༄༅།། བོད་ཀྱི་རྫ་ནག་བཟོ་རྩལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 07-07



       
          མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་རྫ་ནག་བཟོ་རྩལ་ལ་ལོ་ངོ་4000ལྷག་གི་ལོ་རྒྱུས་ཡོད། ངག་རྒྱུན་ལ་ཐང་རྒྱལ་རབས་ཀྱི་དུས་སུ་རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པའི་དུས་སུ་ཡུལ་ཤུལ་བརྒྱུད་ཅིང་། རྫ་བཟོའི་ལག་རྩལ་ཁྱད་པར་བ་ས་དེའི་མི་དམངས་ལ་བསླབ། ས་དེ་གའི་མི་དམངས་ཀྱིས་གནའ་བོའི་ལག་ཤེས་བཟོ་ལས་དེར་ལེགས་བཅོས་དང་འཕེལ་རྒྱས་བཏང་ནས་རྒྱ་བོད་རིག་གནས་མཉམ་འདྲེས་ཀྱི་ཞུན་ཐིགས་དངོས་མ་ཞིག་ཏུ་གྱུར་ཡོད། ལོ་རྒྱུས་ཀྱི་བཞུན་རྒྱུན་རིང་མོའི་ཁྲོད། ནང་ཆེན་རྫ་ནག་དེ་བོད་ཀྱི་རིག་གནས་དང་ཆོག་ལུགས། འཚོ་བ་བཅས་སུ་འཐིམས་ཤིང་མིང་ཆིང་དུས་སྐབས་སུ་ཁམས་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རྫ་ནག་བཟོ་རྩལ་ཆ་ཚང་བ་ཞིག་གྲུབ་ཡོད། 

          ནང་ཆེན་རྫ་ནག་གིས་གདོད་མའི་ལག་ཤེས་བཟོ་ལས་ཀྱི་བཟོ་རྩལ་རྒྱུན་འཁྱོངས་བྱས་ཡོད་དེ། རྒྱུ་ཆ་ས་གནས་དེ་གའི་ས་མྱགས་དམར་པོ་དང་མྱགས་རྡོ་བརྡར་ནས་གདམ་གསེས་དང་དབྱིབས་བཟོ། སྐེམ་པ། བཟོ་བཅོས་རྒྱག་པ། འོད་གནོན་པ། རི་མོ་འབྲི་བ་སོགས་བྱས་རྗེས་དམིགས་བསལ་གྱི“དུ་བཀག་ཐན་སིམ”གྱི་བྱ་ཐབས་སྤྱད་དེ་ཉིན་བཅུ་ལྷག་རིང་བསྲེགས་ན་གཞི་ནས་འགྲུབ་ཀྱིན་ཡོད། གྲུབ་རྫས་ལ“མདོག་སོ་བ་དང་འདྲ་ཞིང་སྲ་བ་རྫ་དཀར་ལ་འགྲན་པའི”ཁྱད་ཆོས་ལྡན། རྫ་ཆས་རེ་རེའི་བཟོ་དབྱིབས་ཀྱི་ཁྱད་པར་དང་འགྱུར་ལྡོག་ཚང་མ་རྫ་བཟོ་བའི་ཚོར་བ་དང་ཉམས་མྱོང་ལ་རག་ལས་ཡོད། 

          2008ལོར། ནང་ཆེན་རྫ་ནག་བཟོ་རྩལ་དེ་རྒྱལ་ཁབ་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བདམས། ནང་ཆེན་རྫ་ནག་ནི་ཡུལ་ཤུལ་ས་ཁུལ་གྱི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། བོད་ཀྱི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལ་དོན་སྙིང་གལ་ཆེན་ལྡན་པར་མ་ཟད་ཉར་ཚགས་ཀྱི་རིན་ཐང་ཡང་མི་དམན་པ་ཡོད། མིག་སྔར་ནང་ཆེན་རྫ་ནག་ནི་ཡུལ་ཤུལ་ས་ཁུལ་གྱི་ཆེས་བྲིན་ཚོང་ཆེ་བའི་ཡུལ་སྐོར་ཐོན་རྫས་སུ་གྱུར་ཡོད། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1