སློབ་གསོ་པུས《སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོའི་མཛུབ་ཁྲིད་རྩ་གནད(ཚོད་ལྟའི་ལག་བསྟར)》བཀྲམ་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-21
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། 《དུས་རབས་གསར་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དོན་འཁྱོལ་གྱིས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་གསོ་སྐྱོང་གི་སློབ་གསོའི་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་ཆེད། སློབ་གསོ་པུས《སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོའི་མཛུབ་ཁྲིད་རྩ་གནད(ཚོད་ལྟའི་ལག་བསྟར)》བཀྲམ་ནས་ངལ་རྩོལ་སློབ་གསོའི་དམིགས་ཚད་ཀྱི་སྒྲོམ་གཞི་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོའི་ནང་དོན་གཙོ་བོ་དང་ཞིབ་ཕྲའི་བླང་བྱ་སོགས་ཁ་གསལ་བཟོས་པ་རེད།
མཛུབ་ཁྲིད་རྩ་གནད་ནང་བླང་བྱ་བཏོན་དོན། ངལ་རྩོལ་སློབ་གསོ་འདི་ཉིད་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བརྒྱུད་རིམ་ཡོངས་ནང་བཅུག་ནས་ངལ་རྩོལ་སློབ་གསོའི་ལག་བསྟར་ཐབས་ལམ་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་གཏོང་དགོས།སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་ངེས་པར་དུ་སྦྱོང་དགོས་པའི་ངལ་རྩོལ་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱེད་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་དུ་ངལ་རྩོལ་སློབ་གསོའི་སློབ་ཚན་ཆ་སྙོམས་གཟའ་འཁོར་རེར་སློབ་ཡུན་ཆུ་ཚོད་1ལས་མི་ཉུང་བ་དགོས། ལས་རིགས་སློབ་གྲྭས་ངེས་པར་དུ་སྦྱོང་དགོས་པའི་ངལ་རྩོལ་ཆེད་དོན་སློབ་གསོའི་སློབ་ཚན་བཙུགས་ནས་སྦྱོང་ཡུན་ཆུ་ཚོད་16ལས་མི་ཉུང་བ་དགོས། མཐོ་རིམ་སློབ་གྲྭ་དཀྱུས་མས་ངལ་རྩོལ་སློབ་གསོ་དེ་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཇུས་གཞིའི་ནང་བཅུག་ནས་གཞི་འཛིན་སའི་སློབ་ཚན་ཁ་གསལ་བཟོ་དགོས་པ་དང་། སྔར་ཡོད་ཀྱི་སློབ་ཚན་ཁྲོད་ངལ་རྩོལ་སློབ་གསོའི་རིགས་ཆེད་དམིགས་བཀོད་སྒྲིག་བྱེད་ཆོག་ལ། ངེས་པར་དུ་སྦྱོང་དགོས་པའི་ངལ་རྩོལ་གྱི་ཆེད་དོན་སློབ་གསོའི་སློབ་ཚན་ཆེད་དམིགས་བཀོད་སྒྲིག་ཀྱང་བྱེད་ཆོག དངོས་གཞིའི་དུས་མཚམས་སུ་སྦྱོང་ཡུན་32ལས་མི་ཉུང་བ་དགོས།
ངེས་པར་དུ་སྦྱོང་དགོས་པའི་ངལ་རྩོལ་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱེད་པའི་དུས་མཚུངས་སུ་མཛུབ་ཁྲིད་རྩ་གནད་ཀྱི་བླང་བྱའི་ནང་། ངལ་རྩོལ་སློབ་གསོའི་ཐབས་ལམ་ཐད་སློབ་ཁང་དང་སློབ་གསེང་ཟུང་འབྲེལ་བྱས་ཏེ་སློབ་གསེང་དང་སློབ་གྲྭ་ཕྱིའི་བྱེད་སྒོའི་ནང་ངལ་རྩོལ་ལག་ལེན་བཀོད་སྒྲིག་བྱེད་དགོས། སློབ་གྲྭ་འབྲིང་ཆུང་གིས་གཟའ་འཁོར་རེའི་སློབ་གསེང་བྱེད་སྒོ་དང་ཁྱིམ་ཚང་གི་ངལ་རྩོལ་དུས་ཚོད་ཐད། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཆུ་ཚོད་2ལས་མི་ཉུང་བ་དང་དེ་འཕྲོས་ཀྱི་ལོ་རིམ་ལ་ཆུ་ཚོད་3ལས་མི་ཉུང་བ་བཀོད་སྒྲིག་བྱེད་དགོས། ལས་རིགས་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་དཀྱུས་མ་སོགས་ཀྱིས་འཚོ་བའི་ངལ་རྩོལ་དོན་གནད་དང་དུས་ཚོད་ཁ་གསལ་བཟོས་ནས་སློབ་མའི་རྒྱུན་གཏན་གྱི་དོ་དམ་ནང་འཇུག་དགོས་ཞེས་ནན་བཤད་བྱས་ཡོད།
“ངལ་རྩོལ་བྱང་ཚད་དེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་གི་མ་ལག་ནང་འཇུག་རྒྱུ་ཡིན། ངལ་རྩོལ་སློབ་གསོའི་དམིགས་ཚད་གཞིར་བཟུང་ངལ་རྩོལ་བྱང་ཚད་ཀྱི་གདེང་འཇོག་ཚད་གཞི་བཟོ་བ་དང་། སློབ་མའི་ངལ་རྩོལ་བྱང་ཚད་མཐོར་གཏོང་དང་འཕེལ་རྒྱས་ཀྱི་གནས་ཚུལ་ཐད་ཀྱི་ཚད་ལེན་དང་དབྱེ་ཞིབ་ལ་སྣང་ཆེན་བྱས་ཏེ་ནམ་རྒྱུན་གྱི་རྣམ་འགྱུར་ལ་གདེང་འཇོག་དང་། སློབ་མཚམས་ཀྱི་ཕྱོགས་བསྡུས་གདེང་འཇོག སློབ་མའི་ངལ་རྩོལ་བྱང་ཚད་ཀྱི་ལྟ་ཞིབ་ཚད་ལེན་བཅས་དབྱེ་བ་ཕྱེ་ནས་སོ་སོར་བབ་མཚུངས་ཀྱི་བླང་བྱ་འདོན་དགོས། དེ་དང་དུས་མཚུངས་སུ་གྲངས་གཞི་ཆེན་པོ་དང་། སྤྲིན་ཚོམ་ལས་སྟེགས། ཟོག་འབྲེལ་དྲ་རྒྱ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་གདེང་འཇོག་བྱེད་སྟངས་དང་ཐབས་ལམ་ལེགས་སུ་གཏོང་དགོས”ཞེས་སློབ་གསོ་པུའུ་སློབ་གཞི་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད། །