གཙུག་ལག་ཁང་འདི་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང། རྒྱ་བཟའ་འུན་ཤིང་ཀོང་ཇོ་ཁབ་ཏུ་བསུས་རྗེས་བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་གཙོ་བཞུགས་བྱས་ཏེ་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་གསར་དུ་བསྐྲུན་པ་ནས་དབར་མི་ལོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང། དེའི་རིང་དུས་རབས་རིམ་ཅན་གྱི་ནང་ཉམས་གསོ་རྒྱ་སྐྱེད་ཐེངས་མང་བྱས་པ་བརྒྱུད་རིམ་བཞིན་ད་ཡོད་ཀྱི་གཞི་ཁྱོན་འདི་ལྟར་ཆགས་པ་ཡིན། ད་ལྟ་གཙུག་ལག་ཁང་ལྟེ་བ་ཐོག་ཚད་གསུམ་དང་མཚམས་བཞི་ཟུར་ལྕོག་རྣམས་བསྣན་ན་ཐོག་ཚད་བཞི་ཡིན་ཞིང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་ཉིས་ཁྲི་ལྔ་སྟོང་ཡས་མས་ཤིག་ཡོད་པ་དང་། ཕྱོགས་བཞིར་གསེར་ཟངས་ཀྱི་རྒྱ་ཕིབས་དང། ཁོ་ར་ཁོར་ཡུག་ཏུ་གསེར་ཟངས་ཀྱི་མདའ་ཡབ་པུ་ཤུ་དང་བཅས་པ་གསེར་འོད་ཆེམ་ཆེམ་འཕྲོ་བས་ཀུན་ནས་བརྒྱན་ཅིང་བརྗིད་ཆགས་པར་གནས་ཡོད། གཙུག་ལག་ཁང་འདིར་ཇོ་ཁང་གཙོ་བོ་བྱས་པའི་ལྷ་ཁང་བཅུ་ཕྲག་གཉིས་ལྷག་གི་ནང་ལ་ལི་མ་དང། གསེར་ཟངས། འཇིམ་པ་ལ་སོགས་པའི་སྐུ་བརྙན་ཆེ་ཆུང་སྣ་ཚོགས་དང། སྟེང་ཤོད་བར་གསུམ་ཁྱམས་ར་དང་བཅས་པར་གཞི་རྒྱ་ཆེ་བའི་ལྡེབས་རིས་རྣམ་པ་སྣ་ཚོགས་བཅས་ཀྱིས་བྱུར་བུར་གཏམས། ལྷ་ཁང་འདིའི་རྣམ་མང་བཟོ་བསྐྲུན་གྱི་རིག་གནས་དངོས་པོའི་ཐོག་ནས་བོད་ཀྱི་ངལ་རྩོལ་མི་དམངས་ནི་ལས་ལ་བརྩོན་ཞིང། ཕུན་སུམ་ཚོགས་པའི་ཤེས་རིག་དང་ལྡན་པ་ཞིག་ཡིན་པ་གང་ལེགས་མཚོན་པ་མ་ཟད། སྐྲུན་དངོས་འདི་ནི་རྒྱ་བོད་སྤུན་ཟླ་མི་རིགས་དབར་གནའ་རབས་ནས་བཟུང་ཕན་ཚུན་འགྲོ་འོང་དང་མཐུན་སྒྲིལ་མཉམ་ལས་ཡུན་རིང་བྱས་པའི་ལོ་རྒྱུས་ཀྱི་དངོས་དཔང་ཞིག་ཡིན་པའང་མཚོན་གྱི་ཡོད།
གཞི་རྩའི་གནས་ཚུལ།
བོད་ཡིག་གི་མིང་།ལྷ་ལྡན་འཕྲུལ་གྱི་གཙུག་ལག་ཁང་།
རྒྱ་ཡིག་གི་མིང་།大昭寺
ཕྱི་ཡིག་གི་མིང་།Jokhang Temple/Qokang Temple
གནས་ཡུལ།བོད་ལྗོངས་ལྷ་ས་གྲོང་ཁྱེར།
བཞེངས་དུས།སྤྱི་ལོ་དུས་རབས་བདུན་པའི་ནང་།
དཀར་ཆག
1 གསར་དུ་བསྐྲུན་པའི་སྐོར།
2 གཙུག་ལག་ཁང་བསྐྲུན་པའི་དམིགས་ཡུལ།
3 ཕྱིས་ཀྱི་དར་རྒུད་སྣ་ཚོགས།
1 གསར་དུ་བསྐྲུན་པའི་སྐོར།
ལྷ་ས་གཙུག་ལག་ཁང་འདི་ནི། བཙན་པོ་སྲོང་བཙན་སྒམ་པོས་བོད་དུ་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་གཏོང་བའི་རྟེན་གཞིར་དམིགས་ནས་བཙུགས་གནང་བ་ཞིག་ཡིན་པ་མ་ཟད། དེ་རྗེས་བཙན་པོ་མི་རྒྱུད་རིམ་ཅན་གྱིས་ཆོས་ལུགས་རྒྱུན་འཛིན་བྱེད་པའི་གདུང་རྒྱུད་ཀྱི་ལྷ་ཁང་ལྟེ་བ་འབའ་ཞིག་ཏུ་བརྩིས་པ་བཅས་མཚོན་གྱི་ཡོད། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་བཙུགས་པའི་ཆོས་བརྩེགས་ཀྱི་རྡོ་རིང་ཡི་གེར་བཙན་པོ་མེས་ཁྲི་སྲོང་བཙན་གྱི་རིང་ལ་ར་སའི་པེ་ཧར་བརྩིགས་ཏེ་སངས་རྒྱས་ཀྱི་ཆོས་མཛད་ཚུན་ཆད། བཙན་པོ་ཡབ་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ་བྲག་དམར་གྱི་ཀ་ཆུར་གཙུག་ལག་ཁང་བརྩིགས་ཏེ་སངས་རྒྱས་ཀྱི་ཆོས་མཛད་ཕན་ཆད་ཅེས་གསལ་བ་དང། སྤྱི་ལོའི་དུས་རབས་དགུ་པའི་དུས་འགོ་ཚུགས་པའི་ཡས་མས་ཙམ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྐར་ཆུང་གཙུག་ལག་ཁང་བཙུགས་པའི་སྐར་ཆུང་རྡོ་རིང་ཡི་གེར། འཕྲུལ་གྱི་ལྷ་བཙན་པོ། མྱེས། ཁྲི་སྲོང་བཙན་གྱི་རིང་ལ། སངས་རྒྱས་ཀྱི་ཆོས་མཛད་དེ། ར་སའི་གཙུག་ལག་ཁང། ལས་སྩོགས་པ་བརྩིགས་ཤིང། དཀོན་མཆོག་གསུམ་གྱི་རྟེན་གཙུགས་པ་དང། མྱེས་ཁྲི་འདུས་སྲོང་གི་རིང་ལ། གླིང་གི་ཁྲི་རྩེ་ལས་སྩོགས་པར། གཙུག་ལག་ཁང་བརྩིགས་ཏེ་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང། དེ་མཚུངས་གཙུག་ལག་ཁང་གི་དཀར་ཆག་ཏུ་མངའ་བདག་ཁྲི་རལ་གྱིས་འོད་འཆང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བརྩིགས་པའི་ཕུད་དུ་བཞེངས་པའི་ཚངས་པ་དང་བརྒྱ་བྱིན་གྱི་སྐུ་ཞེས་གསལ་བ་སོགས་ལོ་རྒྱུས་རྒྱས་པ་ཚང་མར་ཡང་དེ་ལྟར་འཁོད་པ་ཙམ་དུ་མ་ཟད། ལོ་རྒྱུས་ཀྱི་ཡིག་ཆ་དང་ཡོངས་སུ་མཐུན་པའི་རིག་རྫས་ཀྱི་དངོས་པོ་རྣམས་ད་ལྟའང་དངོས་སུ་གནས་ཡོད། གཞན་ཡང་རྒྱལ་རབས་ཡིག་ཚང་དང། ཆོས་འབྱུང་ཁག་གཅིག་ནང་སོ་སོར་འདི་ལྟར་བྲིས་ཡོད་དེ། ཀོང་ཇོ་རྒྱལ་པོ་དང་མཇལ། ཡབ་ཡུམ་གསུམ་བློན་འབངས་དང་བཅས་དགྱེས་ཤིང་དགའ་བ་སྤྱོད་དོ།། དེ་ནས་རྒྱལ་པོའི་ཐུགས་ལ་ལྷ་རྟེན་གསུངས་རབས་འདི་པ་བཞུགས་པའི་གཙུག་ལག་ཁང་ཞིག་བཞེངས་དགོངས་ཞེས་པ་དང། དེ་ཡང་རྒྱལ་པོའི་ཞལ་ནས། བོད་འབངས་རྣམས་ངའི་ལྷ་ཁང་བཞེངས་པའི་གྲོགས་བྱ་དགོས་སོ་ཞེས་བཀའ་བསྩལ་པས་ཐམས་ཅད་ཡུལ་གྲུ་སོ་སོར་འདུས་ནས། ལྷ་ཁང་རྩིག་པའི་འདུན་མ་བྱེད་དོ། །
2 གཙུག་ལག་ཁང་བསྐྲུན་པའི་དམིགས་ཡུལ།
གཙུག་ལག་ཁང་དེ་རྟེན་གཞིར་བཟུང་སྟེ། སངས་རྒྱས་ཆོས་ལུགས་བོད་ཡུལ་ཀུན་ལ་ཁྱབ་པ་བྱེད་རྒྱུ་དེ་རེད། འོན་ཀྱང་བསྟན་པ་ཕྱི་དར་གྱི་རྗེས་སུ་བྱུང་བའི་ལོ་རྒྱུས་ཆོས་འབྱུང་ཁག་གཅིག་ནང། གཙུག་ལག་ཁང་འདི་གསར་དུ་བསྐྲུན་པའི་སྐོར་ལ་གོང་དང་མི་མཐུན་པའི་བཤད་ཚུལ་སྣ་ཚོགས་ཤིག་འཁོད་པ་དེ་དག་ལས་ཅུང་ཡོངས་གྲགས་ཆེ་བའི་བརྗོད་དོན་རྣམས་གོ་བདེ་བར་རགས་བསྡུས་བྱས་ན་འདི་ལྟར་ཏེ། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་བློན་ཆེན་མགར་སྟོང་བཙན་དང་ཐོན་མི་སོགས་ལ་བལ་བཟའ་དང། རྒྱ་བཟའ་གཉིས་བཙུན་མོར་ལེན་རྒྱུའི་སྐོར་གསུངས་པ་ལྟར་བློན་ཆེན་རྣམས་དང་གཙོ་བོའི་མི་བདུན་བཅས་གྲོས་བྱས་ནས་དེ་གཉིས་ཀ་བསུ་རྒྱུ་ཐག་བཅད་ཅིང། ཐོག་མར་བལ་བཟའ་ཁྲི་བཙུན་བླངས་པའི་རྫོངས་སྐྱེས་སུ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང། བྱམས་པ་ཆོས་འཁོར་སོགས་གདན་དྲངས་ཏེ་བོད་དུ་འབྱོར་བ་དང། དེ་ནས་སླར་ཡང་ཐང་གོང་མའི་བུ་མོ་རྒྱ་བཟའ་འུན་ཁྲེན་ཀོང་ཇོ་བཙུན་མོར་བསུས་རྗེས་རྫོངས་སྐྱེས་སུ་ཤཱཀྱ་མུ་ནེ་གནང་ནས་བོད་དུ་ཡོང། ཀོང་ཇོ་ལྷ་སར་འབྱོར་སྐབས་ཤཱཀྱ་མུ་ནེ་འདྲེན་སའི་ཤིང་རྟ་ར་མོ་ཆེའི་ཐང་དུ་བྱེ་འདམ་ནང་བྱིང་བ་ཇི་ལྟར་བྱས་ཀྱང་འདོན་མ་ཐུབ་པར་བརྟེན། ཀོང་ཇོའི་སེམས་ལ་ཇི་ལྟར་ཡིན། ཅིའི་རྟགས་ཡིན་སྙམ་སྟེ་རྒྱའི་སྤོར་ཐང་བརྒྱད་ཅུའི་གབ་རྩེ་བཏིངས་ནས། སྤྱིར་བོད་ཁམས་ཡོངས་ཀྱི་ས་དབྱིབས་ཆགས་ཚུལ་དང་། ཡང་སྒོས་ལྷ་སའི་ཉེ་འཁོར་གྱི་ས་དཔྱད་ལེགས་ཉེས་ལ་བརྟག་པ་བྱས་ཏེ་ཡུལ་གྱི་གནོད་པ་ཞི་བ་དང་རང་བཞིན་གྱི་ཡོན་ཏན་དེ་རྒྱས་ཞིང་འཕེལ་བར་བྱ་བའི་ཕྱིར་འོ་ཐང་གི་མཚེའུ་བསུབས་པའི་སྟེང་དུ་གཙུག་ལག་ཁང་ཞིག་བཞེངས་དགོས་པར་མཁྱེན། དེ་རྗེས་བལ་བཟའ་ཁྲི་བཙུན་གྱིས་ཆོས་རྒྱལ་སྲོང་བཙན་གྱི་རྒྱབ་སྐྱོར་འོག་གཙུག་ལག་ཁང་གསར་བསྐྲུན་གྱི་བྱེད་སྒོ་ཚུགས་ཤིང“འཕན་པོ་ནས་ར་དཀར་མོར་ས་བཀལ་ནས་མཚོ་བསུབ” “དེའི་ཕྱི་ལོར་མཚོ་བསུབས་པའི་སྟེང་དུ་ཐིག་བཏབ་ནས་རྒྱ་གར་གྱི་གཙུག་ལག་ཁང་དཔེ་བྱས་ཏེ་གཟིངས་འབྲིང་པོའི་ཚད་དུ་རྨང་གཏིངས” རྒྱ་བཟས་ཀྱང་རྒྱ་ཡུལ་ནས་ཤིང་བཟོ་བ་དང། ལྷ་བཟོ་བ་མང་པོ་བོས་ནས་རྒྱ་སྟག་ར་མོ་ཆེའི་ལྷ་ཁང་བཞེངས་པ་དེ་གཉིས་ཀ་ཟླ་བ་བཅུ་གཉིས་ཀྱི་དུས་ཡུན་ནང་མཉམ་དུ་ལེགས་པར་བསྐྲུན་ཟིན་པ་དང་གཞན་ཡང་རྒྱ་བཟའ་ཀོང་ཇོའི་རྩིས་ཁོག་ནས་བཤད་པའི་ཉེ་བའི་ས་དགྲ་བཟློག་ཆེད། གཙུག་ལག་ཁང་འདིའི་ཤར་ལྷོར་རྡོ་ལས་བསྐྲུན་པའི་དབང་ཕྱུག་ཆེན་པོའི་རྟེན་དང། ལྷོ་ནུབ་ཏུ་རྡོ་བརྐོས་བྱ་ཁྱུང། ནུབ་ཏུ་རྡོའི་མཆོད་རྟེན། བྱང་དུ་རྡོའི་སེང་གེ་སོགས་ཀྱི་ཁ་རྣམས་ཕྱོགས་དང་ཕྱོགས་མཚམས་སོ་སོར་གཏད་དགོས་པར་བསྟན་པ་སོགས་ལོ་རྒྱུས་ཀྱི་ཡིག་ཆར་བྲིས་པ་དང་ཡོངས་སུ་མཐུན་པ་ལྷ་ཁང་ལྟེ་བའི་བར་ཁང་གི་ཕྱི་ལྡེབས་རྩིག་པའི་ངོས་སུ་ད་ལྟའང་གནས་ཡོད། སྲོང་བཙན་སྒམ་པོས་རྒྱ་བལ་གྱི་རྒྱལ་པོ་གཉིས་ལས་བུ་མོ་སློང་སྐབས་ཀྱི་ཁ་ཆད་བཙན་པར་བྱ་བའི་ཕྱིར་གཙུག་ལག་ཁང་དེའི་སྒོ་ནུབ་དང། ར་མོ་ཆེ་ལྷ་ཁང་གི་སྒོ་ཤར་ལ་གཏད་དུ་བཅུག་པ་སོགས་གསལ་ལོ། ། གཙུག་ལག་ཁང་གི་གཙང་ཁང་ལྟེ་བའི་ནང་ད་ལྟ་ཇོ་བོ་སྐུ་རྒྱབ་ན་སྔ་སོར་གནས་པའི་སྐུ་འདི་ལ། འཇིམ་པ་ལས་གྲུབ་པའི་འཁོར་ཉེ་བའི་སྲས་བརྒྱད་བཞེངས་སྟབས་སུ་བཞུགས་པའི་བསྐོར་བ་དང། དེའི་གཡས་ངོས་ལྷ་ཁང་ནང་འཇིམ་པའི་འོད་དཔག་མེད་འཁོར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། གཡོན་ངོས་ལྷ་ཁང་དུ་བལ་བཟའི་རྟེན་སྐལ་དུ་གྲགས་པའི་ལི་དམར་གྱི་བྱམས་པ་ཆོས་འཁོར། འཁོར་འཇིམ་པའི་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱིས་བསྐོར་བ། བྱང་ཕྱོགས་ཀྱི་གཙང་ཁང་དུ་དབུས་མར་འཇིམ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། འཁོར་བརྒྱད་ཀྱིས་བསྐོར་བ། ལྷོ་ཕྱོགས་ཀྱི་གཙང་ཁང་དབུས་མར། བལ་བཟའི་རྟེན་སྐལ་དུ་གྲགས་པའི་ལི་མའི་ཇོ་བོ་མི་བསྐྱོད་རྡོ་རྗེ། འཁོར་འཇིམ་སྐུ་བརྒྱད་ཀྱིས་བསྐོར་བ། སེང་ལྡེང་སྒོ་མོའི་ནང་གི་བྱང་ངོས་གནོད་སྦྱིན་ཁང་དུའཇིམ་སྐུ་ལྔ་དང། ལྷོ་ངོས་ཀླུ་ཁང་ནང་འཇིམ་སྐུ་གསུམ། ནུབ་ཕྱོགས་གཙང་ཁང་གི་དོད་དུ་བར་ཁང་སྒོ་ཐོད་ཀྱི་ལྷ་ཁང་ནང་འཇིམ་པའི་སངས་རྒྱས་རབས་བདུན་བཅས་བཞེངས་ཚུལ་གསལ་བ་ལྟར་སྐབས་དེར་ཁྱོན་བསྡོམས་ལྷ་ཁང་བརྒྱད་བཞེངས་པར་སྣང། དེ་རྗེས་ར་སའི་ལྷ་ཁང་བཞེངས་པ་དང་དུས་མཉམ་དུ་ར་མོ་ཆེའི་ལྷ་ཁང་གསར་དུ་བསྐྲུན་ནས་སྐབས་ཤིག་རིང་དེ་གར་བཞག་པ་དང། དེ་རྗེས་སྤོ་ཤུགས་བྱས་པའི་སྐོར་ལ“མང་སྲོང་བཅུ་གསུམ་ཞེས་པས་རྒྱལ་ས་མཛད། རྒྱ་དམག་བོད་དུ་འོང་བའི་གཏམ་གསན་ནས། སྟོན་པའི་སྐུ་ཚད་དགུངས་ལོ་བཅུ་གཉིས་པ། ར་སའི་སྒོ་མོ་མེ་ལོང་ཅན་དུ་བཞུགས། སྒོ་ལ་ཞལ་བ་བྱས་ཏེ་འཇམས་དབྱངས་བྲིས”ཞེས་གསལ་བ་ལྟར་ན་སྲོང་བཙན་གཤེགས་ནས་མང་སྲོང་མང་བཙན་ཁྲི་ལ་འཁོད་མ་ཐག་པའི་སྐབས་སུ་རྒྱ་བོད་དབར་འཁྲུག་རྐྱེན་ཞིག་ལངས་ཏེ་ཐང་གི་དམག་དཔུང་བོད་དུ་འབྱོར་ལ་ཉེ་བའི་གཏམ་ཐོས་པར་བརྟེན་རྒྱ་བཟའ་ཀོང་ཇོས་འཁྱེར་ཡོང་བའི་ལྷོ་ངོས་གཙང་ཁང་གི་རྟེན་གཙོ་ཇོ་བོ་མི་བསྐྱོད་རྡོ་རྗེ་ར་མོ་ཆེར་སྤོ་ཚུལ་བཅས་གྲགས་པ་འདི་བཤད་ཚུལ་ཡོངས་གྲགས་ཆེ་ཤོས་ཡིན།
3 ཕྱིས་ཀྱི་དར་རྒུད་སྣ་ཚོགས།
འདུས་སྲོང་མང་པོ་ཆེའི་སྐབས་སུ། སྤྱི་ལོའི་དུས་རབས་བདུན་པའི་མཐའ་མཇུག་ཙམ་ལ་ལྷ་སར་མེས་ཀྱི་དགོངས་དུས་མཆོད་པ་བཙུགས། ཞེས་གསལ་བས་སྲོང་བཙན་གཤེགས་པའི་ལོ་དུས་ཀྱི་མཆོད་པ་ཞིག་འགོ་བཙུགས་པ་དང། དུས་དེར་ལྷ་ཁང་འདིར་བཀུར་བསྟི་དང་མཆོད་པ་བྱེད་པ་མ་ཟད། དཀོན་གཉེར་གྱི་རྒྱའི་ཧ་ཤང་ཡོད་པའི་ལོ་རྒྱུས་འདུག དེ་ནས་ཁྲི་ལྡེ་གཙུག་བརྟན་འདས་རྗེས་ཀྱི་སྐོར་ལ། ཡབ་རྒྱལ་པོ་ཡར་འབྲོག་རྦ་ཚལ་དུ་ཆིབས་སྒྲོན་པས་གྲོངས་པ་དང། རྒྱལ་བུ་ནར་མ་སོན་པས་ཞང་མ་ཞང་གྲོམ་པ་སྐྱེས་ཆོས་བཤིག་པའི་ཚེ། ར་ས་པེ་ཧར་དུ་བཟོའི་གྲྭ་བགྱིས། སྐུ་གཟུགས་ཀྱི་ཕྱག་ལ་ལུག་ཁོག་བཀལ། དེ་བཞིན་གཞན་ནའང“ལྷ་ས་པེ་ཧར་དུ་བཟོ་གྲྭ་བགྱིས། བཤས་བྱས་ནས་ལྡེར་ཚོ་ལ་པགས་པ་གཡོགས། ཕྱག་ལ་ནང་ཆ་དང་ལུག་ཁོག་བཀལ”ཞེས་འཁོད་ཅིང་དེ་རྗེས་ཁྲི་སྲོང་ལྡེ་བཙན་ཆེར་ལོངས་ནས་ར་ས་གཙུག་ལག་ཁང་ཉམས་པ་གསོས་ཐོག་རྒྱ་ཆེར་བཏང་པ་དང། སྐབས་དེར་སངས་རྒྱས་ཆོས་ལུགས་བོད་ཁུལ་ཡོངས་ལ་ཁྱབ། ཁྲི་སྲོང་གི་སྲས་མུ་ནེ་བཙན་པོ་ཆོས་འཁོར་གསུམ་དུ་མཆོད་ཆེན་བཞི་བཙུགས། སྲས་ཆུང་བ་ཁྲི་ལྡེ་སྲོང་བཙན་གྱི་སྐབས“རྒྱལ་པོ་དེས་ཡབ་མེས་ཀྱི་ཐུགས་དམ་ཞིག་རལ་གསོ་བ་དང། ར་སའི་ཁྱམས་ཁྲ་མོ་བཞེངས་པ་ལ་སོགས་པའི་ཕྱག་རྗེས་མང་དུ་མཛད”ཅེས་གསལ་ཞིང། གཞན་དུའང་ཁྲི་ལྡེ་སྲོང་བཙན་གྱིས“སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་ཤིང། ར་སར་ཁྱམས་ཁྲ་བཟོས”ཞེས་གསལ། ཁྲི་གཙུག་ལྡེ་བཙན་གྱི་རིང་སངས་རྒྱས་ཀྱི་ཆོས་ལུགས་དར་བར་བྱས་པས་མ་ཚད། ཐ་ན་བྲེ་སྲང་དང་ཞོ་ཆ་ཚུན་རྒྱ་གར་དབུས་འགྱུར་ཚུལ་དང་མཐུན་པར་བཅོས། རབ་ཏུ་བྱུང་བ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ་ཞེས་གསལ་ཞིང། དེ་ཚེ་བློན་པོ་འགའ་དང་ཉང་བན་ཤའི་སྤྱན་བཅས་སོགས་པས་ལྷ་སར་ཤར་དུ་བཀར་རུ་དམེར་དུ། ལྷོར་དགའ་བ་དང་དགའ་བའི་འོད། ནུབ་ཏུ་བྲན་ཁང་དང་བྲན་ཁང་ཐ་མ་ལ་སོགས་པའི་ལྷ་ཁང་བྱས་ཞེས་གསལ་བ་བཅས་གང་ལྟར་སྤྱི་ལོ820ཡས་མས་ཙམ་ལ་གཙུག་ལག་ཁང་འདིའི་མཐའ་སྐོར་དུ་ལྷ་ཁང་ངམ་གྲྭ་ཁང་ཁག་ཅིག་གསར་སྐྲུན་བྱས་པར་མངོན་ཡང་དེང་སང་ཤར་ངོས་སུ་རྨེ་རུ་རྙིང་པ་ཟེར་བའི་མིང་ཙམ་བསྡད་པ་ལས་གཞན་རྣམས་སྔ་ས་ནས་ཐོར་ཞིག་གམ་བཟོ་བཅོས་རྒྱ་སྐྱེད་ཁོངས་ཚུད་པས་དུས་ཕྱིས་བསྡད་མེད། དེ་རྗེས་བཙན་པོ་དར་མ་འུ་དུམ་བཙན་གྱི་སྐབས། “པཎ་ཌི་ད་ན་ཤི་ལའི་ཉེ་གནས་ཁ་ཆེ་ཨུདྤལས་གསེར་དངུལ་གྱི་བྱམས་པ་མཆེད་བཞི་བཞེངས། དེའི་ཚེ་སད་སེར་དང་ཡམས་ནད་འབྱུང་བས་ཆོས་བྱེད་པ་བཀྲ་མི་ཤིས་སོ་ཞེས་དེ་ལ་བསྙད་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས། གཙང་ཁང་གི་སྒོ་རྩིག་ནས་བཙུན་པ་ཆང་འཐུང་བའི་རི་མོ་བྲིས་ཏེ་བཞག ལྷ་ས་བསམ་ཡས་གཉིས་ཀར་དུ་དང་པོར་བཤས་ཁང་བྱས། ཕྱི་ཝ་ཚང་དང་སྤྱང་ཚང་བཅས”ཞེས་གསལ་བ་ལྟར་སྐབས་དེ་ནས་བཟུང་ཉམས་རྒུད་ཆེ་ཙམ་བྱུང་བར་གྲགས། དེའི་དུས་ཚོད་ནི་སྤྱི་ལོ847ཙམ་ལ་ཡིན་པ་བཅས་ད་ཕན་ལོ་ཆིག་སྟོང་བརྒྱ་ལྷག་གི་གོང་བོད་དུ་བསྟན་པ་སྔ་དར་དུས་རབས་ནང་ལྷ་ཁང་འདིར་འགྱུར་ལྡོག་ཇི་ལྟར་བྱུང་བའི་ལོ་རྒྱུས་ཡོངས་གྲགས་ཆེ་བ་མདོར་བསྡུས་ཙམ་བཀོད་ཟིན་ཏོ། ། གཉིས་པ། ལྷ་ས་གཙུག་ལག་ཁང་འདིར་རྒྱ་སྐྱེད་དང་གཞི་རྒྱ་ཅུང་ཆེ་བའི་ཉམས་གསོ་བྱ་རིམ་གྱི་སྐོར། བོད་དུ་བསྟན་པ་ཕྱི་དར་འགོ་ཚུགས་པའི་རྗེས་སུ་རིམ་བཞིན་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ། སྟོད་མངའ་རིས་ཟངས་དཀར་ནས་ཡིན་པའི་སྒྲ་སྒྱུར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་མདོལ་ཆུང་སྐོར་དཔོན་བྱ་བ་དང་མཉམ་དུ་ལྷ་ཁང་འདིར་བཟོ་བཅོས་དང་ཉམས་གསོ་ཆེ་ཙམ་བྱས་འདུག དེ་ཡང་། ཟངས་དཀར་ལོ་ཙཱ་བས་ཤར་གྱི་གློ་འབུར་སྐྱེད་ཅིང། ནང་དུ་སྐུ་གཟུགས་མང་དུ་བཞེངས་ཞེས་གསལ་བ་ལྟར་སྐབས་དེར་གཙུག་ལག་ཁང་ལ་ཉམས་གསོ་བྱས་པའི་ལོ་རྒྱུས་ཀྱང་ཕལ་ཆེར་བོད་རབ་བྱུང་དང་པོའི་མེ་འབྲུག1076ལོའི་ཡས་མས་ཙམ་ཡིན་པར་སྣང། དེ་རྗེས་གཙུག་ལག་ཁང་འདིར་རིམ་བཞིན་སྨད་འདུལ་གྱི་སྡེ་བཞི་ཟེར་བའི་གྲྭ་ཚང་བཞི་ཆགས་ནས་སྐབས་ཤིག་གི་རིང་དགོན་པའི་རྣམ་པར་གྱུར་ཞིང་ཡང“ར་སར་ཀླུ་མེས་ཟ་རགས་འབིང་ཆོ་སྟེ་སྨད་འདུལ་གྱི་སྡེ་བཞི་ཆགས་ནས་བཤད་ཉན་དང། ཕྱིས་རྦ་འབྲིང་གི་སྡེ་འཁྲུག་བྱུང་བས་གཙུག་ལག་ཁང་གི་མཐའ་བསྐོར་རྣམས་དམག་གིས་ཞིག ཉམས་དམས་པའི་ཚེ་རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་པོ(1116ནས1169)བྱོན་ནས་སྡེ་འཁྲུག་བསྡུམས། སླར་ཁྱམས་ཁྲ་བར་སྐོར་སོགས་ཀྱི་ཐོག་རྩིག་པ་རི་མོ་སོགས་ཐམས་ཅད་གཞིག་ནས་བཅོས”ཞེས་དང། ཡང“དེ་ནས་འདྲེ་སྲིན་གདུག་པ་ཅན་འཁྲུག་ནས་ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་མེས་བསྲེགས། རེ་ཧྲུལ་དུ་སོང་ནས་གསོ་མཁན་མེད། ལྷ་ས་སྡེ་བཞི་འཁྲུག་པ་ཤོར་ནས་དེའི་སྡུམ་ལ་བྱོན། རེ་ཧྲུལ་སྟོང་པ་དེར་བཞུགས། འཕྲུལ་སྣང་གི་ལྕགས་རི་དང། སྐོར་ཁང་དང། སྤེན་བད་དང་ཞལ་བ་ལ་སོགས་པའི་ཞབས་རྟོགས་མང་དུ་མཛད”ཅེས་སོགས་གསལ་ཡང་རབ་བྱུང་གསུམ་པའི་མེ་ཕག1167ལོར་ཉམས་གསོ་ཟིན་པ་དེར་བལྟས་ན་ལྷ་ཁང་ལྟེ་བར་གཏོར་བཤིག་འཁེལ་ཡོད་བཟོ་མི་འདུག དྭགས་པོ་སྒོམ་ཚུལ་གྱིས་ལྷ་ཁང་ཉམས་གསོ་གནང་ཟིན་རྗེས་ར་སའི་གཙུག་ལག་ཁང་གཉིས་སློབ་མ་དམ་པ་ཞང་རིན་པོ་ཆེ་ལ་གཏད་ཅེས་གསལ་བ་ལྟར་ལྷ་ཁང་འདི་དང་ར་མོ་ཆེ་གཉིས་ཀ་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པར་བདག་གཉེར་དགོས་པའི་མངགས་བཅོལ་གནང་བ་བཞིན་བླ་མ་ཞང་གིས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཞབས་འདེགས་སུ་རབ་བྱུང་གསུམ་པའི་ཤིང་ལུག1175ལོར་ཚལ་དང། མེ་ལུག1187ལོར་གུང་ཐང་གི་གཙུག་ལག་ཁང་བཏབ་ཅེས་འཁོད་པ་ལྟར་དགོན་པ་དེ་གཉིས་ནས་གྲྭ་པ་འདེམས་སྒྲུག་གིས་གཙུག་ལག་ཁང་དང་ར་མོ་ཆེར་དཀོན་གཉེར་མངགས་གཏོང་སོགས་བདག་གཉེར་ཚགས་སུ་ཚུད་པ་མཛད་ཅིང། དེ་རྗེས་བླ་མ་ཞང་གཤེགས་ནས་དེའི་སློབ་རྒྱུད་དང་ཚལ་པ་ཁྲི་དཔོན་མི་རབས་རིམ་ཅན་གྱིས་གཙུག་ལག་ཁང་འདིའི་བདག་གཉེར་རྒྱུན་རིང་བྱས། ཡོན་རྒྱལ་རབས་སྐབས། ཚལ་པ་ཁྲི་དཔོན་མི་རབས་རིམ་ཅན་གྱིས་ལྷ་ཁང་འདིར་ཉམས་གསོ་དང། བཟོ་བཅོས་ལྷ་སྐུ་གསར་བཞེངས་སོགས་རིམ་པར་བྱས་འདུག དེ་ཡང་བླ་མ་ཞང“དེའི་ཉེ་གནས་ཚལ་དཔོན་དར་མ་གཞོན་ནུ་ལ་སོགས་པ་རིམ་པར་བྱུང་བ་རྣམས་དང། ཕྱིས་བློན་པོ་མགར་གྱི་མི་རྒྱུད་ཚལ་དཔོན་སངས་རྒྱས་དངོས་གྲུབ་ཕྱིས་མི་རྒྱུད་ལ་འཇགས་པ་རྣམས་ཀྱིས་ཆོས་རྒྱལ་ཡབ་ཡུམ་གྱི་སྐུ་བཞེངས་པ་དང། སྒོ་ཁང་ཕྱི་མ། སྒོ་སྲུང་མ་མགོན། སེང་ལྡེང་སྒོ་གླེག་དང་བཅས་པ་ཕུལ”ཞེས་གསལ། མིང་རྒྱལ་རབས་ཁྲི་ལོ་ཧུང་ཝུ་ཡི་དུས་དཀྱིལ་ཙམ་ལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་སྡེ་སྲིད་ཕག་མོ་གྲུ་པར་ཞུ་བསྐུལ་མཛད་དེ་ལྷ་ས་གཙུག་ལག་ཁང་འདིར་ཉམས་གསོ་རྒྱ་སྐྱེད་གཞི་ཁྱོན་ཆེ་ཙམ་ཞིག་གནང་འདུག དེ་ཡང“སྡེ་སྲིད་རིན་པོ་ཆེས་ཀྱང་སྣེའུ་པ་ནམ་མཁའ་བཟང་པོ་དང་བྲག་དཀར་བ་སོགས་སྐྱིད་ཕན་གྱི་རྫོང་གཉེར་རྣམས་ལ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་བཀའ་བཞིན་སྒྲུབ་ཏུ་བཅུག་སྟེ་ཉང་སེར་སྨན་རི་ནས་དོ་མོ་ཆེས་ཐོག་དྲངས་ཁྱམས་དང་བར་སྐོར་གྱི་རྡོ་གཅལ་བརྗེས། གནས་གཡེང་རྡོ་རྗེའི་ར་བ་བཅུ་གཉིས། ཐོག་མཐུད་ཀ་བ་བཅུ། ཁྱམས་ཀ་བ་བཅུ་རྣམས་སྣེའུ་རྫོང་པ་ལ་བཀའ་གནང་སྟེ་བསྒྲུབས”ཞེས་གསལ་བ་ལྟར་ལྷ་ཁང་ཉམས་གསོའི་ལས་གྲྭ་མཇུག་འགྲིལ་མཚམས་རྗེ་ཙོང་ཁ་པས་བོད་རབ་བྱུང་བདུན་པའི་ས་གླང1409ལོར་ཤཱཀྱ་མུ་ནེར་གསེར་གྱི་དཔྲོག་ཞུ་ཕུལ་ནས་ལོངས་སྐུའི་ཆ་བྱད་དུ་བསྒྱུར་པ་དེ་ནས་བཟུང་ཇོ་བོ་རིན་པོ་ཆེ་ཞེས་པའི་ཐ་སྙད་ཆགས་ཤིང། བྱང་ཤར་གཡུང་དྲུང་ཁུག་ཏུ་རྡོ་སྐས་ཀྱི་འགོར་ཙོང་ཁ་པ་རང་གི་སྣང་བརྙན་རྗེ་ང་འདྲ་མ་ཟེར་བའང་གསར་དུ་བཞེངས། ས་གླང་བོད་ཟླ་དང་པོར་ཆོ་འཕྲུལ་དུས་ཆེན་དང་བསྟུན་ནས་གྲྭ་བཙུན་སྟོང་ཕྲག་འགའ་ཤས་ཞུགས་པའི་སེར་ཚོགས་ཆེན་པོ་ཞིག་སྐོང་འཚོགས་དང། ཚེས་བཅོ་ལྔའི་ནུབ་མོ་ལྷ་ཁང་གི་ནང་དང་བར་སྐོར་གྱི་ཁྲོམ་ལམ་བཅས་པར་གཏོར་མ་དང་མེ་འབོར་ཆེན་ཞིག་སྒྲིག་འབུལ་བཅས་གནང་བ་དེ་ནས་བཟུང་ལོ་ལྟར་བོད་ཟླ་དང་པོར་གྲྭ་པ་སྟོང་ཕྲག་དང་སྟོང་ཕྲག་འདུ་བའི་ལྷ་ས་སྨོན་ལམ་ཆེན་མོ་དང་བཅོ་ལྔ་མཆོད་པ་ཞེས་པ་སོགས་ཀྱི་སྲོལ་གཏོད་དེ་རིམ་བཞིན་འཕེལ་རྒྱས་སུ་གྱུར། ལྷ་ས་གཙུག་ལག་ཁང་འདིར་གཞི་རྒྱ་ཆེ་བའི་ཉམས་གསོ་རྒྱ་སྐྱེད་དང་རྒྱས་སྤྲོས་ཆེ་ཤོས་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོད་ཀྱི་སྲིད་དབང་བཟུང་བ་ནས་འགོ་ཚུགས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དབང་འཛིན་བྱེད་པའི་བར་ལོ་ངོ་བཅུ་ཕྲག་བཞི་ཙམ་གྱི་རིང་ལ་རིམ་བཞིན་བཟོ་སྐྲུན་བྱེད་བཅུག་པ་དེ་ཡིན། ཐོག་མར་རབ་བྱུང་བཅུ་གཅིག་པའི་ཆུ་རྟ1642ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སོག་པོ་གོ་ཤྲིའི་དྲག་དཔུང་སྟོབས་ཤུགས་ལ་བརྟེན་ནས་གཙང་པ་སྡེ་སྲིད་གཏོར་ཕམ་བཏང་མ་ཐག་ལྷ་ས་གཙུག་ལག་ཁང་གི་ཁྱམས་ར་ཆེན་མོ་དང། གཞུང་སྒོ་ཕྱི་མའི་སྒོ་མཆོར་བཅས་སྔར་དང་མི་འདྲ་བ་ཞིག་རྒྱས་སྐྲུན་བྱེད་པའི་ལས་གྲྭ་བཙུགས་ཤིང། ལོ་ངོ་གསུམ་ཡང་མ་འགོར་བར་རབ་བྱུང་བཅུ་གཅིག་པའི་ཤིང་བྱ1645ལོར་ལེགས་བསྒྲུབས་ཟིན། 《ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང》ཞེས་པའང་ལོ་དེ་རང་ལ་རྩོམ་སྒྲིག་འགྲེམས་སྤེལ་མཛད་འདུག ལྷ་ས་བླ་བྲང་ཞེས་གྲགས་པ་དེ་ནས་བཟུང་གཙུག་ལག་ཁང་འདི་ཉིད་ས་གནས་སྲིད་གཞུང་གིས་ཐད་ཀར་བདག་གཉེར་བྱེད་པའི་ཁོངས་གཏོགས་གལ་ཆེ་ཞིག་ཏུ་འགྱུར་བ་བྱས་པ་དང། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཇུས་བཀོད་ལྟར་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་ལས་གྲྭའི་བསྐུལ་བསྡོམས་མཛད་དེ་རྒྱ་ཁྱབ་ནས་ལག་ཤེས་བཟོ་རིགས་དང་འུ་ལག་འབོར་ཆེན་ཞིག་སྐོང་འགུག་གིས་གཙུག་ལག་ཁང་ལྟེ་བའི་ཐོག་བརྩེགས་གསུམ་པར་གཞི་རྒྱ་ཆེ་བའི་བཟོ་བཅོས་བྱས་ཐོག ཡང་སྟེང་ཤར་ཕྱོགས་ཀྱི་གསེར་ཟངས་རྒྱ་ཕིབས་རྙིང་པ་དེ་གསར་དུ་བརྗེས་པ་དང། ནུབ་ཕྱོགས་སུ་སྔར་ཡོད་རྫ་གཡམ་གྱི་རྒྱ་ཕིབས་དང་ལྷ་ཁང། འཁོར་ཡུག་གི་མདའ་ཡབ་དེ་སྔ་རྫ་གཡམ་ལས་བཟོས་པ་ཡོངས་རྫོགས་གསེར་ཟངས་ཀྱིས་བརྗེས་པ་མ་ཟད། ད་དུང་ལྷོ་ཕྱོགས་སུ་རྒྱ་ཕིབས་གསར་དུ་བཀལ་སྟེ་ཕྱོགས་བཞི་ཀར་གསེར་ཟངས་ཀྱི་རྒྱ་ཕིབས་ཆ་མཚུངས་སུ་ཡོད་པ་དང། མཚམས་བཞིར་ཟུར་ལྕོགས་བཞི་བསྐྲུན་ཐོག་སོ་སོར་གསེར་ཟངས་ཀྱི་གཉྫིར་རེ་གསར་འཛུགས། ཁོ་ར་ཁོར་ཡུག་གི་མདའ་ཡབ་པུ་ཤུ་དང་བཅས་པ་གསེར་ཟངས་ཀྱིས་ལེགས་སྒྲིག་དང་བཅས་གནང་བར་བརྟེན། ལྷ་ཁང་ལྟེ་བའི་དབྱིབས་ལ་འགྱུར་ལྡོག་མངོན་གསལ་ཅན་ཐོན་ཞིང། གང་སར་གསེར་འོད་འཕྲོ་བའི་བརྗིད་ཆགས་མཛེས་ཉམས་ལྡན་པ་འདི་འདྲ་ཞིག་རབ་བྱུང་བཅུ་གཅིག་པའི་མེ་ཕག1647ལོ་ལ་ལེགས་བསྒྲུབས་ཟིན་འདུག དེ་རྗེས་བོད་ལྕགས་བྱི1660ལོར་ལྡེ་སྲིད་སངས་རྒྱས་རྒྱ་མཚོས་གཙུག་ལག་ཁང་ལྟེ་བའི་འོག་ཐོག་སྔར་ཡོད་ལྷ་ཁང་ཁག་བར་གྱི་ལྷ་ཁང་སྟོང་པ་རྣམས་བར་ལམ་ལྷ་སའི་གནས་ཁག་གི་སྒེར་འཛིན་བྱེད་པ་དེ་དག་བཏོན་པའི་ནང་སོ་སོར་དགའ་ལྡན་ལྷ་ཁང་དང། སྤྱན་རས་གཟིགས་ལྷ་ཁང། ཚེ་དཔག་མེད་ལྷ་ཁང། ཆོས་རྒྱལ་ལྷ་ཁང(རྒྱུན་གཏན་ཐུགས་སྨོན་ལྷ་ཁང)ཟེར་བ་སོགས་འཇིམ་སྐུ་བརྙན་སྣ་ཚོགས་བཞེངས་ཏེ་ཚང་མ་ལྷ་ཁང་དུ་གྱུར་པ་ཡིན། བོད་ཆུ་ཡོས1663ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ལྷ་ཁང་ལྟེ་བའི་སྐོར་ལམ་གསར་བཅོས་དང་ཉམས་གསོ་བྱས་ཤིང། བོད་ཤིང་འབྲུག1664ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྐོར་ལམ་ནང་སོགས་ཀྱི་ལྡེབས་རིས་བྱང་ངོས་སུ་ཕལ་པོ་ཆེའི་ཞིང་ཁམས་རྒྱ་མཚོ་དང། ཤར་ངོས་སུ་འབུམ་གྱི་གླེང་གཞི་སོགས། ལྷོ་ངོས་སུ་ཆོ་འཕྲུལ་གྱི་བཀོད་པ་ཞེས་འདི་དག་གསར་དུ་འབྲི་འགོད་བྱེད་དུ་བཅུག་ཅིང། དུས་མཚུངས་གཞུང་སྒོ་ཕྱི་ནང་གཉིས་ཀྱི་བར་དུ་འཇིམ་བརྙན་རྒྱལ་ཆེན་བཞི་གསར་དུ་བཞེངས། གཙུག་ལག་ཁང་བྱང་ཕྱོགས་ཀྱི་རྒྱ་ཕིབས་དེ་སྔོན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱིས་ཉམས་གསོ་གནང་ཡོད་ཀྱང། གསེར་མདོག་ཉམས་པས་གཞན་ལག་དང་ཆ་མི་མཚུངས་པར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོད་ལྕགས་ཁྱི1670ལོར་རྒྱ་ཕིབས་གཞན་དང་གཞི་མཚུངས་པའི་བསྐྱར་གསོ་བྱེད་བཅུག་པ་གནང། དེ་སྔོན་ལྷ་ས་སྨོན་ལམ་ཆེན་མོ་འཚོགས་སྐབས་རྩེ་རྣམ་རྒྱལ་གྲྭ་ཚང་དཀྱིལ་འཁོར་མཐིལ་དུ་འཚོགས་པ་ལས་ཟུར་དུ་འདུ་ཁང་མེད་སྟབས། བོད་ཆུ་བྱི1672ལོར་སྡེ་སྲིད་བློ་བཟང་མཐུ་སྟོབས་ཀྱིས་བླ་བྲང་ཁོངས་སུ་འདུ་ཁང་གསར་བསྐྲུན་བྱེད་བཅུག སྐོར་ལམ་ཕྱོགས་ཀྱི་ཤར་ལྷོ་བྱང་བཅས་པའི་ཁང་པ་ཚང་མའང་ཏཱ་ལའི་བླ་མ་ལྔ་པ་གཤེགས་རྗེས་རིམ་པས་ལྷ་ཁང་དུ་གྱུར་པ་བཅས་མདོར་ན། གོང་གསལ་དུས་མཚམས་དེའི་ནང་ལྷ་ས་གཙུག་ལག་ཁང་གི་རྒྱ་ཁྱོན་དང་རྣམ་པ་གང་ཅིའི་ཐད་འགྱུར་ལྡོག་ཆེ་ཤོས་བྱུང་སྟེ་གཞི་རྩའི་ཆ་ནས་ད་ཡོད་ཀྱི་བཟོ་དབྱིབས་འདི་ཆགས་པ་ཡིན། དེ་རྗེས་རབ་བྱུང་བཅུ་གསུམ་པའི་ཆུ་བྱ1753ལོ་ལ་བོད་ས་གནས་ཀྱི་ཆོས་སྲིད་འགན་དབང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོར་ཕུལ་བ་དང། བཀའ་བློན་མི་གྲངས་བཞི་བསྐོ་གཞག་བྱས་ཏེ། བོད་ས་གནས་ཀྱི་སྲིད་དབང་ལས་ཁུངས་བཀའ་ཤག་ཟེར་བ་འཚོགས་ཡུལ་གཙུག་ལག་ཁང་གི་ལྷོ་ཕྱོགས་སུ་བཙུགས་པ་དང། དེ་ནས་རིམ་བཞིན་ཤར་ཕྱོགས་སུ་རྩིས་ཁང་ལས་ཁུངས་དང། ནུབ་ཕྱོགས་སུ་བླ་བྲང་ཕྱག་མཛོད། བྱང་ཕྱོགས་སུ་བཤེར་ཁང་ལས་ཁུངས་སོགས་ས་གནས་སྲིད་གཞུང་གི་ལས་ཁུངས་མང་པོ་ཞིག་རིམ་བཞིན་ལྷ་ཁང་འདིའི་ཕྱོགས་བཞི་མཚམས་བརྒྱད་ལ་བཙུགས་ཡོད། ལྷ་ཁང་ལྟེ་བའི་སྐོར་ལམ་གྱི་ཤར་ལྷོ་བྱང་གསུམ་ཁོར་ཡུག་གི་ལྡེབས་བྲིས་དང་གསུམ་ཐོག་གི་བར་ཁྱམས་ལྡེབས་བྲིས་རྣམས་ནི་ཐོག་མ་བོད་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས1783ལོ་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐབས་གསར་དུ་བཀོད་འདུག་པ་རྣམས་ད་ལྟའང་དེ་བཞིན་དུ་ཡོད། དེ་མིན་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་བཅས་སོ་སོའི་སྐབས་སྔར་ཡོད་ལྡེབས་རིས་ལ་ཚོན་གསོལ་དང། ཉམས་གསོ་ཁ་ཤས་གནང་བ་བཅས་ཞིབ་ཕྲ་གཞུང་སྒོའི་སྒོ་མཆོར་གཡས་གཡོན་གྱི་དཀར་ཆག་ནང་འཁོད་པ་ལྟར་ལྷ་ཁང་གི་བཟོ་དབྱིབས་ཐད་རྩ་བའི་ཆ་ནས་འགྱུར་ལྡོག་ཆེ་རིགས་བྱུང་མེད། དཀྱིལ་འཁོར་སྡིངས་ཀྱི་ཆའི་ཐོག་ཡོད་པའི་བྱམས་པ་ཆོས་འཁོར་མ་ཞལ་བྱང་གཟིགས་འདི་ནི་མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་རབ་བྱུང་བཅུ་གཉིས་པའི་མེ་འབྲུག1736ལོ་ལ་བཟོ་སྐྲུན་བྱེད་བཅུག་པ་དང། དེའི་མདུན་ངོས་སུ་ཡོད་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་འདི་ནི་རྡོ་རིང་ནོ་ཡོན་པཎ་ཌི་ཏ་དངོས་གྲུབ་རབ་བརྟན་གྱིས་རབ་བྱུང་བཅུ་གསུམ་པའི་ཤིང་རྟ1774ལོའི་ནང་བཞེངས་བཅུག་པ། དེ་བཞིན་སྡིངས་ཆའི་གཤམ་དུ་ཡོད་པའི་གསེར་ཟངས་ཀྱི་བྱམས་པ་སྟེགས་བཞུགས་ཆུང་བ་འདི་ནི་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ1785ལོ་ལ་བཞེངས་བཅུག་འདུག དེའི་ཤར་དུ་ཟངས་ཀྱི་བྱམས་པ་སྟེགས་བཞུགས་ཆེ་བ་འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐབས་ཀྱི་གསོལ་དཔོན་དགེ་ལེགས་རྒྱལ་མཚན་ཞེས་པས་རབ་བྱུང་བཅུ་གསུམ་པའི་ས་ལུག1799ལོ་ལ་བཞེངས་བཅུག་པ་ཡིན། ཏཱ་ལའི་བླ་མ་བཞུགས་ཡུལ་བླ་བྲང་སྟེང་ཁང་སྐོར་ལ་བཟོ་བཅོས་དང་ཉམས་གསོ་ཐེངས་ཁ་ཤས་བྱས་ཡོད་ཅིང། གཞི་རྒྱ་ཆེ་ཤོས་ནི་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག1950ལོར་བྱང་ངོས་ཀྱི་ཁང་སྐོར་ཕལ་ཆེར་རྨང་ནས་བཤིག་སྟེ་བསྐྱར་བཟོ་བྱེད་བཅུག་པ་དེ་ཡིན། ཚོགས་གཟིགས་གཟིམ་ཆུང་ཟེར་བ་འདི་ཡང་དེ་དུས་གསར་སྐྲུན་བྱས་པ་ཡིན། ལྷ་ས་གཙུག་ལག་ཁང་གསར་དུ་བསྐྲུན་པ་ནས་ད་བར་དུས་ཡུན་ཧ་ཅང་རིང་པོ་སོང་བར་བརྟེན་ལྷ་ཁང་ལྟེ་བའི་ལྷོ་རྒྱུད་དང་ནུབ་རྒྱུད་ཀྱི་རྩིག་པར་གས་སྐྱོན་ཤོར་ཡོད་པ་མ་ཟད། ཤིང་ཆ་འགའ་ཞིག་ཀྱང་འབུས་བཟོས་རྐྱེན་སྟེང་ཤོད་གང་སར་དེ་སྔ་ནས་ཉེན་ཀ་མང་པོ་བརྒྱབ་ཡོད་ཅིང། ལི་བརྒྱ་ཕྲག་ཁ་ཤས་ཀྱི་གོང་རྒྱས་བསྐྲུན་བྱས་པའི་དཀྱིལ་འཁོར་སྡིངས་ཀྱི་ཀ་རིང་རྣམས་དང་གཞུང་སྒོའི་སྒོ་མཆོར་ཀ་གདུང་གིས་གཙོས་པའི་ཤིང་ཆ་ཁག་གཅིག་ཀྱང་རུལ་སྐྱོན་ཚབས་ཆེ་བ་བཅས་ཁང་ཁུངས་ཁག་གཅིག་གཅོང་ཟོམ་གང་འཚམས་ཆགས་པ་དང། ལྷག་པར་དུ་མི་བཞི་ཤོ་ཁག་གི་གཡོན་ཐལ་ལམ་ཕྱོགས་སྨྱོ་ཧམ་ཆེ་བའི་སྐབས་སུ་གཙུག་ལག་ཁང་གི་ལྷ་ཁང་ཕལ་ཆེར་ལ་གཏོར་བཤིག་ཚབས་ཆེན་ཕོག་ཡོད་ཀྱང་རིག་གསར་རྗེས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་རྒྱལ་ཁབ་ནས་འགྲོ་གྲོན་སྒོར་ཁྲི་བརྒྱ་ཕྲག་གཏོང་གནང་དང། རྒྱ་ཆེའི་བཟོ་པ་ལག་ཤེས་པ་ཚོས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ད་ལྟ་ལྷ་ཁང་འདིར་ཉམས་གསོ་དང་སྲུང་སྐྱོབ་འདི་ལྟ་བུ་ཐོབ་ནས་ང་ཚོས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་སྐབས་ཀྱི་དཔང་རྟགས་གལ་ཆེ་ཞིག་ཏུ་གྱུར་ཐོག་རྒྱལ་ཁབ་ཕྱི་ནང་གི་བལྟ་སྐོར་བ་མང་པོ་བལྟ་སྐོར་བྱེད་སའི་རྟེན་གནས་མཆོག་ཏུ་གྱུར་པ་ཞིག་ཀྱང་ཆགས་པ་རེད།