ཟླ་བདུན་པར་སྨན་གླིང་གི་རི་ཁུག་ཏུ་སྤྲིན་སྨུག་ལང་ལོང་དུ་འཕྱུར་ཞིང་ཆར་བ་སིམ་སིམ་དུ་འབབ་ཀྱིན་འདུག རི་བོ་ཚར་དུ་དངར་བའི་ཀློང་ན་སྨན་རྫས་སྣ་ཚོགས་ཆར་ཟིལ་ལ་རོལ་བཞིན་ག་ས་གང་དུ་སྐྱེས། སྨན་གླིང་ནི་བོད་སྐད་དུ་“སྨན་གྱི་གླིང་”ཞེས་པའི་དོན་ཡིན་ལ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་གནས་པ་དང་། ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གནའ་བོའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་དེ་གར་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་གྱི་མེས་པོ་གཡུ་ཐོག་ཡོན་ཏན་མགོན་པོས་དེ་སྔ་ས་གནས་དེ་གར་སྨན་སྣ་དབྱེ་འབྱེད་དང་གཞུང་ལུགས་འཆད་ཁྲིད་བྱས་མྱོང་ལ། ལོ་རྒྱུས་ཐོག་གི་བོད་ལུགས་གསོ་རིག་སློབ་གྲྭ་དང་པོའང་བཙུགས་པ་རེད། མདོ་དབུས་མཐོ་སྒང་ལས་བྱུང་བའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་དེ་དུས་ཡུན་རིང་པོའི་ནང་ཕུན་སུམ་ཚོགས་པའི་ཐོན་སྐྱེད། འཚོ་བའི་ལག་ལེན་གྱི་བརྒྱུད་རིམ་ཁྲོད་ནས་གསོག་འཇོག་དང་འཐུས་ཚང་དུ་བཏང་སྟེ་གཞི་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་གསོ་རིག་མ་ལག་ཅིག་ཆགས་ཡོད།
ཀོང་པོ་སྨན་ལུང་གཡུ་ཐོག་བོད་ལུགས་གསོ་རིག་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་།
ད་ཆ་སྨན་གླིང་རྫོང་གི་གནས་ཡུལ་ལུང་བའི་ནང་དུ་དམངས་བཙུགས་བོད་ལུགས་གསོ་རིག་སློབ་གྲྭ་ཞིག་སྟེ། ཀོང་པོ་སྨན་ལུང་གཡུ་ཐོག་བོད་ལུགས་གསོ་རིག་སློབ་གྲྭ་དེ་ནགས་ཚལ་སྟུག་པོའི་ཁྲོད་དུ་གནས་ཤིང་། སློབ་སྦྱོང་བྱེད་མཁན་སློབ་མ་དང་སྨན་བཅོས་བྱེད་མཁན་ནད་པ་ཚང་མར་ཡར་བསུ་མར་སྐྱེལ་བྱེད་བཞིན་འདུག དཔེ་དེབ་ཀློག་པའི་སྐད་སྒྲའི་ཁྲོད་ལོ་ངོ་སྟོང་ཕྲག་རིང་གི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་དེ་སློབ་གྲྭའི་ཆུང་ཆུང་འདི་ནས་རྒྱུན་འཛིན་བྱེད་བཞིན་ཡོད། 2004ལོར་ཆོག་མཆན་ཐོབ་པ་བརྒྱུད་ཆི་ཀྲེང་བོད་སྨན་གྱིས་མ་དངུལ་བཏང་ནས་ཀོང་པོ་སྨན་ལུང་གཡུ་ཐོག་བོད་ལུགས་གསོ་རིག་སློབ་གྲྭ་དེ་གར་བཙུགས་ཤིང་། ད་ལྟ་སློབ་གྲྭར་སློབ་མ་60ལྷག་ཙམ་དང་སློབ་ཁྲིད་དགེ་རྒན་6ཡོད་པ་རེད།
སློབ་གྲྭའི་སློབ་མས་སྨན་བཅོས་ཁང་གི་སྨན་ཁང་ནང་ནད་པར་སྨན་སྡེབ་བཞིན་ཡོད།
“སློབ་གྲྭས་སློབ་མ་བསྡུ་བའི་ཚད་གཞི་ཧ་ཅང་དམའ་བས་སློབ་སྦྱོང་བྱེད་འདོད་ཡོད་པའི་སློབ་མ་ཡོད་ཕྱིན་ང་ཚོས་གཞི་རྩའི་ཆ་ནས་ཚང་མ་སློབ་གྲྭར་བསྡུ་བཞིན་ཡོད་ལ་སློབ་ཡོན་དང་ཟས་སྡོད་གཉིས་ཀ་རིན་མེད་ཡིན། སློབ་གྲྭ་ནས་ཐོན་རྗེས་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་སྤྲད་པའི་འབྲིང་རིམ་ཆེད་ལས་ཀྱི་དཔང་ཡིག་སྤྲོད་བཞིན་ཡོད། དུས་ཡུན་རིང་པོའི་ནང་སློབ་གྲྭས་ཁྲོམ་ར་ལས་དམའ་བའི་སྨན་རིན་བསྡུ་བའི་དུས་མཚུངས་སུ་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ཐ་ན་དཀའ་ངལ་ཡོད་པའི་མང་ཚོགས་ལ་དམིགས་ནས་སྨན་ཡོན་མི་བསྡུ་བའི་བྱེད་ཐབས་མཐའ་མཁྱོངས་བྱེད་ཀྱིན་ཡོད།”ཅེས་སློབ་གྲྭའི་སློབ་གཙོ་བཀྲ་ཤིས་ནོར་བུ་ཡིས་དེ་ལྟར་མཚམས་སྦྱོར་གནང་བ་རེད།
བཀྲ་ཤིས་ནོར་བུ་ཡིས་ནད་པར་སྨན་ཐོ་འབྲི་བཞིན་པའི་ཚུལ།
དཔེ་ཁྲིད་མི་སྐྱོང་གི་དུས་མཚུངས་སུ་སློབ་གྲྭས་སྨན་པ་བསྟེན་པ་དང་སྨན་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད་2010ལོར་སྨན་བཅོས་ཁང་ལ་ཆོག་མཆན་ཐོབ་ཡོད། སློབ་གྲྭར་སྐྱོད་སྐབས་ས་གནས་ཁག་ནས་སྨན་པ་བསྟེན་དུ་ཡོང་བའི་ནད་པ་གང་སར་མཐོང་ཐུབ།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ནས་སྐྱེས་པའི་བཀྲ་ཤིས་ནོར་བུ་ནི་དང་ཐོག་སྡེ་བའི་ནང་གི་གྲོང་ཚོའི་སྨན་པ་ཞིག་ཡིན་པ་དང་། སྨན་བཅོས་བྱེད་རིང་ཁོང་གིས་“སྨན་རྫས་ཀྱིས་མི་རྣམས་ལ་གལ་ཆེའི་རང་བཞིན་ལྡན་པ”རིམ་བཞིན་ཤེས་རྟོགས་བྱུང་ནས་གང་སར་སློབ་དཔོན་བཙལ་ཏེ་སློབ་གཉེར་དང་ཞིབ་འཇུག་སློབ་སྦྱོང་བྱེད་འགོ་ཚུགས། 1993ལོར་ཁོ་རང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་ཕེབས་ནས་དགེ་རྒན་ཚུལ་ཁྲིམས་རྒྱལ་མཚན་གྱི་མདུན་དུ་བོད་ལུགས་གསོ་རིག་ལ་སློབ་སྦྱོང་གནང་ཞིང་། ལོ་མང་རིང་བཀྲ་ཤིས་ནོར་བུ་ཡིས་བཅོས་དཀའ་བའི་ནད་རིགས་སྣ་ཚོགས་ལ་སྨན་བཅོས་བྱེད་པར་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཞིབ་འཇུག་བྱས་པ་དང་དམིགས་བསལ་གྱི་ཁྱབ་ཁོངས་ལ་མཚོན་ནའང་ཀླད་རྩའི་ནད་རོ་དང་། སྙིང་རྩའི་ནད། གློ་སྐྲན། ཕོ་སྐྲན་སོགས་ལ་སྨན་བཅོས་དང་ཚོད་འཛིན་གྱི་ནུས་པ་ངེས་ཅན་ལྡན་ཡོད།
ལྷུན་གྲུབ་ཀྱིས་སློབ་ཁང་དུ་སློབ་མར་སློབ་ཁྲིད་བྱེད་བཞིན་ཡོད།
བཀྲ་ཤིས་ནོར་བུ་ནི་སྨན་པ་ཕུལ་བྱུང་ཞིག་ཡིན་པ་མ་ཟད་དགེ་རྒན་ཕུལ་བྱུང་ཞིག་ཀྱང་ཡིན་ལ། སློབ་གྲྭ་བཙུགས་པ་ནས་བཟུང་། སློབ་གཉེར་དུ་ཡོང་མཁན་སློབ་མ་500ལྷག་ཙམ་དེ་གའི་སློབ་གྲྭ་ནས་ཐོན་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་དང་འབྲེལ་བ་ཡོད་པའི་ལས་རིགས་ཁག་ཏུ་བསྐྱོད་ཡོད། ཅུང་བློ་ཡིད་ཚིམ་པའི་སློབ་མ་ཡོད་མེད་འདྲི་སྐབས། བཀྲ་ཤིས་ནོར་བུ་ཡིས་འཛུམ་དམུལ་དམུལ་ངང་འགྲམ་གྱི་ལྷུན་གྲུབ་ལ་མཛུབ་མོ་བཙུགས། སློབ་གྲྭའི་དགེ་རྒན་ཡིན་པའི་ལྷུན་གྲུབ་ནི་བཀྲ་ཤིས་ནོར་བུའི་སློབ་མ་ཁག་དང་པོ་དེ་རེད། གཞིས་ཀ་རྩེ་ནས་ལྷ་ས་དང་དེ་ནས་ཉིང་ཁྲིའི་བར་ལྷུན་གྲུབ་ཀྱིས་ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་རྗེས་སུ་འབྲངས་ནས་སྨན་བཅོས་ལག་རྩལ་དང་དཔེ་ཁྲིད་མི་སྐྱོང་བྱེད་སྟངས་སྦྱངས། ལོ་བཅུ་ཕྲག་འགའི་དུས་ཚོད་ནང་ལྷུན་གྲུབ་ཀྱིས་ཀྱང་སློབ་མ་400ལྷག་ཙམ་ལ་སློབ་ཁྲིད་བྱས་པ་རེད།
བསོད་ནམས་འཇམ་དཔལ་གྱིས་《རྒྱུད་བཞི》ཀློག་བཞིན་པ།
སློབ་གྲྭའི་སློབ་ཁང་ནང་དུ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་ནས་ཡོང་བའི་བསོད་ནམས་འཇམ་དཔལ་གྱིས་《རྒྱུད་བཞི》ནན་ཏན་ངང་ཀློག་བཞིན་ཡོད། ཆུང་དུས་ནས་ནད་བཅོས་རྨས་སྐྱོར་བྱ་རྒྱུའི་སེམས་ཐག་བཅད་པའི་ཁོང་གིས་གཉེན་ཉེའི་ངོ་སྤྲོད་བྱས་པ་བརྒྱུད་སློབ་གྲྭར་སླེབས་པ་དང་དགེ་རྒན་ལྷུན་གྲུབ་ཀྱི་མདུན་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་བྱ་སློབ་སྦྱོང་བྱས། དེ་གར་སློབ་སྦྱོང་ལོ་3བྱས་པའི་བསོད་ནམས་འཇམ་དཔལ་གྱིས་ད་དུང་མུ་མཐུད་དུ་སློབ་སྦྱོང་དང་ཟབ་སྦྱོང་བྱེད་དགོས་ཞེས་ཐད་ཀར་བཤད། མཐར་ཕྱིན་རྗེས་ཀྱི་བསམ་ཚུལ་གླེང་སྐབས་བསོད་ནམས་འཇམ་དཔལ་གྱིས་“སློབ་གྲྭ་ཐོན་རྗེས་མུ་མཐུད་དུ་སློབ་སྦྱོང་བྱས་ནས་སྨན་རྩིས་ཁང་དུ་སྨན་པ་ཞིག་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ལ། དེ་དང་ཆབས་ཅིག་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་རྒྱུན་འཛིན་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན།”ཞེས་བཤད།
སློབ་གྲྭའི་སློབ་ཁྲིད་ཐོག་ཁང་མདུན་གྱི་ཤིང་པད་མ་སེར་པོ།
ལོ་ངོ་སྟོང་ཕྲག་དུ་མའི་སྔོན་གྱི་གཡུ་ཐོག་ཡོན་ཏན་མགོན་པོ་ནས་ད་ལྟའི་བཀྲ་ཤིས་ནོར་བུ་དང་ལྷུན་གྲུབ་བར་དེ་ནས་སླར་ཡང་བསོད་ནམས་འཇམ་དཔལ་བར་མི་དེ་ལྟ་བུ་མང་པོ་ཡོད་པས་བོད་ལུགས་གསོ་རིག་དང་བོད་སྨན་ལ་སླར་ཡང་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ཡོད་པ། སྨན་ལུང་གཡུ་ཐོག་བོད་ལུགས་གསོ་རིག་སློབ་གྲྭའི་ནང་སྨན་སྤྱོད་དང་གཟིགས་མོའི་རིན་ཐང་གཉིས་ཀ་ལྡན་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་པད་མ་སེར་པོ་ཁུ་སིམ་མེར་སྐྱེས་ཤིང་། སློབ་མ་རེ་རེར་འགྲོགས་ནས་སློབ་གྲྭར་ཡོང་བ་དང་སློབ་གྲྭ་ནས་མཐར་ཕྱིན་པ་དེས་“སྨན་གླིང་”དུ་ལོ་ངོ་སྟོང་ཕྲག་རིང་གི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་རྒྱུན་འཛིན་བྱས་ཏེ་ལོ་རྒྱུས་ཡུན་རིང་ལྡན་པའི་དཔང་པོ་བྱེད་ཀྱིན་ཡོད།