བོད་ལྗོངས་ཀྱིས་ཞིང་ཆེན་བརྒལ་བའི་ཡུལ་སྐོར་ཚོགས་པ་ཐེངས་དང་པོ་བསུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-27


   ཀྲུང་གོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེས་22ཉིན། “རིམས་ནད་ཀྱི་རྐྱེན་པས། ངས་ཟླ་བ་བཞིའི་རིང་ཕྱི་ལ་འགྲོ་བའི་འཆར་གཞི་འགོད་མེད། ད་ཐེངས་མེ་འཁོར་ལ་བསྡད་ནས་ལྷ་སར་ཡོང་བས། ལམ་བར་གྱི་མཛེས་ལྗོངས་ཧ་ཅང་ཡག་པོ་འདུག  ཐེངས་འདིའི་ཡུལ་སྐོར་ལ་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་རིག་གནས་མྱོང་ཚོར་ཐུབ་པའི་རེ་བ་ཡོད་ལ། རང་ཉིད་ཀྱི་བོད་ལྗོངས་སྐོར་བའི་རེ་སྨོན་འགྲུབ་པའི་རེ་བའང་ཡོད། ”ཅེས་བོད་ལྗོངས་སུ་ཐེངས་དང་པོ་ཞིང་ཆེན་བརྒལ་ནས་ཡོང་བའི་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་བ་སྐུ་ཞབས་ཝང་ལགས་ཀྱིས་ལྷ་ས་ནས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད། དེ་ཉིན། བོད་ལྗོངས་སུ་ཞིང་ཆེན་བརྒལ་བའི་ཡུལ་སྐོར་ཚོགས་པ་ཐེངས་དང་པོར་ཁྱོན་ཡུལ་སྐོར་བ་19ཡོད་ཅིང་། ཁོང་ཚོ་ནི་མེ་འཁོར་Z21ལ་བསྡད་ནས་ལྷ་སར་འབྱོར་བ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་བརྒལ་བའི་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་ལས་དོན་ཡག་པོ་སྒྲུབ་ཆེད། ཟླ་7ཚེས་20ཉིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཁེ་ལས་ཀྱིས་ལས་ཀ་སླར་གསོ་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་འབྲེལ་ཡོད་དོན་ཚན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཡུལ་སྐོར་ཁེ་ལས་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་ཆེན་(ལྗོངས་དང་གྲོང་ཁྱེར་)ལས་བརྒལ་བའི་ཡུལ་སྐོར་དང་“གནམ་གྲུའི་སྤ་སེ་+མགྲོན་ཁང་”གི་ལས་སྒོ་སོགས་ཀྱི་ལས་དོན་ཁག་རིམ་བཞིན་སླར་གསོ་དང་གཉེར་སྐྱོང་བྱེད་དགོས་པ་དང་། གནས་སྐབས་རིང་ཉེན་ཁ་འབྲིང་བ་དང་ཆེ་བའི་ས་ཁུལ་གྱི་ཞིང་ཆེན་བརྒལ་བའི་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་བྱེད་པའི་འབྲེལ་ཡོད་ལས་སྒོ་སྤེལ་རྒྱུ་མིན་པ་རེད།


    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་གཞོན་པ་ཅི་གཡོད་ཀྱིས། བོད་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་གནད་ལ་འཁེལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི“མཚམས་ཚད་བཟོ་བ་དང་། ཁ་ཆད་སྔོན་མངགས་བྱེད་པ།  འདུ་འཛི་ཆེ་བ་ལས་གཡོལ་བ་”བཅས་ཀྱི་ལས་དོན་ཁག་མུ་མཐུད་ཡག་པོ་བསྒྲུབ་ནས། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་བཞུར་ཚད་ལ་ཚོད་འཛིན་དོ་དམ་ནན་པོ་དོན་འཁྱོལ་བྱས་ཏེ། ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དེ་ཐེག་ཚད་ཆེ་ཤོས་ཀྱི་30%ལས་བརྒལ་མི་ཆོག་པ་ནས་50%བར་མཐོ་རུ་བཏང་སྟེ་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་བདེ་འཇགས་དང་། གོ་རིམ་ལྡན་པ། སྤུས་ལེགས་།  ནུས་ཆེ། ཤེས་དཔལ་བཅས་འགན་ལེན་བྱས་ཡོད་ཅེས་བརྗོད།  

   ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་3པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ཐབས་མང་མཉམ་སྤྱོད་ཀྱིས་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་རྒྱུར་རམ་འདེགས་བྱས་པ་དང་། རྒྱལ་ཡོངས་སུ་སྔོན་ལ་ཁམས་གསོའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་ཚོད་ལྟའི་ལས་དོན་ཁག་དང་པོ་སྤེལ་བ་དང་། ས་མཐོའི་ཁམས་གསོའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚད་བརྒལ་གསར་པ་ཡོང་བ་བྱས་པ་རེད། དེ་དང་ཆབས་ཅིག“བོད་ལྗོངས་ཀྱི་མིས་བོད་ལྗོངས་ལ་ཡུལ་སྐོར་བྱེད་པའི”ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། གྲོང་གསེབ་ཀྱི་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་ཁག་བཞི་ཁྱབ་བསྒྲགས་བྱས་པ་དང་འབྲེལ། རྒྱལ་ཡོངས་སུ“སྤྲིན་ཚོམ་ནས་བོད་ལྗོངས་ལ་བལྟ་”ཞེས་པའི་དྲ་ཐོག་ཆེད་དོན་ཁྱབ་གདལ་བྱེད་སྒོ་སྔོན་ལ་སྤེལ་བས། བོད་ལྗོངས་ཀྱི་ཡུལ་སྐོར་སླར་གསོ་ཡོང་ཆེད་དང་།  རྒྱལ་ནང་གི་ཡུལ་སྐོར་བས་བོད་ལྗོངས་ལ་དོ་ཁུར་དང་བོད་ལྗོངས་ཀྱི་ཡུལ་སྐོར་ལ་དོ་ཁུར་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།


    གྲངས་གཞི་ལས་མངོན་པར། 2020ལོའི་ལོ་སྟོད་དུ། བོད་ལྗོངས་དེ་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་ཐུབ་ཚད་ཁྲོད་ཨང་དང་པོར་སླེབས་ཡོད་པ་དང་། ཟླ་5པ་དང་6པ་ནས་བཟུང་། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་རྒྱལ་ཡོངས་སུ་སྔོན་ལ་ཡོང་འབབ་འཕར་བ་མངོན་འགྱུར་བྱུང་ཞིང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་འཕར་ཚད་27.04%དང་36.86%སོ་སོར་ཟིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1