༄༅།།བྱིས་པའི་ལུས་སྟེང་དུ་རྨ་ཤུལ་ཡ་མཚན་ཡོད་ན་ཇི་ལྟར་བྱ་དགོས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁྲིམས་ལུགས་ཚགས་པར། སྤེལ་དུས། 07-20
དེ་རིང་ཨ་མ་རྒན་མོ་ལས་ཀར་བྲེལ་འཚུབ་ཆེ་བས་བཀྲ་ཤིས་མོའི་ཚབ་ཏུ་བྱིས་པ་ལེན་དུ་སོང་།
ཁོ་བྱིས་སྐྱོང་ཁང་དུ་ཐོན་དུས། བྱིས་པ་འགའ་མཉམ་དུ་རྩེད་མོ་རྩེ་བཞིན་ཡོད་པ་མཐོང་། གཅིག་གིས་གཅིག་བདའ་རེས་བྱེད་པའི་གོ་རིམ་ཁྲོད། བྱིས་པ་གཅིག་ཐང་དུ་འགྱེལ་མ་ཐག དགེ་རྒན་དང་བཀྲ་ཤིས་གཉིས་མྱུར་དུ་བརྒྱུགས་སོང་སྟེ་བྱིས་པར་རྨས་སྐྱོན་བཟོས་ཡོད་མེད་ལ་བལྟས། ཁོ་གཉིས་ཀྱིས་རྐང་སྣམ་ཡར་བརྫེས་པ་ན། རྐང་བའི་སྟེང་རྨ་ཁ་རྙིང་བ་ཡ་མཚན་ཞིག་ཡོད་པ་མཐོང་།
བཀྲ་ཤིས་ཀྱིས་དེ་ནི་རྨ་ཁ་ཆུང་ཆུང་ཞིག་མིན་པ་དང་དོན་དངོས་ངེས་པར་ཤེས་དགོས་སྙམ།
བཙན་ཤུགས་སྙན་ཞུའི་ལམ་ལུགས་གཏན་འཁེལ་ལྟར་ན། དགེ་རྒན་གྱིས་སྔོན་དུ་ངེས་པར་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་དགོས།
ཅི་ཞིག་ལ་བཙན་ཤུགས་ཡར་ཞུའི་ལམ་ལུགས་ཟེར་བ་དང་དེ་ནི་སུས་ཡར་ཞུ་བྱ་དགོས་ཤེ་ན། གཤམ་དུ་ཞིབ་དཔྱོད་དཔོན་ཚེ་རིང་གི་ཞིབ་ཕྲའི་འགྲེལ་བཤད་ལ་ཉན་པར་བྱ།
ཅི་ཞིག་ལ་བཙན་ཤུགས་ཡར་ཞུའི་ལམ་ལུགས་ཟེར།
ཉེ་ལམ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན། སློབ་གསོ་པུའུ། སྤྱི་བདེ་པུའུ། དམངས་སྲིད་པུའུ། ཁྲིམས་འཛིན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ《ནར་མ་སོན་པའི་མིར་གནོད་འཚེ་བཏང་བའི་གྱོད་གཞིར་བཙན་ཤུགས་ཡར་ཞུའི་ལམ་ལུགས་གཟུག་རྒྱུའི་ཐད་ཀྱི་བསམ་འཆར》(ཚོད་ལྟའི་ལག་བསྟར)འགྲེམས་སྤེལ་བྱས་པའི་གཏན་འཁེལ་ལྟར་ན།“ནར་མ་སོན་པའི་མིར་གནོད་འཚེ་བཏང་བའི་གྱོད་གཞི་ཤེས་རྟོགས་བྱུང་ཚེ། ངེས་པར་བཙན་ཤུགས་ཀྱིས་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་དགོས”ཞེས་བཀོད་ཡོད།
སུས་ཡར་ཞུ་བྱ་དགོས་ཤེ་ན།
《ནར་མ་སོན་པའི་མིར་གནོད་འཚེ་བཏང་བའི་གྱོད་གཞིར་བཙན་ཤུགས་ཡར་ཞུའི་ལམ་ལུགས་གཟུག་རྒྱུའི་ཐད་ཀྱི་བསམ་འཆར》གྱི་གཏན་འཁེལ་ལྟར་ན། “སྡོད(སྡེ)དམངས་ཨུ་ཡོན་ལྷན་ཚོགས། སློབ་གྲྭ སློབ་གསོའི་སྡེ་ཁག་དང་སློབ་གྲྭའི་རླངས་འཁོར་གྱི་ཞབས་ཕྱི་མཁན། སྨན་བཅོས་སྡེ་ཁག བྱིས་པའི་ཕན་བདེ་གླིང་སོགས་རོགས་སྐྱོར་སྡེ་ཁག སྤྱི་ཚོགས་བཟོ་ལས་ལས་ཁུངས། མགྲོན་ཁང་སོགས་ནར་སོན་མེད་པའི་སྐྱེ་བོར་འབྲེལ་འདྲིས་ཟབ་མོ་ཡོད་པའི་སྡེ་ཁག་ཡོད་ཚད་ནི་བཙན་ཤུགས་ཡར་ཞུ་བྱེད་པའི་སྡེ་ཁག་ཡིན། གོང་འཁོད་ཀྱི་སྡེ་ཁག་དང་དེའི་ལས་སྒྲུབ་མི་སྣ། སྤྱི་པའི་དབང་ཆ་སྤྱོད་མཁན་གྱི་རྩ་འཛུགས་ཁག གཞུང་ཞབས་པ་བཅས་ལ་བཙན་ཤུགས་ཡར་ཞུ་བྱེད་པའི་འོས་འགན་ཡོད” ཅེས་བཀོད་ཡོད།
གནས་ཚུལ་ག་འདྲའི་འོག་ཡར་ཞུ་བྱ་དགོས་ཤེ་ན།
ནར་མ་སོན་པའི་མིར་གནོད་འཚེ་ཕོག་ཚེ་ཡར་ཞུ་བྱ་དགོས་ཤིང་། དཔེར་ན་ནར་མ་སོན་པའི་མིར་རྒྱུན་ལྡན་མིན་པའི་རྨས་སྐྱོན་ཐེབས་པ་དང་ཚེ་ལས་འདས་པ། ཁྱིམ་ཚང་གི་དྲག་སྤྱོད་ཕོག་པ། འཚོ་བཅུད་མི་འདང་བའི་གནས་ཚུལ་ཚབས་ཆེན་ཡིན་པ། འདུ་ཤེས་གསལ་པོ་མིན་པ་བཅས་དང་། འདོར་སྐྱུར། བསླུ་འཚོང་ངམ་ཡང་ན་བསླུ་ཉོ་བྱས་པ་དོགས་གཞི་ཆེ་བའི་རིགས། རྩ་འཛུགས་བྱས་ཏེ་སློང་མོ་བྱེད་དུ་འཇོག་པའམ་ཡང་ན་ནར་སོན་མེད་པའི་བྱིས་པ་མོ་ལ་ཆགས་སྲེད་ཀྱི་གནོད་འཚེ་ཕོག་པ།མངལ་ཆགས་པ། མངལ་ཤོར་བ། དོགས་གཞི་ཡོད་པའམ་ཡང་ན་ཉེན་ཁར་འཕྲད་པ་ཀུན་ཡར་ཞུ་བྱ་དགོས།