རྒྱལ་ཁབ་ཉི་ཤུ་ཚོགས་པས་བྱེད་ཐབས་སྣ་མང་སྤྱད་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-27
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཡ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གིས་བརྙན་ལམ་ཚོགས་འདུ་འཚོགས་ཏེ། མུ་མཐུད་སྤྱོད་ཆོག་པའི་སྲིད་ཇུས་ཀྱི་བྱེད་ཐབས་ཚང་མ་སྤྱད་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པ་རེད།
ཉིན་དེའི་ཚོགས་འདུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་གཙོ་སྐྱོང་བྱས་ཤིང་། ཚོགས་འདུའི་ཐོག་སྤེལ་བའི་སྤྱི་བསྒྲགས་ནང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག་འཛམ་གླིང་དཔལ་འབྱོར་གྱི་མདུན་ལམ་ལ་སྔར་བཞིན་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་པོ་གནས་ཡོད་པས། རྒྱལ་ཁབ་ཉི་ཤུ་ཚོགས་པས་སྲིད་ཇུས་ཀྱི་བྱེད་ཐབས་སྣ་མང་མུ་མཐུད་སྤྱད་དེ་མི་དམངས་ཀྱི་འཚོ་བ་དང་། ལས་ཞུགས། ཡོང་འབབ་བཅས་འགན་ལེན་བྱས་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་དངུལ་རྩའི་མ་ལག་གི་ཉེན་འགོག་ནུས་པ་ཆེ་རུ་གཏོང་རྒྱུ་མ་ཟད། ད་དུང་དཔལ་འབྱོར་ཆག་པའི་ཉེན་ཁར་ཡང་འགོག་ཟོན་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
ཚོགས་འདུའི་སྤྱི་བསྒྲགས་ལ་གཞིགས་ན། ཚེས་18ཉིན་བར། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཤིན་ཏུ་དབུལ་བའི་རྒྱལ་ཁབ་42ཀྱིས་བུ་ལོན་སྤྲོད་པའི་དུས་ཚོད་འདི་ལོའི་ལོ་མཇུག་བར་གནས་སྐབས་ཕྱིར་འགྱངས་བྱ་རྒྱུའི་རེ་ཞུ་བྱས་ཡོད་པ་དང་། འགྱངས་སྤྲོད་བུ་ལོན་གྱི་བསྡོམས་འབོར་ཨ་སྒོར་དུང་ཕྱུར་53ཙམ་ཟིན་གྱི་ཡོད་པ་རེད།
འདི་ལོའི་ཟླ་4ཚེས་15ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་གིས་བརྙན་ལམ་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི“ཤིན་ཏུ་དབུལ་བའི་རྒྱལ་ཁབ་ཁག་གི་བུ་ལོན་གནས་སྐབས་འགྱངས་སྤྲོད་བྱ་རྒྱུའི་གྲོས་གཞིར”གྲོས་འཆམ་བྱུང་ནས། འབྲེལ་ཡོད་རྒྱལ་ཁབ་ཀྱིས་འདི་ལོའི་ཟླ་5ཚེས་1ཉིན་ནས་ལོ་མཇུག་བར་དུ་དུས་ཚོད་ཐིམས་པའི་མ་སྐྱེད་གཉིས་ཀ་གནས་སྐབས་འགྱངས་སྤྲོད་བྱ་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱས་པ་རེད།