སྔོན་འགྲོའི་གཏམ།
དབྱར་དུས་མཐོ་སྒང་དུ་སྐྱོད་པ་ནི་ཆེས་སྤྲོ་སྐྱིད་ལྡན་པ་ཞིག་ཡིན་ལ། ཕྱི་སྣོད་ཀྱི་འཇིག་རྟེན་ལ་གསོན་ཤུགས་རྒྱས་ཤིང་། རི་ཀླུང་ཐང་གསུམ་དུ་རྩྭ་རྩི་ཤིང་དང་ཁ་དོག་སྣ་ལྔ་འཛོམས་པའི་མེ་ཏོག་གིས་རྒྱན་སྤྲས་པ། སྒོ་ཕྱུགས་རྟ་ནོར་ལུག་གསུམ་ལ་ཤ་ཤེད་རྒྱས་ཤིང་དཀར་གསུམ་གྱི་རྒྱ་མཚོ་འཁྱིལ་བ། རི་འདབས་རོང་སྡེ་ཕྱུག་མོའི་ཞིང་ཁ་ལ་ལོ་ལེགས་སྨིན་ཞིང་འབྲུ་དྲུག་སྙེ་མས་མགོ་ལྕོག་ལྡེམ་བཞིན་རྒྱང་རིང་གི་མགྲོན་པོར་བསུ་མ་བྱེད་པ་དང་ཀུན་ནས་མཚུངས། དེ་ཡང་ད་ཐེངས་རྙེད་པར་དཀའ་བའི་གོ་སྐབས་བཟང་པོ་ཞིག་བྱུང་སྟེ། ཡུན་རིང་འགྲོ་ན་འདོད་པའི་རྔ་ལྗོངས་གཡང་ལྡན་ཕྱུག་མོ་ལ་གཡས་སྐོར་ལན་གཅིག་དང་ལམ་བར་གྱི་མཐོང་ཐོས་མྱོང་གསུམ་རྣམས་བརྗེད་ཐོའི་དོད་དུ་ཤོག་དཀར་ཀྱི་ངོས་སུ་རགས་རིམ་ཙམ་ཕབ་རྒྱུའི་སྐལ་བ་འཛོམས་པ་དེ་དགའ་མགུའི་གནས་སུ་འཁུམས་སོ། །
ས་ཚིགས་དང་པོ། རྒྱལ་རོང་ཁྱུ་ཏི་གྲོང་པ་ཡི། དམངས་ཀྱི་འཚོ་བར་བདེ་སྐྱིད་ལྡན།
སྤྱི་ཟླ་6པའི་ཚེས་11ཉིན་སྤོས་ལྡན་གྲོང་ནས་རྔ་ལྗོངས་གཡང་ལྡན་ཕྱུག་མོ་རུ་སྐྱོད་འགོ་བརྩམས། སྔོན་མར་རྔ་བ་ཁུལ་གྱི་ཝུན་ཁྲོན་རྫོང་ནས་ལི་རྫོང་དུ་སྐྱོད་སྐབས་ལམ་ཐག་ཤིན་ཏུ་རིང་ཞིང་། ལམ་ངོས་སུ་འབའ་འབུར་མང་བ་དང་དུས་ཡུན་རིང་པོ་འགོར་བར་འདོད་མོད། ད་ཐེངས་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་ཁྲོན་པ་ལྟ་བུའི་གྲོག་རོང་དེ་ནས་བྱ་འཕུར་བ་ལྟར་སྐད་ཅིག་ཉིད་དུ་བགྲོད་ཐུབ་ཀྱིན་འདུག་ལ། སྔོན་གྱི་གཞུང་ལམ་རྙིང་པ་གར་སོང་ཆ་མེད་དུ་གྱུར་ཅིང་དགུང་སྔོན་དབྱིངས་སུ་ཟུག་པའི་གཡང་གཟར་རི་བོ་དག་འབུག་གིས་ཕུག་པ་ལྟར་དང་། ལང་ལོང་དྲག་ཏུ་འཕྱོ་བའི་གཙང་པོའི་ངོས་སུ་ངར་ལྕགས་ལས་གྲུབ་པའི་ཟམ་པས་གདན་བཏིང་ནས་བྱིས་སྒྲུང་གི་འཇིག་རྟེན་དུ་སླེབས་པ་དང་གཉིས་སུ་མ་མཆིས།
རྒྱལ་ལམ་317དང་འབར་ཁམས་སུ་འགྲོ་བའི་མྱུར་བགྲོད་གཞུང་ལམ་གྱི་གཡས་ཟུར་རྒྱང་ཐག་མི་རིང་བའི་གནས་སུ་ལྷིང་འཇགས་ཀྱི་གྲོང་སྡེ་ཉམས་དགའ་བ་ཞིག་ཆགས་འདུག་སྟེ། དེ་ནི་ལི་རྫོང་གི་མངའ་ཁོངས་སུ་གཏོགས་པའི་རྒྱལ་རོང་ཁྱུ་ཏི་གྲོང་པ་ཞེས་པ་དེ་རེད། ཤིང་ཏོག་གི་སྡོང་པོ་དང་ལྕང་མའི་གྲིབ་བསིལ་འོག་ནས་ཡར་གྲོང་གཞུང་དུ་ཕྱིན་པས། ཚར་དུ་དངར་བའི་བཀོད་ལེགས་མཛེས་ཤིང་ཁང་བཟང་དག་གི་ཁོ་ར་ཁོར་ཡུག་ཏུ་མེ་ཏོག་གིས་བརྒྱན་ཞིང་ཁང་པའི་རྩེ་མོ་དང་བྱ་འདབ་ཀྱི་འོག་ནས་དར་ཚོན་སྣ་ལྔའི་ཇོ་དར་ལྷབ་ལྷུབ་ཏུ་གཡོ་བ། སྒོ་ཆེན་གྱི་ལོགས་གཉིས་སུ་གཡུང་དྲུང་དང་ནོར་བུ་དགའ་འཁྱིལ། གནམ་ལྕགས་ཕུར་པ་སོགས་བོད་ཀྱི་སྲོལ་རྒྱུན་རི་མོའི་ཉམས་འགྱུར་དང་ལྡན་པ་དང་ད་དུང་སྔགས་ཡིག་ཁྲོཾ་དང་ཕཊ། ཧཱུྃ་སོགས་བྲིས་འདུག་ལ། ཁྱིམ་ཚང་འགའ་རེའི་སྒོ་ཀླད་དུ་བྱ་རྒྱལ་ཁྱུང་ཆེན་གྱིས་དུག་སྦྲུལ་གྱི་ཞགས་པ་འཛིན་པ་དང་གཡས་གཡོན་གྱི་རི་བོའི་ཐོག་ནས་རྒྱ་སྟག་ངར་མ་དང་ལྷ་གཡག་ཁམ་པ་གཉིས་ཁྲོ་ཉམས་གྱིས་ཕན་ཚུལ་གདོང་གཏད་ནས་ངར་བའི་ཚུལ་བཏོན་པར་བྲིས་འདུག་པས། རི་མོ་འདི་འཐོང་མ་ཐག་ཁོ་བོའི་བློ་ངོ་རུ་གེ་སར་སྒྲུང་དུ་དུས་རྒྱུན་དཔའ་བོ་གཉིས་ཀྱིས་རྩལ་ཆེན་སྦར་འཛིང་བྱེད་སྐབས་དཔའ་བོ་སྟག་ངར་གཡག་ངར་ཞེས་བརྗོད་ཚུལ་དྲན་བྱུང་ལ། དེ་ལ་རྒྱུན་མཚན་དང་ཁུངས་ལུགས་མང་པོ་ཞིག་བཙལ་རྒྱུ་ཡོད་པར་འདོད།
རྒྱལ་མོ་ཚ་བ་རོང་གི་ཆ་ལུགས་ཅན་གྱི་བུད་མེད་འགས་རྒྱ་སྐད་ཀྱི་ལམ་ནས་ནང་ལ་ཕེབས་ནས་ཇ་བཞེས་དང་ཞེས་ཡང་ཡང་བསྐུལ་བས། རོགས་པ་ཚོ་དང་ལྷན་དུ་ནང་ལ་ཕྱིན། སྒོ་ཐེམ་བརྒལ་མ་ཐག་ཇ་བསྲུབས་མའི་དྲི་ཞིམ་གྱིས་མཛོ་རྒན་སྣ་ཐག་གིས་ཁྲིད་པ་ལྟར་མགྲོན་པོ་སྣེ་ལེན་བྱ་ཡུལ་དུ་དབང་མེད་ངང་ཁྲིད་སོང་། རྒྱལ་རོང་ས་ཁུལ་གྱི་ཇ་བསྲུབས་མའི་ནང་དུ་སྟར་ཀ་ཕྱེ་མར་བཏབ་འདུག་པས། དེ་ལ་གཞན་དང་མི་འདྲ་བའི་བྲོ་བ་ཞིམ་པོ་ཞིག་འདུག །སྔོན་ས་གནས་གཞན་པའི་བོད་ཟས་ཁང་འགའ་རེའི་ནང་དུ་འཐུང་མྱོང་ཡང་གང་གི་ལུགས་སྲོལ་ཡིན་པར་མ་ཤེས་མོད། ད་ཐེངས་གཞི་ནས་རྒྱལ་མོ་ཚ་བ་རོང་དུ་འདི་ལྟར་དར་སྲོལ་ཡོད་པ་རྟོགས་བྱུང་། ཁང་པའི་ནང་གི་བཀོད་པ་ནི་ཤིན་ཏུ་མཛེས་ཤིང་། རྒྱུ་ཆ་ཤིང་ལས་གྲུབ་པའི་ཅོག་ཙེ་དང་སྒམ། ཉལ་ཁྲི་སོགས་འདུག་ལ། དེའི་ཐོག་བོད་ཀྱི་སྲོལ་རྒྱུན་རི་མོའི་ལུགས་ལྟར་ཤིང་ལོ་དང་། པ་ཏྲ། བཀྲ་ཤིས་རྟགས་བརྒྱད། བྱ་འབྲུག་ཁ་སྤྲོད་སོགས་འབུར་བརྐོས་བྱས་པའི་ཐོག་ཚོན་རྩི་བྱུགས་ཤིང་བཀྲག་མདངས་རབ་ཏུ་མངོན་པས། དགོན་པ་ཆེ་ཁག་དང་སྔོན་གྱི་སྐུ་དྲག་ཚོའི་གཟིམ་ཤག་ཏུ་སླེབས་པ་དང་མཚུངས།
ལམ་འགྲམ་གྱི་སྒོ་ཆེན་ཞིག་གི་འོག་ཏུ་རྒྱལ་རོང་གི་ཆ་ལུགས་སྤྲས་པའི་ལོ་ལོན་འགས་ལག་ཏུ་འཁོར་ལོ་དང་ཕྲེང་བ་ཐོགས་ནས་ཉི་མར་འདེ་ཞོར་ཁ་བརྡ་བྱེད་བཞིན་འདུག །ང་རང་ཁོ་ཚོའི་འགྲམ་དུ་སོང་ནས་རྣ་བ་གཏད་ཏེ་ཡུད་ཙམ་ལ་ཉན་ཀྱང་མིང་ཚིག་ཁ་ཤས་ལས་ཅི་བཤད་བཞིན་ཡོད་པ་མ་རྟོགས། དེའི་ཉེ་འགྲམ་དུ་རྒན་རྒོན་ཁ་ཤས་ཀྱིས་ཤོག་བག་རྩེ་བཞིན་འདུག་ལ། ཁོ་ཚོས་བློ་རྩེ་དེ་ལ་གཏད་ནས་ཉེ་འགྲམ་དུ་མི་ཡོད་པའམ་ཚོར་བཞིན་མེད་པ་འདྲ། དེ་ནས་སྲང་ལམ་བརྒྱུད་ནས་གོམ་པ་བཅུ་ཕྲག་འགའ་སོང་བས་དུད་ཚང་ཞིག་གི་སྒོ་འགྲམ་དུ་རྒྱལ་རོང་ཆ་ལུགས་ཅན་གྱི་ཨ་སྲུ་འགས་སྐུད་པ་ཁ་དོག་སྣ་ལྔས་སྐེ་རགས་འཐག་བཞིན་འདུག་ལ། ཉེ་འཁོར་དུ་ཡུལ་སྐོར་བ་ཁ་ཤས་ཀྱིས་ཁ་པར་དང་པར་ཆས་སྤྱོད་ནས་འདྲ་པར་ལེན་བཞིན་གདོང་ལ་ཡ་མཚན་པའི་ཉམས་ཀྱིས་ཁེངས། ཨ་སྲུ་ཞིག་གིས་ངོ་སྤྲོད་བྱས་པ་ལྟར་ན་སྐ་རགས་འདི་དག་ནི་སྲོལ་རྒྱུན་གྱི་འཁེལ་ཐག་ལག་རྩལ་ལྟར་བཟོས་ཤིང་། དེང་རབས་ཀྱི་དྲ་བའི་འཇུག་ངོགས་ལ་བརྟེན་ནས་རྒྱལ་ཕྱི་ནང་ཀུན་ལ་འགྲེམ་ཚོང་བྱེད་བཞིན་ཡོད་ཚུལ་དང་ལྷག་པར་དུ་རྒྱལ་ནང་གི་གྲོང་ཁྱེར་ཆེ་ཁག་ཏུ་ཚོང་བྲིན་པོ་འདུག་ཟེར། འདི་ནི་མེས་པོ་གོང་མ་རྣམས་ཀྱིས་རང་ཅག་ལ་བཞག་པའི་ནོར་བུ་རིན་ཐང་ཅན་ཞིག་རེད་ལ། ང་ཚོས་བག་ལ་ཞ་བའི་རིག་གནས་འདི་རིགས་ལ་བདག་སྐྱོང་གང་ལེགས་བྱས་ནས་དེང་རབས་ཀྱི་ལུགས་དང་མཐུན་པའི་གར་སྟེགས་གསར་པ་རེ་བཟོས་ན། མ་འོངས་བུ་རབས་ཚ་རྒྱུད་ཚོས་དེའི་རིན་ཐང་རྟོགས་ཤིང་བློ་སྤོབས་སྐྱེད་ལ་གཞན་དྲིང་འཇོག་མི་དགོས་པ་ཞིག་ལོས་ཡོང་སྙམ་མོ། །
ས་ཚིགས་གཉིས་པ། ལོ་རྒྱུས་དངོས་ཤུལ་སྲིད་གསུམ་རྔམ། ཅོག་ཙེ་རྒྱལ་པོའི་ཕོ་བྲང་བརྗིད།
སྤྱི་ཟླ་6པའི་ཚེས་12ཉིན་གྱི་ཞོགས་པའི་ཉི་ཟེར་འབར་ཁམས་གྲོང་ཁྱེར་གྱི་རི་ཀླུང་ཀུན་ཏུ་འཕྲོས་པ་དང་ལྷན་དུ་དལ་འབབ་ཆུ་བོའི་རྒྱུན་དེད་དེ་གྲོང་ཁྱེར་ནས་སྤྱི་ལེ་འགའ་སོང་རྗེས་ཡིད་དུ་འོང་བའི་གྲོང་སྡེ་ཞིག་ཏུ་སླེབས་སོང་། གྲོང་སྡེ་དེའི་མིང་ལ་སའི་སོ་ཞེས་འབོད་ཅིང་མདུན་གྱི་དེའུ་འབུར་སྟེང་དུ་བརྗིད་ཅིང་རྔམ་ལ། བཟོ་ལེགས་པའི་ཕོ་བྲང་ཉམས་དགའ་བ་ཞིག་ཀྲོང་ངེར་འགྱིང་འདུག་ལ། དེ་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཅོག་ཙེ་རྒྱལ་པོའི་གཞིས་ཀའམ་ཕོ་བྲང་རེད་འདུག གནའ་རབས་སུ་འདི་ནི་རྒྱལ་རོང་ས་ཁུལ་གྱི་ས་གནས་གལ་ཆེན་ཞིག་ཡིན་ཏེ། ཤར་དུ་ཝུན་ཁྲོན་ལ་འགྲོ་སྐབས་འདི་ནས་བརྒྱུད་དགོས་པ་དང་། བྱང་ནི་རྩྭ་ཐང་དང་འབྲེལ་ཞིང་། ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་སོགས་འགྲོ་སྐབས་ངེས་པར་དུ་འདི་ནས་བརྒྱུད་དགོས་ལ། ལྷོ་ཕྱོགས་སུ་བཙན་ལྷ་དང་གཡག་རྔ། དེ་ནས་ཞི་ཁྲང་བར་བརྒྱུད་ཆོག་ལ། ནུབ་ཏུ་ཆུ་ཆེན་དང་འབྲེལ་ཞིང་། དེ་ནས་རོང་བྲག་དང་དཀར་མཛེས་བརྒྱུད་ནས་བོད་རང་སྐྱོང་ལྗོངས་སུ་བསྐྱོད་ཆོག་པས། ཀུན་གྱིས་སི་ཁྲོན་ནུབ་བྱང་མཐོ་སྒང་གི་རི་ཁུལ་འགྲིམ་འགྲུལ་གྱི་ལྡེ་མིག་རེད་ཅེས་བརྗོད་བཞིན་ཡོད།
ཕོ་བྲང་གི་བཟོ་བཀོད་ཐད་སྒྱུ་རྩལ་གྱི་ཉམས་འགྱུར་ཤིན་ཏུ་ལྡན་པས། ཨ་རིའི་རྩོམ་པ་པོ་གྲགས་ཅན་《ཉིའུ་ཡོའོ་སྐབས་དོན་ཚགས་པར།》གྱི་གཙོ་སྒྲིག་པ་སོར་ཙི་པོ་ལི་ཡིས་འདི་ནི་ཤར་ཕྱོགས་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་འོད་དུ་འཚེར་བའི་མུ་ཏིག་ཅིག་རེད་ཅེས་བསྔགས་བརྗོད་གནང་མྱངས་ལ། གནས་འདི་ནི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན་རྩོམ་པ་པོ་གྲགས་ཅན་ཨ་ལེ་ཡིས་བརྩམས་པའི་བརྩམས་སྒྲུང་《འདས་ཟིན་པའི་གཏམ་རྒྱུད།》ཅེས་པའི་བྱུང་ཡུལ་ཡིན་པར་མ་ཟད། མུ་འབྲེལ་བརྙན་འཕྲིན་ཟློས་གར་དེ་ཕབ་སྐྲུན་བྱེད་ཡུལ་ཡང་ཡིན། སྤྱི་ལོ་1986ལོར་འབར་ཁམས་ཀྱིས་ཕོ་བྲང་འདི་ཉིད་གསར་བརྗེའི་གནས་གཞི་ས་ཁུལ་རྙིང་པའི་ནང་བདམས་པ་དང་། སྤྱི་ལོ་1988ལོར་རྒྱལ་ཡོངས་ཀྱི་ཁག་གསུམ་པའི་རིག་རྫས་སྲུང་སྐྱོང་སྡེ་ཁག་གལ་ཆེན་དུ་ཚུད། སྤྱི་ལོ་2005ལོར་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ་བརྒྱའི་གྲས་སུ་ཚུད།
རྒྱུས་ལོན་བྱུང་བ་ལྟར་ན། ཅོག་ཙེ་རྒྱལ་པོ་ནི་ཡོན་རྒྱལ་རབས་ཀྱི་ལོ་ཉི་ཤུ་རྩ་གསུམ་པར་(སྤྱི་ལོ1286)རྒྱལ་པོར་བསྐོས་པ་དང་རྒྱལ་པོ་ཐོག་མ་ནི་སྟག་འབུམ་ཡིན། ཅོག་ཙེ་རྒྱལ་པོས་བསྟུད་མར་ལོ་665སྟེ་མི་རབས་བཅུ་བདུན་རིང་ས་གནས་དེ་ལ་དབང་བསྒྱུར་བྱས་ཤིང་། ཕོ་བྲང་འདི་ནི་རྒྱལ་པོའི་གཞུང་དོན་སྒྲུབ་གནས་དང་རྒྱལ་པོ་དང་ཁྱིམ་མིའི་འཚོ་གནས་བྱེད་ས་ཞིག་ཀྱང་ཡིན་འདུག ། ད་ལྟ་ཡོད་པའི་ཕོ་བྲང་འདི་ནི་སྤྱི་ལོ་1918ལོར་བཞེངས་པ་དང་སྤྱི་ལོ་1936ལོར་མེས་བསྲེགས། སྤྱི་ལོ་1938ནས་1940ལོའི་བར་རྒྱལ་པོའི་མི་རབས་བཅུ་དྲུག་པ་བསོད་ནམས་ཚེ་རིང་གིས་སྔོན་མའི་གནས་སའི་སྟེང་དུ་བསྐྱར་བསྐྲུན་བྱས་སྐད། ཕོ་བྲང་དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1500ཙམ་ཡོད་པ་དང་ཁང་མིག་ཆེ་ཆུང་དུ་མ་དང་འགྲེམ་སྟོན་ཁང་63འདུག །འཛུགས་སྐྲུན་གྱི་རྒྱ་ཁྱོན་ཆེ་བ་དང་ཁང་པ་མཐོ་ཞིང་བརྗིད་ལ་རྒྱལ་རོང་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་བཟོ་བཀོད་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན།
དེང་དུས་ནི་ཝུན་ཁྲོན་ནས་འབར་ཁམས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་ཟིན་པ་དང་ཡུལ་སྐོར་བ་གང་མང་ཞིག་ས་གནས་དེ་རུ་སྤྲོ་འཁྱམ་དང་རིག་གནས་ཉམས་ཞིབ་ཏུ་ཡོང་བཞིན་འདུག་ལ། བཟོ་བཀོད་མཛེས་ཤིང་སྲུང་སྐྱོབ་གང་ལེགས་བྱས་པའི་ཕོ་བྲང་དེ་ནི་ཡུལ་སྐོར་བའི་བསྟི་གནས་ཤིག་ཏུ་གྱུར་པ་དང་། དེ་དང་དུས་མཚུངས་སུ་ཉེ་འཁོར་གྱི་གྲོང་སྡེ་དག་ཀྱང་ཡུལ་སྐོར་ལྗོངས་རྒྱུ་སོགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལམ་ཁ་རུ་འགྲོས་ཚད་མྱུར་མོས་སྐྱོད་བཞིན་མཆིས་སོ། །
ས་ཚུགས་གསུམ་པ། སྤང་ཐོག་རྡོ་བརྐོས་གླིང་ག་ཞེས། རིག་གནས་ལྗོངས་ཁུལ་ཕུལ་དུ་བྱུང་།
སྤྱི་ཟླ་6པའི་ཚེས་13ཉིན་འཛམ་ཐང་རྫོང་མཁར་ནས་རྡོ་ན་མཁའ་ལམ་རིང་མོ་བརྒྱུད་དེ་རྫོང་དེའི་བྱང་ཕྱོགས་སུ་གནས་པའི་སྤང་ཐོག་རྡོ་བརྐོས་གླིང་གའི་མཛེས་ལྗོངས་ཁུལ་དུ་ཆས་པ་ཡིན། གླིང་ག་དེའི་མདུན་ངོས་ནས་འཛི་ཆུ་སྔོན་མོ་ལྷུང་ལྷུང་དུ་བཞུར་ཞིང་ནགས་ཀླུང་གིས་ཕྱུག་ཅིང་། ཉི་འོད་དྲོན་མོས་གླིང་ག་དེ་ལ་གསེར་འོད་ལམ་ལམ་འཚེར་བའི་ལྗོངས་རྣམ་གཞན་ཞིག་བསྐྲུན་འདུག །གཞུང་ལམ་ནས་ཡར་གླིང་གའི་ཕྱོགས་སུ་ཕྱིན་དུས་རྣ་ལམ་དུ་ཚག་ཚག་གི་སྒྲ་རྒྱུན་མི་ཆད་པ་གྲགས་ཤིང་། དེ་ནས་གླིང་གའི་དཀྱིལ་དུ་ཕྱིན་པས། རྒྱབ་ལོགས་སུ་བརྗིད་ཅིང་རྔམ་ལ་བཟོ་བཀོད་ལེགས་པའི་མཆོག་རྟེན་མང་པོ་སྤུངས་འདུག་ལ། གླིང་གའི་གཡོན་ཟུར་དུ་ཕོ་མོ་དང་སྐྱ་སེར་རིས་སུ་མ་ཆད་པ་དུ་མས་རྡོ་བརྐོས་ཀྱི་ལས་ལ་བྲེལ་ཞིང་བརྐོ་བྱའི་ནང་དོན་སྣ་མང་ཞིང་ཕུན་སུམ་ཚོགས་པ་དང་རི་མོའི་ཉམས་འགྱུར་ཤིན་ཏུ་ལེགས་པོ་འདུག །རྡོ་བརྐོས་ཀྱི་ཐག་སྒྲའི་དབྱངས་རྟ་དེ་ནི་གནའ་མི་རྒན་པོ་ཞིག་གིས་བུ་ཚ་རྣམས་ལ་གཏམ་རྒྱུད་རིང་མོ་ཞིག་འཆད་བཞིན་པའི་གདངས་དང་མཚུངས་ཤིང་གསོན་ཉམས་ལྡན་པའི་རྡོ་བརྐོས་བརྩམས་ཆོས་རེ་རེས་མགོ་བོ་སྒུར་ནས་ལས་ལ་བརྩོན་པའི་རྡོ་བརྐོས་ལག་རྩལ་པ་རེ་རེའི་ལག་རྩལ་གྱི་ཆུ་ཚད་ངོ་སྤྲོད་བྱེད་པ་ལྟར་བཤད་མ་དགོས་ཀྱང་མདུན་དུ་བཤམས་པ་ལྟར་མཆིས།
གླིང་ག་དེ་རུ་སྤང་ཐོག་དགོན་ཞེས་པའི་དགོན་རྙིང་ཞིག་འདུག་སྟེ། བཤད་རྒྱུན་དུ་མཆོད་རྟེན་སྤུངས་པས་སྤུངས་ཐོག་གམ་སྤང་གི་ཐོག་ཏུ་དགོན་པ་དེ་ཆགས་ཡོད་པས་མིང་དེ་ལྟར་ཐོགས་ཚུལ་གྲགས་ཤིང་། ས་སྐྱའི་སྲིད་དབང་སྐབས་དགོན་པ་དེ་བཏབ་པ་རེད་འདུག །གླིང་གའི་རིང་ཚད་ལ་སྨི་455དང་ཞེང་ལ་སྨི་25དང་། ས་ཁྱོན་ལ་སྨི་གྲུ་བཞི་མ་12000འདུག །2001ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཐེངས་ལྔ་པའི་གྲས་སུ་བཀོད། གླིང་ག་དེའི་ནང་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་མཆོད་རྟེན་སོ་གཉིས་བཞུགས་ཤིང་། ངོ་སྤྲོད་བྱས་པ་ལྟར་ན་དེ་དག་ནི་ས་སྐྱ་དང་ཕག་གྲུའི་སྐབས། དགའ་ལྡན་ཕོ་བྲང་བཅས་ཀྱི་དུས་སྐབས་སུ་རིམ་བཞིན་བཞེངས་པ་རེད་འདུག །རྒྱང་རྩེ་དཔལ་མགོན་མཆོད་རྟེན་དང་གསེར་རྒོད་རྒན་ཐང་གི་མཆོད་རྟེན། སྤང་ཐོག་གི་མཆོད་རྟེན་གསུམ་ལ་རྒྱལ་ཡོངས་བོད་ཀྱི་མཆོད་རྟེན་རྣམ་གསུམ་ཞེས་ཆེ་བ་བརྗོད་པར་གྲགས་ལ། དེའང་མིང་དོན་མཚུངས་པར་འདོད། དེ་ལས་བདུད་འདུལ་མཆོད་རྟེན་ཞིག་བཞུགས་པ་དེ་སྤྱི་ལོ་1427ལོ་བཞེངས་པར་གྲགས་ཤིང་། མཐའ་འཁོར་གྱི་རིང་ཚད་ལ་སྨི་9.25དང་མཐོ་ཚད་ལ་སྨི་32འདུག །མཆོད་རྟེན་གྱི་ནང་རོལ་དུ་མིང་རྒྱལ་རབས་ཀྱི་ལྡེབས་བྲིས་དང་སྐུ་འདྲ་ཁ་ཤས་བཞུགས་སྐད་འདུག་ལ། དེ་ནི་མཆོད་རྟེན་གཞན་དག་ལས་ལོ་རྒྱུས་ཆེས་རིང་བ་ཡིན་པར་བཤད།
ཞིང་ཆེན་རིམ་པའི་སྤང་ཐོག་རྡོ་བརྐོས་ཀྱི་རྒྱུད་འཛིན་པ་དང་སྤང་ཐོག་རྡོ་བརྐོས་གསོ་སྦྱོང་ལྟེ་གནས་ཀྱི་འགན་ཁུར་པ་པདྨ་ནོར་བུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཛམ་བྷ་ལའི་སྤང་ཐོག་རྡོ་བརྐོས་ཞེས་པ་འདི་སྤྱི་ལོ་1438ལོ་ནས་རྐོ་འགོ་ཚུགས་ཤིང་། དེང་དུས་མིང་དང་ཆིང་རྒྱལ་རབས་སུ་བརྐོས་པའི་བཀའ་བསྟན་རྡོ་བརྐོས་མ་ཞིག་བཞུགས་ཡོད་པ་དང་། རྡོ་བརྐོས་ལག་རྩལ་པ་60ལྷག་གིས་བགྲང་བྱ་9ཙམ་གྱི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་མཐར་རྡོ་ལེབ་འབུམ་ལྔ་ལྷག་གི་བདག་ཉིད་ཅན་གྱི་ནོར་བུ་རིན་པོ་ཆེ་དེ་མཇུག་ལེགས་པར་གྲུབ། ད་ལྟ་གསོ་སྦྱོང་ལྟེ་གནས་དེ་རུ་སློབ་མ་སུམ་ཅུ་ལྷག་ཙམ་ཡོད་པ་དང་། ཁོ་ཚོའི་བརྩམས་ཆོས་དེ་དག་ནི་དྲ་བ་སོགས་དེང་རབས་ཀྱི་འཕྲིན་སྦྱོར་མ་ལག་བརྒྱུད་ནས་ཡུལ་ལུང་སོ་སོ་རུ་འགྲེམས་ཚོང་བྱེད་བཞིན་མཆིས་སོ། །
དམངས་ཁྲོད་ལག་ཤེས་བཟོ་རྩལ་གྱི། མཚར་སྡུག་རིག་གནས་ཆར་དུ་བསྙིལ།
སྤྱི་ཟླ་6པའི་ཚེས་14ཉིན། འཛམ་ཐང་རྫོང་ནས་རྔ་བ་རྫོང་དུ་ཕྱིན་པ་ཡིན། རྫོང་གཉིས་ཀྱི་བར་ཐག་ལ་སྤྱི་ལེ་180ཙམ་འདུག་ལ། རླངས་འཁོར་བསྡད་ནས་ཆུ་ཚོད་གསུམ་དང་ཕྱེད་ཡས་མས་ཙམ་ལ་སོང་རྗེས་ད་གཟོད་རྔ་བ་རྫོང་དུ་འབྱོར། རྫོང་མཁར་དུ་ཐོན་ལ་ཉེ་བའི་ལྗོངས་གཟིགས་སྟེགས་བུ་ལས་རྔ་བ་རྫོང་མཁར་ཡོངས་རྫོགས་མཐོང་ཐུབ་པར་མ་ཟད། ཉེ་འཁོར་གྱི་གྲོང་རྡལ་དང་དགོན་པ་དུ་མ་ཞིག་ཀྱང་ཞོ་ཆགས་པ་ལྟར་གནས། གཡའ་དག་པའི་མཁའ་དབྱིངས་ནས་དྲོ་སྐྱིད་ཉི་མའི་འོད་སྣང་སྤང་ཐང་དང་ཞིང་ཁ། དེ་བཞིན་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཁང་ཁྱིམ་རེ་རེའི་ངོས་སུ་འཕྲོས་ཚེ། གསེར་ཞུན་ཁུ་བས་བྱུགས་པའི་དག་ཞིང་ཞིག་མིག་ལམ་དུ་འཆར་སྟེ། སེམས་སུ་སྨྲ་མི་ཤེས་པའི་བདེ་སྐྱིད་ཀྱི་ཚོར་བས་ཁེངས། དེ་ནས་ཉིན་གུང་ཙམ་ལ་རྔ་བ་རྫོང་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་འགྲེམས་ཚོང་ལྟེ་གནས་སུ་ཕྱིན་པ་ཡིན་ལ། སྔོན་མ་ནས་རྔ་བ་རྫོང་དུ་གཟུགས་མེད་ཤུལ་བཞག་རིག་གནས་རིན་ཐང་བྲལ་བ་མང་པོ་ལྡན་པས་ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོ་དང་བསྡུར་ན་རྩེ་གྲལ་ལ་སླེབས་ཡོད་པ་དང་། དེང་དུས་ཀྱང་རྒན་དར་གཞོན་གསུམ་གང་མང་ཞིག་གིས་མ་སྐུལ་དང་བླངས་སྒོས་དེ་ཉིད་རྒྱུད་འཛིན་དང་དར་སྤེལ་བྱེད་བཞིན་ཡོད་པ་གོ་ཐོས་བྱུང་།
དེ་ནས་སེམས་པ་རེ་བས་གཏམས་ནས་འགྲེམས་ཚོང་ལྟེ་གནས་དུ་སོང་བས། ཡར་འཛེག་སའི་གྱང་ངོས་གཡས་གཡོན་གྱི་ལྡེབས་ངོས་སུ་འདྲ་པར་ཉམས་དགའ་བ་དུ་མ་བཤམས་འདུག་ལ། དེ་དག་ལས་རྔ་བ་རྫོང་གི་ཕྱི་ཁོར་ཡུག་གི་མཛེས་ཉམས་དང་ནང་རིག་གནས་ཀྱི་སྟུག་ཚད་རྟོགས་ཐུབ། རིམ་བཞིན་འགྲེམས་ཚོང་ལྟེ་གནས་ཀྱི་ཁང་མིག་རེ་རེའི་ནང་སོང་བས། སྲོལ་རྒྱུན་གྱི་བོད་གོས་ཚེམས་དྲུབ་བྱ་ཡུལ་དང་དྲི་ངད་ལྡན་པའི་བོད་སྤོས་ཐོན་ལས་བྱ་ཡུལ། དེ་མིན་བོད་ཤོག་ཐོན་ལས་བྱ་ཡུལ་སོགས་ཤིན་ཏུ་མང་པོ་འདུག་ལ། ལྷག་པར་དུ་ཐང་གའི་རི་མོ་དང་ཚོན་མདངས་ཁྲིད་སྦྱོང་ཁང་མང་ཞིག་བྲིས་རྒྱུན་དང་ལུགས་མི་གཅིག་པར་མ་ཟད། སོ་སོ་ལ་སྒེར་ཚུགས་ཐུབ་པའི་ཁྱད་ཆོས་འབུར་དུ་ཐོན་པ་གང་མང་ལྡན་ཞིང་ན་གཞོན་གྱི་སློབ་མ་མང་པོ་གསོ་སྐྱོང་བྱེད་བཞིན་འདུག །
འགྲེམས་ཚོང་ལྟེ་གནས་སུ་ཐང་ག་འབྲི་སྦྱོང་བྱེད་གནས་ཁང་པ་འགའ་འདུག་པ་ལས། དང་པོ་ཐུབ་ཀོའི་ཐང་ག་ཁྲིད་སྦྱོང་རྟེན་གཞི་ནི་ལྷ་རིས་པ་ཆེན་མོ་རག་ཚ་ཐུབ་ཀོས་སྤྱི་ལོ་1998ལོར་རང་གི་ཁྱིམ་དུ་བཙུགས་ཤིང་། ཁོང་གིས་སློབ་མ་རྣམས་ལ་རིན་མེད་སྒོས་སློབ་ཁྲིད་བྱེད་པར་མ་ཟད་ད་དུང་ཟས་གོས་དང་ཉལ་ས་སོགས་ཀྱི་ཆ་རྐྱེན་བསྐྲུན་ཡོད། ཁོང་གིས་གསོ་སྐྱོང་བྱ་ཡུལ་གཙོ་བོ་ནི་ཕ་མ་མེད་པའི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་སློབ་བུ། གཞན་ཡང་ཁྱིམ་ཚང་དབུལ་ཕོངས་ཀྱི་ན་གཞོན་དག་ཡིན་ལ། སློབ་གྲྭ་བཙུགས་ནས་ད་ལྟའི་བར་སློབ་མ་3000ལྷག་གསོ་སྐྱོང་གནང་ཡོད་པ་དང་། དེ་དག་ལས་སློབ་མ་200ལྷག་ནི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་ཀྱི་ཐང་གའི་དགེ་རྒན་ཆེན་མོ་རུ་གྱུར་ཡོད་པ་རྒྱུས་ལོན་བྱུང་། གཞན་ཡང་བོན་གྱི་ལྷ་དང་སྲུང་མ་མང་པོ་བྲིས་ཡོད་པའི་ཁྲིད་སྦྱོང་ཁང་ཞིག་འདུག་སྟེ། དེ་ལ་ཞང་ཞུང་ལྷ་བྲིས་སྒྱུ་རྩལ་ཁང་ཞེས་འབོད་ཅིང་། ཞང་ཞུང་བོན་གྱི་ལྷ་སྐུ་བཞེངས་པའི་བཟོ་རིག་དེ་ལ་ལུགས་གཞན་དང་མི་འདྲ་བའི་ཁྱད་པར་དུ་མ་ཞིག་འདུག་པ་ལས། དང་པོ་ནི་ལོ་རྒྱུས་ཀྱི་ཕུགས་རིང་བ་སྟེ། གཤེན་རབ་མི་བོས་བཟོ་རྒྱལ་གར་མ་ལི་ཤོ་ལ་བཟོ་ཡི་རིག་གནས་བསྟན་པ་ནས་བཟུང་།
དེ་ཡི་རྒྱུད་འཛིན་འཛམ་གླིང་མཁས་པའི་རྒྱན་དྲུག་གིས་ཡུལ་གྲུ་སོ་སོ་ལ་སྤེལ་ཏེ་ད་ལྟའི་བར་དུ་གནས་པ། གཉིས་པ་ནི་བྱུང་རབས་ཁུངས་བཙུན་པ་སྟེ། ཡབ་མེས་གོང་མ་རིམ་བྱོན་གྱིས་ཕ་ནོར་བུ་ལ་བཞག་པའི་རིག་གནས་ཤིག་ཡིན་པར་མ་ཟད། རྒྱལ་སྤྱིའི་ཐོག་ཞང་ཞུང་ནས་ཐོན་པའི་ལྷ་སྐུའི་རྡོ་བརྐོས་རི་མོ་སོགས་རིན་ཐང་ལྡན་པར་བརྩིས་ནས་ཞིབ་འཇུག་དང་རྩ་ཆེན་དུ་འཛིན་བཞིན་པ། གསུམ་པ་ནི་ཞང་ཞུང་ལྷ་སྐུའི་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པ་སོགས་མི་ཡན་ག་བས་འོལ་ཚོད་ཀྱིས་བཤད་པ་ཙམ་མིན་པར། རྒྱལ་བའི་བཀའ་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཕུགས་རིང་ཞིང་འཐུས་ཚང་བའི་བདག་ཉིད་ཅན་ཞིག་རེད་འདུག ། གཞན་ཡང་སྒོ་བྱང་དུ་ཡིད་མཚོའི་རྦ་རླབས་ཀྱི་ཐང་ག་ཞེས་པའི་ཁྲིད་སྦྱོང་ཁང་ཞིག་འདུག་སྟེ། དེ་ནི་ཁུལ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་ཚུད་པའི་སྨན་ལུགས་ཀྱི་འབྲི་སྲོལ་ཞིག་རེད་འདུག་ལ། ཐང་ག་འབྲི་སྐབས་སྐྱ་ཐིག་གནད་དུ་བཟུང་སྟེ་འབྲི་བ་དང་ངོས་གཙང་ཞིང་དོན་ལ་འགྱུར་བ་ཆེ་ལ་ཕུན་སུམ་ཚོགས་པ་དང་། ཚོན་མདངས་རྣམ་པར་བཀྲ་བ་སོགས་ཀྱི་ཁྱད་ཆོས་ལྡན་ནོ། །
མདོར་ན་རྔ་བ་རྫོང་གི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་འགྲེམ་འཚོང་ལྟེ་གནས་ནི་རིག་གནས་ཐོན་རྫས་འགྲེམ་སྟོན་དང་འགྲེམ་ཚོང་བྱེད་སའི་སྟེགས་བུ་ཞིག་ཡིན་པ་དང་། དེ་བསྐྲུན་དོན་ནི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་བརྩམས་ཆོས་རིག་གནས་ཚོང་རྫས་སུ་བསྒྱུར་བའི་བརྒྱུད་ལམ་སྔར་ལས་ཁོད་ཡངས་སུ་བཏང་བ་དང་། རྔ་བ་རྫོང་གི་ཕུལ་དུ་བྱུང་བའི་གཟུགས་མེད་ཤུལ་བཞག་རིག་གནས་ལ་མང་ཚོགས་ཀྱིས་རྒྱུས་ལོན་བྱེད་པའི་བར་ཐག་ཇེ་ཉེ་རུ་གཏོང་བ། རིག་གནས་ཐོན་ལས་དང་ཁེ་ལས་གསོ་སྐྱོང་དང་རྒྱབ་སྐྱོར་བཅས་བྱས་ནས་རྔ་བ་རྫོང་གི་རིག་གནས་ལྗོངས་རྒྱུའི་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་ཡོངས་ཀྱིས་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ལས་དོན་ལ་ཐུགས་ཁུར་དང་དེ་ལ་ཞུགས་ནས། གཟུགས་མེད་ཤུལ་བཞག་རིག་གནས་ལ་ཡོངས་ཀྱིས་སྲུང་སྐྱོང་བྱེད་པའི་རྣམ་པ་ལེགས་པོ་ཞིག་བསྐྲུན་པའི་ཆེད་དུའོ། །
ས་ཚུགས་ལྔ་པ། སྤུས་ལྡན་འབྲི་འོ་མངར་མོ་དེ། རྒྱལ་སྤྱིའི་ཚོང་རར་འགྲེམས་པར་བྲེལ།
ས་ཚིགས་དྲུག་པ། མཛོད་དགེའི་བོད་ལུགས་གསོ་རིག་ཅེས། ཟུག་རྔུ་འབྱིན་པར་བླ་ན་མེད།
སྤྱི་ཟླ་6པའི་ཚེས་17ཉིན་གྱི་ཞོགས་པའི་ཉི་ཟེར་མཛོད་དགེ་རྩྭ་ཐང་དུ་འཕྲོས་པ་དང་དུས་མཚུངས་སུ། དྭངས་ཤིང་གཙང་བའི་མཁའ་དབུགས་ཁྲོད་ནས་བསིལ་རླུང་འཇམ་པོས་བཟང་དྲུག་སྨན་གྱི་དྲི་བཟང་ཁོ་བོའི་འགྲམ་དུ་སྐྱེལ་ཡོང་བ་ཚོར་བྱུང་ལ། སྒོ་ཆེན་ནས་ཡར་ལྟ་དུས་ཐང་ཡངས་མོའི་ངོས་སུ་སྨན་ཁང་གི་བཀོད་པ་ལེགས་ཤིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ཆེ་བ་དང་། སྒོ་བསྟེན་ཁང་དང་ནད་པ་འདུག་ས་སོགས་ནི་དེང་རབས་ཀྱི་སྒྲིག་གཞི་དང་མཐུན་ཞིང་། ཁྱད་པར་དུ་སྨན་སྣ་བསྡུ་སྦྱོར་གྱི་ཐད་ནས་ཡར་རྒྱས་ཆེན་པོ་ཕྱིན་འདུག་སྟེ། སྨན་རྫས་འཇོག་སྣོད་དང་བསྡུ་སྦྱོར་བྱེད་སྣོད་ཚང་མ་གཙའ་རྒྱུ་དང་གཡའ་རྒྱུ་མེད་པའི་སྒྲིག་ཆས་ཤ་སྟག་འདུག སྨན་རིལ་བུ་སྒྲིལ་བྱེད་དང་ཤོག་ཐུམ་རྒྱག་བྱེད་ཀྱང་དེང་རབས་ཀྱི་ལག་རྩལ་བེད་སྤྱོད་ནས་ཤིན་ཏུ་སྟབས་བདེ་ཞིང་ལས་ཕྱོད་ཆེ་བ་ཤ་སྟག་འདུག །
ས་ཚིགས་བདུན་པ། མི་རིགས་མང་བའི་སློབ་ཆུང་དུ། གཟུགས་མེད་རིག་གནས་འདབ་སྟོང་གྲོལ།
སྤྱི་ཟླ་6པའི་ཚེས་17ཉིན་གྱི་ཉིན་གུང་ཡོལ་རྗེས་མཛོད་དགེ་ནས་ཟུང་ཆུའི་ཕྱོགས་སུ་ཆས་པ་ཡིན། མཛོད་དགེ་ནི་ཡངས་པའི་རྩྭ་ཐང་དང་རྟ་ནོར་ལུག་གསུམ་གྱི་བསྟི་གནས་ལྟ་བུར་སྣང་ཞིང་དེ་ནས་རིམ་བཞིན་ཟུང་ཆུའི་ཕྱོགས་སུ་སྐྱོད་སྐབས་སའི་ཆགས་ཚུལ་ཐད་རྩྭ་ཐང་ནས་ནགས་ཀླུང་དུ་གྱུར་པ་དང་། འཚོ་བ་སྤྱོད་སྟངས་ཐད་འབྲོག་སྡེ་ནས་རིམ་བཞིན་རོང་མ་འབྲོག་དང་རོང་པ་རུ་གྱུར། སྤྱིར་ཟུང་ཆུ་ནི་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་མཁར་ཞིག་རེད་ལ། ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་མཐའ་མཚམས་ཀྱི་མཁར་གྲོང་གལ་ཆེན་ཞིག་ཀྱང་རེད། གནས་དེར་བོད་རིགས་དང་རྒྱ་རིགས། ཆའང་རིགས། ཧེའུ་རིགས་སོགས་མི་རིགས་མང་པོ་ཕན་ཚུན་མཛའ་མཐུན་ངང་གཞིས་ཆགས་ཤིང་། སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་མེ་ཏོག་མཉམ་བཞད་ཀྱི་ཚུལ་དུ་བཀྲག་མདངས་ལྡན་པར་མངོན། ཟུང་ཆུའི་རྫོང་ཁོངས་སུ་བན་བོན་གྱི་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་ཤིང་། རྫོང་ཡོངས་སུ་དགོན་སྡེ་བཅུ་ལྷག་ཡོད་པ་ལས། རིན་སྤུངས་དགོན་དང་སྣང་ཞིག་ལྕགས་མདུད་དགོན་སོགས་མིང་དུ་གྲགས་པའི་གཡུང་དྲུང་བོན་གྱི་དགོན་པ་བཅུ་བཞུགས་པ་དང་། བྲག་རྭ་དགོན་དང་དམུ་དགེ་དགོན་སོགས་དགེ་ལུགས་པའི་དགོན་སྡེ་དང་ས་སྐྱའི་ཆོས་བརྒྱུད་རུས་སྦལ་དགོན་དང་རྙིང་མའི་རིང་ལུགས་འཛིན་པ་མཉམ་འཛོམས་དགོན་སོགས་བཞུགས།
ས་ཚིགས་བརྒྱད་པ། གནའ་བོའི་བོད་དམག་གར་འཆམ་གྱིས། མི་ནུབ་རྒྱལ་མཚན་དགུང་དུ་བསྒྲེངས།
སྤྱི་ཟླ་6པའི་ཚེས་18ཉིན་སྙན་གྲགས་སྲིད་ན་རྒྱས་པའི་གཟི་རྩ་སྡེ་དགུ་རུ་སླེབས། སྤྱིར་གནས་འདིའི་ཁྱད་ཆོས་གཙོ་བོ་དང་རྒྱང་རིང་གི་མི་ཚོགས་མགྲོན་དུ་བསུ་བྱེད་ཀྱི་འགུག་ཤུགས་ལྟ་བུ་ནི་ཕྱི་རོལ་གྱི་རང་བྱུང་ཁོར་ཡུག་མཛེས་སྡུག་ལྡན་པ་དེ་ཡིན་པ་སྨོས་མ་དགོས་ཀྱང་།ཁོ་བོ་ལ་མཚོན་ན་དེ་ལས་ལྷག་པའི་དོ་སྣང་བྱ་ཡུལ་ཞིག་ཡོད་དེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་རླབས་ཕྲེང་འོག་ནུབ་ལ་ཉེ་ཞིང་། སྤུན་ཟླ་ཚོའི་ཚོར་ཤེས་ཀྱི་ཡོལ་རིས་ངོས་མག་མོག་ཏུ་གྱུར་ཏེ་གསལ་ལ་མི་གསལ་བའི་གཟུགས་རིས་གསོན་ཉམས་ལྡན་པ་ཞིག་སྟེ། རྒྱ་སྐད་དུ་“白马藏族”ཞེས་བསྒྱུར་བའི་བོད་དམག་གམ་དྭགས་པོའི་ལུང་པ་དེ་རེད། སྔོན་མཁས་དབང་དམུ་དགེ་བསམ་གཏན་གྱིས་མཛད་པའི་བོད་དམག་སྐོར་གྱི་དཔྱད་རྩོམ་དང་རྒན་གངས་དབང་ལགས་ཀྱིས་བྲིས་པའི་རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་སོགས་ལས་རྒྱུས་ལོན་ཕྲན་བུ་བྱེད་མྱོང་ཡོད་ཀྱང་། ས་གནས་དེ་གར་སྐྱེས་པའི་མི་དང་འབྲེལ་འདྲིས་བྱེད་མ་མྱོང་ལ་ཡུལ་དངོས་སུ་དེ་བས་ཀྱང་སླེབས་མ་མྱོང་། བྱ་ཁུ་བྱུག་གིས་གནམ་ཆུ་སྒུག་པ་ལྟར་གནས་དེ་ལ་འགྲོ་བའི་འདུན་པ་ཆེ་སྟབས། དེ་རིང་བོད་དམག་འདུག་སྡོད་ས་ཁུལ་ཅ་ཝོ་གྲོང་པ་རུ་འགྲོ་རྒྱུ་ཡིན་པ་ཐོས་པས་རྨ་བྱས་དབྱར་རྔའི་སྒྲ་ཐོས་པ་ལྟར་སེམས་པ་སྤྲོ་བས་ཁེངས།