་ཁྲི་ལོ་ཉི་ཤུ་པའི་ཤིང་ཕག་དབྱར་ཟླ་འབྲིང་པོར། གེ་ཏེང་རི་ལ་ཁ་བྱང་དུ་སྦྱར་བའི་འོད་ལྡན་རྡོ་རིངས་ཀྱི་ཡི་གེ(平定准噶尔勒铭碑)ངོས་སུ་གེ་ཏེང་ཞེས་བཀོད་པར། གནའ་དེང་གི་འབྲི་ཚུལ་ལ་ཤོར་བའི་ཁྱད་པར་ཅུང་ཙམ་ཡོད་ཀྱང་སྒྲ་དོན་ཉིས་ཆ་ནས་ཡུལ་གཅིག་ལ་ངོས་འཛིན་བྱེད་པའི་ས་མིང་དེ་བྱུང་། རྒྱའི་མཁས་པ་ཁ་ཅིག་གིས་གེ་ཏང་རི་བྱ་བའི་མིང་དེ་ཡོན་རྒྱལ་རབས་ཀྱི་དུས་ནས་བྱུང་བས་གོང་གསལ་གྱི་ངོས་འཛིན་མི་འགྲིག་པའི་ཚུལ་ལྐོག་ནས་ལབ་ཀྱིན་ཡོད་ཀྱང་། ས་མིང་དང་རི་མིང་ཁག་ཅིག་སྐད་དང་ཡི་གེ་ཡོད་པ་ནས་ཡོད་ཅིང་ཡོན་རྒྱལ་རབས་ཀྱི་སྔོན་དུ་མིང་དེ་མེད་པའི་ཁུངས་ཤིག་ཁོང་ཚོས་སྟོན་ཐུབ་མེད། ཡུལ་དེའི་ཁ་གན་གེ་ཏན་ཞེས་པ་དེ་ཆི་ཏན་ཞེས་པའི་མི་རིགས་དེའི་མིང་དུ་འགྲེལ་མཁན་ཡོད་ཀྱང་ཤོག་དྲིལ་ནང་བསྟན་ཡུལ་ནི་ཡུལ་དེ་ཙམ་ལ་བྱེད་པ་ཡིན་ལ། ཡུལ་དེར་འཚོ་བའི་མི་རིགས་དེའི་ཟས་དང་ཆོས་ནི་འ་ཞ་དང་འདྲ་བ་དང་། སྨྲ་བརྗོད་ཀྱི་སྐད་ཀྱང་འ་ཞ་དང་ཕལ་ཆེར་མཐུན་པའི་ཚུལ་གླེང་ཡོད་པས། སྲོང་བཙན་ཡར་སྔོན་གྱི་འ་ཞའི་རིགས་དེའི་སྐད་ཆ་ཇི་འདྲ་བ་ཞིག་ཡིན་པ་དཔྱོད་པའི་གནས་སུ་གྱུར་བར་མ་ཟད། འ་ཞའི་རིགས་ལ་ཟས་གོས་དང་རང་སྐད་ཐུན་མོང་མ་ཡིན་པ་ཞིག་ཡོད་པའང་ཤེས་ཐུབ་བོ། འཕགས་པའི་མི་རིགས་ཀྱི་བྱུང་ཁུངས་ཐོག་མ་ནི་ནུབ་ཕྱོགས་སྟག་གཟིག་གི་ཡུལ་དེ་ཙམ་ཞིག་ནས་རྒྱ་གར་ནུབ་བྱང་ཕྱོགས་སུ་སླེབས་པ་དང་། བྱང་ཕྱོགས་ཀྱི་ཁ་གན་དེའི་འཚོ་སྟངས་དང་སྐད་རིགས་ཀྱི་དཔེ་འཇོག་ས་དེ་འ་ཞའི་རིགས་རྒྱུད་ལ་གཏུགས་ཡོད་པ་དེར་རྒྱུ་མཚན་ཆེན་པོ་ཡོད་པ་ཞིག་རེད། དེ་ལྟར་དཔྱད་ན། འ་ཞའི་རིགས་དེ་ཤར་ཕྱོགས་རྒྱ་ནག་ནས་མཆེད་པར་བཤད་པ་རྣམས་ལ་རྒྱུ་མཚན་མེད་པ་ཤེས་ཐུབ་པས། འཕགས་པའི་རིགས་རྒྱུད་ཅིག་ལྡོང་གི་རིགས་ཀྱི་ཡུལ་ནས་ཆེར་རྒྱས་པའི་མི་རིགས་ཤིག་ཏུ་ངོས་འཛིན་བྱས་ཆོག་སྙམ།
         2. འ་ཞ་མི་རིགས་དེ་བོད་ཁོངས་སུ་གྱུར་དུས།བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་རིགས་རྒྱུད་འདི་བོད་ཀྱི་མངའ་ཁོངས་སུ་གྱུར་ཚུལ་རྒྱ་བོད་ལོ་རྒྱུས་སྨྲ་བ་ཀུན་ཞལ་མཚུངས་ཀྱང་། དུས་ནམ་ཞིག་གི་ཚེ་བོད་ཀྱི་མངའ་ཁོངས་སུ་གྱུར་བའི་ཐད་ལོ་རྒྱུས་ཡི་གེ་མི་འདྲ་བ་གཉིས་བྱུང་ཡོད་དེ། རྒྱའི་ལོ་རྒྱུས་སྨྲ་བ་སིའི་མཱ་ཀོང་གིས་མཛད་པའི《ཙི་ཀྲི་ཐོང་ཅེན》(1084ལོར་བརྩམས)ནང་། སྤྱི་ལོ་663ལོའི་ཟླ་5བར་འ་ཞའི་བློན་པོ་སོ་ཧི་ཀོས་ཉེས་པར་འཇིགས་ཏེ་བོད་ལ་བྲོས། འ་ཞའི་གནས་ཚུལ་སྦྲན་པས། བོད་ཀྱིས་འ་ཞར་དམག་དྲངས་ཏེ་ཕམ་པར་བྱས།   འ་ཞས་རྗེ་པོ་དང་ཧོང་ཧྭ་ཀོང་ཇོས་ཕ་ཡུལ་བསྐྱུར་ནས་ཁྱིམ་སྟོང་ཕྲག་ལྷག་ཁྲིད་དེ་ལང་གྲུ་ཕྱོགས་སུ་བྲོས། ནང་ལོགས་སུ་གཞི་སྡོད་བྱས། ཞེས་པ་ལྟར་ད་ལྟའི་རྒྱའི་མཁས་པ་རྣམས་ཀྱིས་ལོ་ཚིགས་དེ་གཞིར་བྱས་ཏེ་འ་ཞའི་རིགས་བོད་ཁོངས་སུ་འགྱུར་དུས་དེ་ཙམ་ལ་ངོས་འཛིན་ཀྱང་། ཏུན་ཧོང་ཡིག་རྙིངP.T.1288ཤོག་དྲིལ་གྱི་ཐིག5པར། …….བཙན་པོ་ཁྲྀ:སྲོང་རྩན་གྱྀས། ཤུལད:བྱང:ལམ:དུ་པྱུང:སྟེ། འ་ཞ་དང:རྒྱ་ལའ:……དང:འ་ཞ་གཉྀས་གྱི:དཔྱའ:གཅལ་ཏོ། ཞེས་བཀོད་པ་དེ་སྤྱི་ལོ་640ལོའི་ཡར་སྔོན་གྱི་ལོ་ཚིགས་གང་རུང་གི་གནས་ཚུལ་བཀོད་པའི་ཡི་གེར་གྱུར་བ་དང་། སྲོང་བཙན་གྱི་ལོ་རྒྱུས་སྐོར་ཏུན་ཧོང་ཡིག་རྙིང་P.T.1287ཤོག་དྲིལ་གྱི་ཐིག་ཕྲེང་305དང་306ནང་དུ་བཀོད་པར།  འུང་གྀ་འོག་དུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ། བྱང་ལམ་དུ་མ་བྱུང་མ་དྲངས་པར།  རྒྱ་དང་འ་ཞས་དཔྱའ་གཅལ་ལོ།། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ། ཞེས་བྱུང་བ་ཡང་གོང་དུ་བཙན་པོའི་ལོ་ཚིགས་གནད་བསྡུས་ཀྱི་དོན་ལ་མཚུངས་པའི་འགོད་ཚུལ་ཞིག་ཡིན་པས་འ་ཞ་དབང་དུ་བསྡུས་པའི་ལོ་ནི་སྤྱི་ལོ་630ནས་640ནང་རོལ་ཡིན་པ་ཤེས་ཐུབ་ལ། ཞིབ་ཕྲ་ནི་《ཐང་ཡིག་གསར་རྙིང》དུ། ཐེ་ཙུང་ཀྲིན་ཀོན་གྱི་ཁྲི་ལོ་བརྒྱད་པར། ཕོ་ཉ་བ་མངགས་ཏེ་སྐྱེས་འབུལ་དུ་སླེབས་པ་གོང་མས་བློན་པོ་ཧྥིན་ཏེ་ཞ་ལ་སྣེ་ལེན་བྱ་དགོས་པའི་བཀའ་ལུང་གནང་། སྲོང་བཙན་གྱིས་གྲུ་གུ་དང་འ་ཞ་ལ་ཀོང་ཇོ་རེ་ཐོབ་པའི་གཏམ་གསན་ཏེ། ཕོ་ཉ་མངགས་ཏེ་གཉེན་སློང་བ་གོང་མས་མ་གནང་། ཕོ་ཉ་བ་ཕྱིར་ལོག་སྟེ་ཁ་ཕོ་ཆེ་བར་ལབ་ནས། གོང་མས་བདག་ཅག་ངོ་སོ་ཆེ་བར་འཛིན། ཀོང་ཇོ་ཞིག་གནང་རྒྱུ་ཡིན་མོད། འ་ཞའི་རྒྱལ་པོ་དེར་ལྷགས་པས་མ་ཐོབ། དེས་ཕྲ་མ་འདྲ་བཅུག་པ་མིན་ནམ་ཟེར། ཞེས་དང་། སྲོང་བཙན་ཁྲོས་ཏེ་ཞང་ཞུང་གི་དཔུང་དང་བཅས་ཏེ་འ་ཞར་དམག་དྲངས། འ་ཞས་མ་ཚུགས་པར་མཚོ་སྔོན་ཕྱོགས་སུ་བྲོས། རྒྱུ་ནོར་ཐམས་ཅད་བྷོད་ལ་ཤོར㉔། ཞེས་བྱུང་བའི་དུས་དེ་ཡིན་པར་སེམས་ཏེ། དེ་ལྟར་ན། བོད་ཀྱིས་འ་ཞ་དཔུང་འདུལ་གནང་བའི་ལོ་ཚིགས་ཐོག་མ་དེ་སྤྱི་ལོ་634ལོར་འཁེལ་ཡོད། དེ་ལྟར་བོད་ཀྱི་ལོ་རྒྱུས་ཡི་གེ་སྔ་ཤོས་ཏུན་ཧོང་གཏེར་ཡིག་དང་རྒྱའི་ཡིག་ཚང་ཐང་ཡིག་གསར་རྙིང་གཉིས་ཀྱི་བཞེད་ཚུལ་གཅིག་ཏུ་གྱུར་བ་དེས་འ་ཞ་བོད་ཀྱི་མངའ་ཁོངས་སུ་གྱུར་བའི་དུས་སྟོན་པར་ནུས་པ་ཆེས་ཆེར་ཐོན་འདུག་པས་འ་ཞ་བོད་ཁུངས་སུ་གྱུར་དུས་ནི་དུས་སྐབས་དེ་ཙམ་ལ་ཡིན་པར་ངོས་འཛིན་འོས་སོ།།
         ཧ་ལམ་སྤྱི་ལོ་763ལོའི་རྗེས་སུ་བཞེངས་པའི་ཞོལ་རྡོ་རིང་ལྷོ་ངོས་ཀྱི་ཐིག་ཕྲེང་30ལ། རྒྱའི་ཁམས་སུ་གཏོགས་པའི་འ་ཞ་དང་པོ་བསྡུས། ཞེས་བྱུང་བ་ནི་གོང་གསལ་《ཙི་ཀྲི་ཐོང་ཅེན་》ནང་འཁོད་པའི་འ་ཞ་བོད་ཀྱིས་བསྡུས་ལོར་འབྲེལ་པའི་འགོད་ཚུལ་དུ་གྱུར་ཡོད་ཀྱང་། སྲོང་བཙན་གྱིས་འ་ཞ་དབང་དུ་བསྡུས་པའི་དུས་སུ་། འ་ཞའི་རྒྱལ་པོས་དུད་ཁྱིམ་སྟོང་ཕྲག་ལྷག་ཁྲིད་ནས་ལང་གྲུ་ཕྱོགས་སུ་བྲོས་པ་ནས་དུས་སྐབས་དེར་རྒྱའི་ཁམས་སུ་གཏོགས་པའི་འ་ཞའི་ཡུལ་སྡེ་དེ་དག་ནི་ད་ལྟའི་ལང་གྲུ་དང་ཉིང་ཤ་ས་ཁུལ་དུ་མཆིས་པའི་འ་ཞའི་རིགས་རྣམས་ཀྱང་དབང་དུ་བསྡུས་པ་སྟེ། སྔ་མ་ནི་རང་བཙན་གྱི་ཚུལ་དུ་ཡོད་པའི་འ་ཞ་དབང་དུ་བསྡུས་པ་དང་། རྗེས་མ་ནི་རྒྱའི་ཁམས་སམ་སྲུང་སྐྱོབ་ལ་བརྟེན་པའི་འ་ཞ་རིགས་རྣམས་དང་པོ་སྟེ་ཐོག་མར་དབང་དུ་བསྡུས་པ་བསྟན། དུས་སྐབས་དེ་ནས་བཟུང་འ་ཞ་བོད་ཀྱི་རུས་ཁོངས་སུ་འགྱུར་འགོ་ཚུགས་ཤིང་། ཏུན་ཧོང་ནས་ཐོན་པའི་P.T.1288ཤོག་དྲིལ་བཙན་པོའི་ལོ་ཚིགས་གནད་བསྡུས་སོགས་སུ་བོད་དང་འ་ཞའི་བར་གྱི་གནས་ཚུལ་མང་པོ་བཀོད་པའི་འགོ་ཚུགས་སའང་དུས་སྐབས་དེ་ཙམ་ནས་ཡིན་ལ། དེའི་ཡར་སྔོན་ནས་བོད་ལ་འབྲེལ་བ་ཟབ་པ་ནི་《མཁས་དགའ》ལས། ལྷ་སྲས་དམུས་ལོང་དཀོན་པ་བཀྲ་དེ་ཡིས། །གཉན་པོ་གསང་བ་མཆོད་པའི་བྱིན་རླབས་དང་། །འ་ཞའི་ཡུལ་གྱི་སྨན་པས་སྤྱན་ཕྱེ་སྟེ། །སྟག་མོ་རི་ལ་རི་དྭགས་གཉན་གཟིགས་པས། །མཚན་ཡང་སྟག་རི་གཉན་གཟིགས་བཙན་དུ་ཐོགས㉕ །། ཞེས་པ་ལས་ཤེས་ཐུབ་པ་དང་། རྗེས་སུ་བོད་ཀྱི་རུས་ཁོངས་སུ་གྱུར་པའི་འ་ཞ་རྣམས་ཀྱིས་བོད་ཀྱི་རིག་གནས་དང་ལེན་བྱས་པར་མ་ཟད། དེང་སང་བོད་ལ་འདྲེས་ཏེ་སྐད་དང་ཡུལ་སྲོལ་གང་གི་ཆ་ནས་ཀྱང་དབྱེར་མེད་པ་ཞིག་ཏུ་གྱུར།
བཞི་པ། འ་ཞའི་གནས་ཡུལ་བོད་ཡིག་ཏུ་བྱུང་ཚུལ།
         《མདོ་སྨད་ལོ་རྒྱུས་ཆེན་མོར》㉖དཀོན་མཆོག་རིན་ཆེན་ལགས་ཀྱི་མཛད་པ་བཀོད་པ་ལས། དེའི་ཡུལ་གྱི་དངོས་གཞི་ཡང་མཚོ་སྔོན་གྱི་ཡུལ་གྲུ་ཕལ་མོ་ཆེ་དང་། ཀན་སུའུ་ཞིང་ཆེན་གྱི་རྒྱ་བོད་ས་མཚམས་ཕལ་ཆེར་དེར་གཏོགས་། ཞེས་པ་བཞིན་སྤྱིའི་ཆ་ནས་འ་ཞའི་གནས་ཡུལ་དེ་ལྟར་ངོས་བཟུང་ན་ཆོག་ཀྱང་འདིར་འ་ཞའི་གནས་ཡུལ་སྐོར་ཡུལ་མིང་དུ་ད་ལྟ་ཡོད་པ་དང་དེབ་ཐེར་དུ་གསལ་པ་ལྟར་ན། ༡.མདོ་སྨད་ཀྱི་ཟུང་ཆུ་དང་ཐེ་བོ། འབའ་རྫོང་ས་ཁུལ་ཁག་ཏུ་ཡོད་པ། ད་ལྟ་སི་ཁྲོན་གྱི་ཟུང་ཆུའི་ཆོས་རྗེ་དགོན་པའི་གོང་དུ་འ་ཞ་ཞེས་པའི་ས㉗་མིང་ཡོད་པ་དང་། ཀན་སུའུ་ཐེ་བོ་རྫོང་དུ་གཞི་རིམ་སྲིད་འཛིན་འ་ཞ་ཞང(阿夏乡)ཞེས་པའི་མིང་དུ་ཡོད་ཅིང་ཡུལ་དེའི་འ་ཞ་རྣམས་ཀྱི་མགོ་ལ་རལ་གཉིས་འཇོག་པ་དང་། ཚར་ཞྭ་དང་ཁེབས་ཅ་གྱོན་པའི་ཡུལ་སྲོལ་ཁྱད་པར་ཅན་ཡོད་ཚུལ་གཞན་གྱི་ངག་ལས་ཐོས་པས་ཡུལ་དེ་ཡང་འ་ཞ་རྣམས་ཀྱི་སྡོད་གནས་སུ་ངོས་བཟུང་ཆོག་ལ།《ལྷོ་རོང་ཆོས་འབྱུང》དུ། དུས་རབས་11པར་འཚོ་བའི་འགྲོ་མགོན་ཏི་ཤི་རས་པའམ། རབ་ཏུ་བྱུང་བའི་མཚན་ཤེས་རབ་སེང་གེར་གསོལ་བ་དེ་མི་ཉག་ནས་ཕྱིར་འཁོར་བའི་ལམ་ཁར། ་་་་་་་ཟངས་ཆུ་ནས་འ་ཞའི་སར་སླེབས㉘། ཞེས་པའི་ཟངས་ཆུ་དེ་ད་ལྟའི་བླ་བྲང་བསང་ཆུ་ཡོད་ས་དེ་ཡིན་ཞིང་། བསང་ཆུ་ནས་ནུབ་ཕྱོགས་ཀྱི་སར་འ་ཞའི་ཡུལ་ཡོད་པ་བསྟན་པ་ནི་ད་ལྟའི་འབའ་རྫོང་ངམ་ཐུན་ཏེ་རྫོང་གི་གཙང་ཨ་རིག་ས་ཆ་འདུས་པའི་ཡུལ་དེ་དག་སྔོན་འ་ཞའི་རིགས་འཚོ་བའི་ཡུལ་བྱེ་བྲག་པར་ངོས་འཛིན་རུང་། ༢.ད་ལྟའི་མགོ་ལོག་དང་ཡུལ་ཤུལ་ས་ཁུལ་དུ་ཡོད་པ།《མགོ་ལོག་རུས་མཛོད》དུ་འ་ཞ་ནི་དམུ་ཚ་སྒ་ལ་བུ་དགུ་གྲོལ་བའི་ནང་གསེས་དུ་མ་སྟེ། སྒ་ཨ་གྲོ་དང་། སྒ་ཨ་རིག་དང་། སྒ་ཨ་འབྲུག་དང་། སྒ་ཨ་ཁྲོམ་དང་། སྒ་ཨ་ཤིང་(འ་ཞ)་སོགས་ཡིན་ལ㉙། ཞེས་སྒ་ཨ་རིག་སོགས་བརྗོད་པ་རྣམས་འ་ཞའི་མིང་འགྱུར་བའི་རྣམ་པ་ཞིག་ཡིན། ༣.བོད་ཀྱི་ནུབ་ཕྱོགས་སུ་ཡོད་པ།《ཆོས་འབྱུང་སྙིང་བོའི་མེ་ཏོག་སྦྲང་རྩིའི་བཅུད་》དུ། བོད་ཡུལ་གྱི་ས་དབྱིབས་སྲིན་མོ་གན་ཀྱལ་དུ་ཉལ་བ་འདྲ་བར་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པའི་དུས་སུ། ཉང་ལག་རྣམས་གནོན་པའི་ཕྱིར། ལག་མཐིལ་གཡོན་པ་ལ་ཁམས་ཀྱི་[ཀློང་]ཐང་སྒྲོན་མའི་ལྷ་ཁང་㉚བཞེངས་སོ། ཞེས་དང་། བྱང་ཆུབ་ཚལ་གྱི་ཀ་བ་བཞི་ལ་མདོ་ཁམས་སུ་ཀློང་[ཐང་]དཔལ་འབྱུང་། ལྷོ་ཕྱོགས་སུ་རྒྱག་ཆུ་ཐོག་རྔམ། ནུབ་འ་ཞའི་ཡུལ་དུ་ཀེའུ་རི་གཟིགས㉛། ཞེས་འ་ཞའི་ཡུལ་དེ་བོད་ཀྱི་ནུབ་ཕྱོགས་སུ་ཡོད་པར་བཤད་ཡོད། ༤.ཏུན་ཧོང་ས་ཁུལ་དུ་ཡོད་པ། ཏུན་ཧོང་ནས་ཐོན་པའིP.T.1080ཤོག་དྲིལ་གྱི་ཐིག་ཕྲེང་2པར། ། བོད་སུམ་དང་འ་ཞ་གྲམ་དགུར་ལྟོག་སྟེ་ཤི་བ་ལ་ཐུག་པས། ཤ་ཅུ་སྐུན་མཁར་དུ་ལྟག་ཏུ་གངས་པ་ཙམ་གི་དུས་ན། ཞེས་བཀོད་པའི་ཡུལ་དེ་ད་ལྟའི་ཏུན་ཧོང་ས་ཆའམ་དེའི་ཉེ་ཁོར་དུ་བསྟན། ༥.ཤིན་ཅང་ལྷོ་ཕྱོགས་སུ་འ་ཞའི་རིགས་ཡོད་པ། ལི་ཡུལ་ནས་རྙེད་པའི་ཁྲམ་ཤིང61-Ⅱ30-M.I.xxviii.1 A-1པ་ལས། འ་ཞ་ཁྲི་སྡེ་སྟོད་པཱ་རྒྱ་ལ་གཏོགས་རྣམས། ཞེས་དང་། ཁྲམ་ཤིང132-Ⅱ29-M.I.xxiv.0031 A-1པ་ལས། འ་ཞ་རྐྱ་བ་ལས་གཞི་མཁན་ཇི་མཆིས་པ། ཞེས་ལི་ཡུལ་དུ་འ་ཞའི་སྡེ་ཡོད㉜་པ་གསལ།
         མདོར་ན་འ་ཞ་ནི་ཨརྱའི་སྒྲ་དོན་གཉིས་ཀར་མཚུངས་པའི་འབོད་ཚུལ་ཞིག་ཡིན་པ་དང་། རིམ་གྱིས་ཨརྱ་མི་རིགས་དེ་ལས་མཆེད་པའི་རུས་རྒྱུད་ཅིག་ལ་འ་ཞ་ཐོགས་ཤིང་། ལོ་རྒྱུས་ཡི་གེར་འ་ཞ་དང་ཨ་ཤ ཨ་ཞ་སོགས་ཀྱི་འབྲི་ཚུལ་བྱུང་། དེང་སང་ད་དུང་འ་ཞ་དང་ཨ་རིག་ཅེས་པའི་མིང་གི་ལྷག་མ་ཙམ་ལུས་ཡོད་ན་ཡང་སྲོང་བཙན་གྱི་དུས་སུ་བོད་ཀྱི་རུས་ཁོངས་སུ་གྱུར་བ་ནས་ལོ་རྒྱུས་ཀྱི་འཕེལ་རིམ་རིང་མོའི་ཁྲོད་དུ་ཁོང་ཚོའི་སྐད་དང་གོམས་སྲོལ་སོགས་ཆུ་ལག་རྒྱ་མཚོ་ཆེན་པོར་བསྲེས་པ་བཞིན་བོད་པ་དང་སོ་སོར་དབྱེར་མེད་པར་གྱུར།
         རྩོམ་འདིའི་གསལ་བཤད། ནུབ་བྱང་མི་རིགས་སློབ་ཆེན་གྱི་2018ལོའི་ཀྲུང་དབྱང་མཐོ་སློབ་གཞི་རྩའི་ཚན་ཞིབ་ཆེད་དངུལ་གསར་བཏོད་ལས་གཞི། གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་དག་སྒྲིག་དང་ཞིབ་འཇུག ལས་གཞི་ཨང་གྲངས། 31920170135 ཞེས་པ་དེ་ཡིན། ཀྲུང་གོའི་བོད་རིག་པ། 2018ལོའི་དེབ་2018ལོའི་དེབ་དང་པོར་སྤེལ།
         མཆན་འགྲེལ།
         ①གུ་གེ་གྲགས་པ་རྒྱལ་མཚན་གྱིས་མཛད་པ།《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ》བྲིས་དཔེ་སྣེ་རིང་ལྡེབ་གཉིས་པའི་ཉིན་ངོས་ཀྱི་ཐིག་ཕྲེང་གཉིས་པ། འདར་ཚ་ཁྱུང་བདག་གིས་མཛད་པའི་《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་པའི་མཆན་འགྲེལ་ཏི་སེ་མགུལ་རྒྱན》ཤོག་ངོས་38ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ།
         ②དཔའ་བོ་གཙུག་ལག་ཕྲེང་བས་མཛད།《མཁས་པའི་དགའ་སྟོན》ཤོག་གྲངས160ལ། མི་རིགས་དཔེ་སྐྲུན་ཁང་། 1985ལོ།
         ③ 《བཀའ་ཐང་སྡེ་ལྔ།》 ཤོག་གྲངས115ལ། མི་རིགས་དཔེ་སྐྲུན་ཁང་། 1988ལོ། 
         ④དཔའ་བོ་གཙུག་ལག་ཕྲེང་བས་མཛད།《མཁས་པའི་དགའ་སྟོན》ཤོག་གྲངས160ལ། མི་རིགས་དཔེ་སྐྲུན་ཁང་། 1985ལོ།
         ⑤ དགེ་འདུན་ཆོས་འཕེལ་གྱིས་མཛད། 《དེབ་དཀར་》ཤོག་གྲངས69ལ། མི་རིགས་དཔེ་སྐྲུན་ཁང་། 2002ལོ།
         ⑥ ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་མཛད། 《སྒྲ་ཉེ་བར་བསྡུས་པ་བཞུགས》ས་པཎ་གསུང་འབུམ་ཐ་པ། ཉིས་བརྒྱ་ང་གཉིས། ཤིང་པར།
         ⑦ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད།《དེབ་ཐེར་ལྗང་གུ》ཤོག་གྲངས3ལ། ཉིན་བོད་ནང་རིག་དེབ་གྲངས།IV 1994ལོ།
         ⑧《印度文化史》17页。商会鹏 著。广西师范大学出版社2007年。
         ⑨དགེ་འདུན་ཆོས་འཕེལ་གྱིས་མཛད། དགེ་ཆོས་གསུང་རྩོམ་གངས་ཅན་རིག་མཛོད་དེབ་10་པལས་《དགེ་ཆོས་ཀྱི་གསུང་རྩོམ་དེབ་དང་པོ་》ཤོག་ངོས57 ལ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ།
         ⑩《བསྟན་འགྱུར》(96)༼ངེ༽ཤོག་ངོས1050-1081ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ།
         ⑪《བསྟན་འགྱུར》(96)༼ངེ༽ཤོག་ངོས1054ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ།
         ⑫《བསྟན་འགྱུར》(96)༼ངེ༽ཤོག་ངོས1048ངོས་སུ།《པེ》《སྣར》ཙེ་ཞེས་པའི་འབྲི་ཚུལ་བྱུང་ཚུལ་བཀོད་ཡོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ།
         ⑬《བསྟན་འགྱུར》(96) ༼ངེ༽ཤོག་ངོས1038ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། 
         ⑭སྟག་ཚང་རྫོང་བ་དཔལ་འབྱོར་བཟང་བོས་མཛད།《རྒྱ་བོད་ཡིག་ཚང་ཆེན་མོ》ཤོག་ངོས114ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ།
         ⑮ཉིང་ཉི་མ་འོད་ཟེར་གྱིས་མཛད།《ཆོས་འབྱུང་སྙིང་བོའི་མེ་ཏོག་སྦྲང་རྩིའི་བཅུད་》ཤ130ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོ།
         ⑯ཉིང་ཉི་མ་འོད་ཟེར་གྱིས་མཛད།《ཆོས་འབྱུང་སྙིང་བོའི་མེ་ཏོག་སྦྲང་རྩིའི་བཅུད་》ཤ130ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོ།
         ⑰དཔའ་བོ་གཙུག་ལག་ཕྲེང་བས་མཛད།《མཁས་པའི་དགའ་སྟོན》ཤོག་གྲངས158ལ། མི་རིགས་དཔེ་སྐྲུན་ཁང་། 1985ལོ།
         ⑱དཔའ་བོ་གཙུག་ལག་ཕྲེང་བས་མཛད།《མཁས་པའི་དགའ་སྟོན》ཤོག་གྲངས158ནས་159ལ། མི་རིགས་དཔེ་སྐྲུན་ཁང་། 1985ལོ། 
         ⑲ཉིང་ཉི་མ་འོད་ཟེར་གྱིས་མཛད།《ཆོས་འབྱུང་སྙིང་བོའི་མེ་ཏོག་སྦྲང་རྩིའི་བཅུད་》ཤ130ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོ།
         ⑳དཔའ་བོ་གཙུག་ལག་ཕྲེང་བས་མཛད།《མཁས་པའི་དགའ་སྟོན》ཤོག་གྲངས158ལ། མི་རིགས་དཔེ་སྐྲུན་ཁང་། 1985ལོ།
         ㉑འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་མཛད།《བོད་བཙན་པོའི་རྒྱལ་རབས》སྟོད་ཆ། ཤོག་གྲངས20ལ། སྲོང་བཙན་དཔེ་མཛོད་ཁང་། 2010ལོ།༞
         ㉒གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་མཛད།《རུས་མཛོད་མེ་ཏོག་སྐྱེད་ཚལ》ཤོག་ངོས་7ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1991ལོ།
         ㉓གེ་ཏན་ནི་ཆི་ཏན་(契丹)ཞེས་པའི་བྱང་ངོས་ཀྱི་མི་རིགས་དེར་ངོས་འཛིན་མཁན་བྱུང་ཡོད།
         ㉔《ཐང་ཡིག་གསར་རྙིང》ཤོག་ངོས9 པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1983 ལོར།
         ㉕ དཔའ་བོ་གཙུག་ལག་ཕྲེང་བས་མཛད།《མཁས་པའི་དགའ་སྟོན》ཤོག་གྲངས170ལ། མི་རིགས་དཔེ་སྐྲུན་ཁང་། 1985ལོ།
         ㉖ཧོར་གཙང་འཇིགས་མེད་ལགས་ཀྱིས་མཛད།《མདོ་སྨད་ལོ་རྒྱུས་ཆེན་མོར》ཤོག་ངོས་108ལ། གློག་རྡུལ་ཡི་གེ་ལས་དྲངས།
         ㉗མཁས་དབང་དམུ་དགེ་བསམ་གཏན་གྱིས་མཛད།《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་པོད་དྲུག་པ་བཞུགས》ཤོག་ངོས་242ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ།
         ㉘རྟ་ཚག་ཚེ་དབང་རྒྱལ་གྱིས་མཛད། 《ལྷོ་རོང་ཆོས་འབྱུང་》ཤ216ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1994ལོ།
         ㉙གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་མཛད།《མགོ་ལོག་རུས་མཛོད》ཤ114ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོ།
         ㉚ད་ལྟ་དགོན་འདིའི་མིང་ལ་གླང་ཐང་སྒྲོལ་མ་ལྷ་ཁང་ཞེས་སྔོན་གྱི་ཡིག་རྙིང་ཁུངས་མར་གཏུགས་ནས་སྒོ་བྱང་བྲིས་ཡོད།
         ㉛ཉིང་ཉི་མ་འོད་ཟེར་གྱིས་མཛད།《ཆོས་འབྱུང་སྙིང་བོའི་མེ་ཏོག་སྦྲང་རྩིའི་བཅུད་》ཤ224ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོ།
         ㉜དཔྱད་རྩོམ་འདི་ཐོག་མ་སྤེལ་བའི་དུས་སུ་P.T.1283ཤོག་དྲིལ་ནང་བྱང་ངོས་སུ་ཡོད་པའི་གྲུ་གུའི་གནས་ཚུལ་འཁོད་པ་ལས། ཨ་ཤ་སྟེའི་སྡེ་ཆིག  ཤར་དུ་ལིའི་སྡེ་ཆིག ཅེས་པའི་ཨ་ཤ་དང་ཨ་ཞ་དོན་གཅིག་པར་ངོས་འཛིན་བྱས་ཏེ་འ་ཞའི་རིགས་ཤིང་ཅང་བྱང་ཕྱོགས་སུ་ཡོད་པར་བཤད་པ་ནོར་འདུག་པས་འདིར་དག་སེལ་བྱས་པ་ཡིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1