འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ཚབས་ཆེན་རྒྱལ་ཁབ་ལ“རིག་པ་དྭངས་གསལ”བྱེད་དགོས་པའི་ལྕག་སྐུལ་བྱས་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-08
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོའི་ས་གནས་ཁག་ཏུ་ཐོན་ནས་རྒྱུན་མཐུད་ངང་མཆེད་བཞིན་ཡོད། ཚེས་3ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་རྒྱལ་ཁབ་ལ“རིག་པ་དྭངས་གསལ”གྱི་སྒོ་ནས་དོན་དངོས་ལ་ཕྱོགས་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་ལས་ཁ་རྩོད་རྐྱང་རྐྱང་བརྒྱབ་ནས་སྡོད་རྒྱུ་དེ་མ་རེད་ཅེས་ལྕག་སྐུལ་བྱས་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཛ་དྲག་རྣམ་གྲངས་ཀྱི་ལག་བསྟར་ཀྲུའུ་རེན་མེ་ཁེར·རུའེ་ཨན་གྱིས། དེ་ཉིན་རེ་ནེ་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་གསར་འགྱུར་མདོར་བསྡུས་ཚོགས་འདུའི་ཐོག “མི་རྣམས་ཀྱིས‘རིག་པ་དྭངས་གསལ’བྱེད་དགོས། གྲངས་གཞི་དང་དངོས་ཡོད་ཀྱི་གནས་ཚུལ་ལ་རྫུས་མ་མེད”ཅེས་བརྗོད་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། པེ་ཅིང་གི་དུས་ཚོད་ཚེས་3གྱི་ཆུ་ཚོད་16ཙམ་བར། གོ་ལ་ཧྲིལ་པོར་རིམ་རྩིས་ལྟར་ན་གཏན་འཁེལ་ནད་དཔེ་10710005ཟིན་པ་དང་། འདས་གྲོངས་སོང་བའི་ནད་དཔེ་517877ཟིན་ཡོད་པའི་ཁྲོད། མེ་གླིང་ནི་གོ་ལ་ཧྲིལ་པོའི་རིམས་ནད་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཡིན་པ་དང་། ཨ་རི་ནི་རིམས་ནད་ཕོག་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པས་གསར་འཕར་ནད་དཔེ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད།
མེ་གླིང་ས་ཁུལ་གྱི་རིམས་ནད་སྐོར་གླེང་སྐབས། རུའེ་ཨན་གྱིས་རིམས་ནད་འགོ་བ་དང་འདས་གྲོངས་སོང་བའི་མི་གྲངས་མང་དུ་འགྲོ་བཞིན་ཡོད། འོན་ཀྱང“རྒྱལ་ཁབ་མང་པོ་ཞིག་གིས་གྲངས་གཞིའི་འབྲས་བུ་སྣང་མེད་དུ་གཏོང་གི་ཡོད”ཅེས་ཐ་ཚིག་བསྒྲགས་ཤིང་། ཁོང་གིས“རྒྱལ་ཁབ་དེ་དག་ལ་དཔལ་འབྱོར་སླར་གསོ་དགོས་པའི་ལུགས་མཐུན་གྱི་རྒྱུ་མཚན་མང་པོ་ཡོད་པར་བསམ་ཤེས་ཐུབ་ཀྱི་འདུག ཡིན་ནའང་དེ་དང་ཆབས་ཅིག་རིམས་ནད་ཀྱི་གནད་དོན་སྣང་མེད་དུ་གཏོང་མི་རུང་། གནད་དོན་དེ་རང་དགར་ཡལ་མི་སྲིད”ཅེས་བརྗོད།
རུའེ་ཨན་གྱིས་གལ་ཏེ་མུ་མཐུད་སླར་གསོ་བྱེད་པ་དང་ཆབས་ཅིག རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་རྗེས་མ་ཟིན་ན་མཐར“གནས་ཚུལ་སྡུག་ཤོས”ཐོན་སྲིད། གལ་ཏེ་འཛམ་གླིང་འཕྲོད་བསྟེན་མ་ལག་ཉམས་རྒུད་དུ་སོང་ཚེ། མི་དེ་བས་མང་བ་འདས་གྲོངས་ཡོང་ངེས་རེད་ཅེས་ཐ་ཚིག་བསྒྲགས་པ་རེད། རུའེ་ཨན་གྱིས་རྒྱལ་ཁབ་ཁག་གཅིག་གིས“སྤྱི་ཚོགས་སྒོ་དབྱེ་དམིགས་ཡུལ་དུ་བྱེད་པའི་བྱེད་ཐབས་ཁག་གཅིག་འགོར་དུ་གཏོང་བའམ་ཡང་ན་དེར་འགྱུར་ལྡོག་གཏོང་དགོས་ངེས་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད།
རུའེ་ཨན་གྱིས་ནད་དུག་མཆེད་ཉུང་བའི་ས་ཁུལ་དུ་ཚོད་འཛིན་ལྷུག་ཏུ་གཏོང་ཆོག་པ་དང་། ཕན་ཚུན་འབྲེལ་གཏུག་གི་བར་ཐག་ངེས་ཅན་འཇོག་པ་དང་། ལག་པ་ཡང་སེ་བཀྲུ་བ། ཞིབ་བཤེར་ཚད་ལེན་མང་ཙམ་བྱེད་པ། ནད་དཔེ་ལོགས་སུ་འཇོག་པ། འབྲེལ་གཏུག་བྱེད་མྱོང་མཁན་རྗེས་སྙེགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རིམས་ནད་ས་ཁུལ་ཁག་གཅིག་ཏུ་ཐོན་རྒྱུ་སྔར་བཞིན་ཚོད་འཛིན་བྱེད་ཐུབ། ཡིན་ནའང་། ནད་དུག་མཆེད་ནས་ཚོད་འཛིན་བྱེད་མི་ཐུབ་པའི་ས་ཁུལ་དུ་བྱེད་ཐབས་ནན་པོ་སྤྱད་རུང་ཚོད་འཛིན་བྱེད་ཐབས་བྲལ་ཡོད། གལ་ཏེ། རིམས་ནད་ཚོད་འཛིན་བྱེད་པའི་ནུས་ལྡན་བྱེད་ཐབས་མེད་ཚེ། བཀག་སྡོམ་གྱི་བྱ་སྤྱོད་ནི་གདམ་ག་ཉག་གཅིག་དེ་རེད་ཅེས་བརྗོད་པ་རེད།