1
ཀྲའོ་ཞུའེ་ཧྭ་ནང་སྔ་མོར་ཡར་ལངས་ཤིང་། མོས་སྒྲོལ་མའི་ལྷ་ཁང་ཤར་ངོས་ཀྱི་འོད་མདངས་བཟང་སའི་གྲུ་ག་ཞིག་ནས་ས་བཟུང་པ་དང་། འཚང་ཁ་ཤིག་ཤིག་བྱེད་པའི་མཇལ་པ་དག་པར་དུ་བླངས།
སྐབས་ཤིག་ལ་རྡུལ་འཚུབ་ལ་བསླད་པའི་ཉི་འོད་ཀྱིས་མོའི་ལུས་པོ་ཚ་སྨུག་གིས་ཁྱབ་པར་བྱས་པས་མོས་ཁ་ཡོལ་བླངས་ཏེ་དབུགས་རིང་པོ་ལན་འགར་བླངས། དེ་ནས་ཁ་ཡོལ་ཕྱིར་བརྒྱབ་སྟེ་མཇལ་པ་དག་གི་ཕྱོགས་སུ་པར་ཆས་གཏད་པ་ན། ཁ་སང་པར་མིག་ནས་ཤོར་བའི་སྐེ་དཀྲིས་དམར་པོ་བརྒྱབ་ཅིང་། སྐྲ་ལོ་རིང་བ། ཚི་ལེན་དམར་སྐྱ་གྱོན་པ། སྐེ་ལ་བྱུ་རུ་ཆུང་ཆུང་གི་དོ་ཤལ་གྱིས་བརྒྱན་པའི་བུ་མོ་དེ་པར་མིག་ཏུ་སླེབས། བུ་མོ་དེའི་གོམ་སྟབས་ཤིན་ཏུ་མགྱོགས་པས་མོའི་པར་མིག་ནས་ཤོར་ཅིང་། མོ་རྒྱུགས་མ་འདུར་གྱིས་བུ་མོ་དེའི་རྗེས་དེད་དེ་བརྒྱུགས་པ་ན། མདུན་ཕྱོགས་ནས་པར་ལེན་མཁན་འགའ་བུད་པ་དང་། ཁོ་ཚོས་བུ་མོ་དེའི་མདུན་བཀག་ནས་བསྐོར། སྐབས་དེར་བུ་མོ་དེས་ཁ་ཕྱིར་འཁོར་ཅིང་ཉི་འོད་མོའི་གདོང་ལ་བརྒྱབ་སྟེ་ཀྲའོ་ཞུའེ་ཧྭ་ཡི་པར་མིག་གི་གཟེབ་ཏུ་ཚུད། ཀྲའོ་ཞུའེ་ཧྭ་ཡིས་གོ་སྐབས་དེ་དམ་དུ་བཟུང་ནས་བསྟུད་མར་པར་མང་དུ་བླངས་པ་ན་མོའི་ལུས་སྟེང་ལ་མི་ཞིག་གི་གྲིབ་མ་ཕོག །མོས་ཁ་ཕྱིར་འཁོར་བ་ན་མོས་པར་ལེན་པའི་ཚུལ་དེ་བོད་ལྭ་གྱོན་པའི་གསར་བུ་ཞིག་གིས་ཁ་པར་ལ་བརྟེན་ནས་པར་དུ་ལེན་བཞིན་འདུག །མོས་པར་མ་ལེན་ཟེར་བའི་བརྡ་རུ་ལག་པ་ཕར་གཏད་པ་ན་གསར་བུ་དེ་ཕྱིར་བཀྱེད་ནས་ཁོའི་རོགས་པ་ཚོའི་གམ་དུ་འཚངས། ཁོ་ཚོས་ཁོས་བླངས་པའི་པར་ལ་བལྟས་ཏེ་གད་མོ་དགོད་བཞིན་འདུག་པ་དང་གཅིག་གིས་རྒྱ་སྐད་ཀྱིས“ཁྱོད་ཀྱིས་ངེད་ཚོ་པར་དུ་ལེན་ཆོག་ན། ངེད་ཚོས་ཅིའི་ཕྱིར་ཁྱོད་པར་དུ་ལེན་མི་ཆོག”ཟེར། མོ་རང་ཅུང་ཙམ་ཁ་སྐྱེངས་ནས་ཁ་ཕྱིར་འཁོར། དུས་དེར་གཞོན་ནུ་མ་དེ་ཅུང་ཐག་རིང་བའི་ས་ན་མཇལ་པ་དག་ལ་འདྲེས་ཀྱིན་འདུག་པ་དང་། པར་ལེན་མཁན་གཞན་དག་གིས་ད་དུང་མོའི་རྗེས་འདེད་ཀྱིན་འདུག
ཀྲའོ་ཞུའེ་ཧྭ་ལ་ཁོ་ཚོ་དང་ལྷན་ཅིག་བུ་མོ་དེའི་རྗེས་འདེད་པའི་འདུན་པ་མེད་པར་གྱུར་བར་མ་ཟད། སྔར་བཞིན་རྣམ་རིག་བསྒྲིམས་སྟེ་པར་ལེན་འདོད་ཀྱང་མེད་པར་གྱུར། འོན་ཏེ་དེ་རིང་གི་འགན་ཁུར་མ་འགྲུབ་ཚེ་ཅི་བྱ་སྙམ་བཞིན་ལྷ་ཁང་བྱང་ཕྱོགས་ཀྱི་མི་ཉུང་ས་ཞིག་ཏུ་གནས་སྤར་ཏེ་ཅུང་སྒྱིད་ལུག་གི་ངང་ནས་པར་མིག་ཏུ་ཤར་ཡོང་བ་དག་པར་དུ་བླངས།
གློ་བུར་ཏུ་རྡུལ་རླུང་ལན་འགར་འཚུབ་སྟེ་མཇལ་པ་དག་ཀྱང་རླུང་གིས་དེད་ནས་འགྲོ་བ་ལྟར་བྱུང་བས་ཀྲའོ་ཞུའེ་ཧྭས་པར་ཆས་ཀྱི་ཁ་བརྒྱབ་སྟེ་སྟོད་གོས་ཀྱི་ནང་དུ་བཅུག་ཅིང་ལག་པ་གཉིས་ཀ་བྲང་ནས་བསྣོལ་ཏེ་ཕྱིར་བསྣུར་ཙམ་བྱས།
2
རྡུལ་རླུང་དྲག་པོ་དེས་འགྱིག་ཁུག་དང་རླུང་རྟ་སོགས་བར་སྣང་ལ་ཁུར་བར་མ་ཟད་བསྟན་འཛིན་གྱི་མིག་ཀྱང་ས་རྡུལ་གྱིས་བཀང་། ཁོས་ལག་པས་མིག་ལ་ཕུར་ཕུར་བྱེད་བཞིན་པའི་སྒང་ལ་ཅི་ཞིག་གིས་བྱང་ཁོག་ནས་ཡར་འདེད་པ་ལྟ་བུའི་གློ་ལུ་དྲག་པོ་འགའ་བརྒྱབ་ཅིང་ཁ་ནང་དུ་ལུད་པ་ཨེ་ཡོང་བལྟས་ནའང་མཆིལ་མ་ཉུང་ཙམ་ལས་ཅི་ཡང་མ་ཡོང་། ཁོས་བོད་ལྭ་ཡིས་མགོ་བོ་བཏུམས་ནས་དེ་གར་ཡོད་པའི་མཇལ་པ་རྣམས་མིག་གིས་འཚོ་བཞིན་བསྡད།
སྐབས་དེར་ཁོ་དང་ལས་ཁུངས་མི་གཅིག་ཀྱང་དེར་སོ་ལྟ་བྱེད་པར་འོངས་པའི་གྲོགས་པོ་དོན་གྲུབ་ཁོའི་གམ་དུ་སླེབས་ཤིང་། “ཨ་རོ། ཅི་བྱེད་ཀྱིན་ཡོད། དེ་རིང་ཁྱོད་ཀྱི་ཚུགས་ཀ་དེ་དངོས་གནས་ཉམ་ཆུང་བ་ཞིག་རེད་ཀོ །འགན་ཁུར་མི་འགྲུབ་ཐག་ཆོད་རེད།”
བསྟན་འཛིན་གྱིས་ཁོང་དགོད་དང་བཅས། “འགན་ཁུར་ཞིག་གང་ན་ཡོད། ཚང་མས་ཚུགས་ཀ་ཙམ་བྱེད་པ་དེ་རེད་མོ”ཟེར་ཅིང་མུ་མཐུད་དུ་གློ་ལུ་བརྒྱབ་པ་དང་། ལུད་པ་ཆེ་ཤོས་དེས་ཁོང་གཉིས་ཀྱི་བར་དུ་ཟིལ་བའི་ཐིགས་པ་ལྟ་བུའི་ཁ་ཆུ་གཏོར།
“དོན་ཅི་ཡང་མ་བྱུང་དུས་འགན་ཁུར་མེད་མོད། དོན་ཞིག་བྱུང་ཚེ་མགོ་ན་བ་རེད། དེ་ནི་འགན་ཁུར་རེད། ཨེ། ཁྱོད་ལའང་འདྲེ་ཆམ་དེ་ཕོག་འདུག་ཨང་། སྨན་ཨེ་བླངས།”
“ད་ཧ་མི་གོ་བར་འདུག དེ་ལས་སྲང་ལ་ཇ་བཏུང་བར་འགྲོ་ཡ། དོན་བྱུང་ཚེ་སྲང་ནས་ཀྱང་ལོས་བྱུང་། ཁོ་ཚོས་སྐད་ཆ་དྲིས་ན་མཇལ་བ་དག་སྲང་ལམ་ན་འདུག་ཅེས་བཤད་ཆོག འགྲོ་ཞོར་དུ་སྨན་བླང་ཡང་ཆོག”
“འགྲོ་ན་འགྲོ ཁྱོད་འདི་ངར་བ་ཞིག་ཡིན”
དོན་གྲུབ་ཀྱིས་བསྟན་འཛིན་གྱི་ཕྲག་པར་རྡེབ་ཙམ་བྱས་པ་དང་སླར་ཡང་རྡུལ་རླུང་འཚུབ་མ་ཞིག་འོང་ཏེ་ཁོ་གཉིས་ཀྱི་མདུན་བཀག །དེ་འཕྲལ་དོན་གྲུབ་བསྟན་འཛིན་གྱི་རྒྱབ་ཏུ་ཡིབ་ཅིང་བསྟན་འཛིན་གྱི་ཕུ་ཐུང་གཡོན་པས་ཁོ་རང་གི་གདོང་བཀབ།
རླུང་འཚུབ་དེའི་རྗེས་སུ་མཇལ་པ་ཉི་ཤུའམ་སུམ་ཅུ་ཙམ་ཞིག་ཀྱང་དེ་ཡིས་དྲུད་ནས་འགྲོ་བ་བཞིན་ཕར་བརྒྱུགས་པ་དང་། ཁོ་ཚོའི་རྗེས་སུ་པར་ལེན་མཁན་ལྔ་དྲུག་ཅིག་ཀྱང་དེ་ཚོས་དྲུད་ནས་འགྲོ་བ་བཞིན་ཕར་བརྒྱུགས།
བསྟན་འཛིན་གྱིས་བདུན་ཕྲག་གཅིག་གི་སྔོན་གྱི་དཀྲུག་ཇའི་བྲོ་བ་དེ་ད་དུང་ཡང་བརྗེད་མེད་པ་དང་། ཁ་སྐྱིད་པོ་ཅན་གྱི་ལྷ་སའི་བུ་མོ་དེའང་ཡིད་ལ་ལྷང་ངེར་འཁོར་བས་ཐད་ཀར་དོན་གྲུབ་ཁྲིད་དེ་སྲང་ལམ་ཁ་པའི་ཕྱོགས་སུ་སོང་། ཡིན་ནའང་ཁོང་གཉིས་དམིགས་སར་སླེབས་དུས་དེ་གར“ཉི་མ་ལྷ་ས”ཞེས་པའི་བོད་རྒྱ་དབྱིན་གསུམ་གྱི་སྒོ་བྱང་དེ་མཐོན་པོར་བཀལ་ཡོད་པ་ལས། ཟ་ཁང་གི་སྒོ་བརྒྱབ་སྟེ་ཅི་ཡང་མེད་པས་བསྟན་འཛིན་གྱིས“དེ་རིང་འདི་ཚང་ཡང་མཇལ་སྐོར་ལ་སོང་བ་ཁོ་ཐག་རེད”ཅེས་ཅི་བྱ་གཏོལ་བྲལ་གྱི་ངང་དུ་ཕྱིར་བཀྱེད་ཅིག་བྱས། ཅུང་ཙམ་མིན་ན་ཁོ་རང་ལམ་ཁའི་སྙིགས་ཤུར་གྱི་ནང་དུ་ལྷུང་ཞིང་མུ་མཐུད་དུ་ལུད་པ་ལུ་བར་བྱས།
དོན་གྲུབ་ཀྱིས་ཁོའི་བཟོ་ལྟ་དེ་མཐོང་ནས་ཧབ་ཆ་ཐག་གེར་བརྒྱབ་པ་དང་། “ཅུང་ཙམ་མིན་ན་འདི་ནས་དོན་ཞིག་བྱུང་སོང”ཟེར།
བསྟན་འཛིན་གྱིས་ཁོ་ལ་ཤགས་སྐྱིད་པོ་ཞིག་འགྱེད་འདོད་དེ་བསམ་བློ་གཏོང་བཞིན་པའི་སྐབས་སུ་དོན་གྲུབ་ཀྱི་ཁ་པར་གྲགས་བྱུང་། ཕར་བལྟས་ན་ཁ་པར་གཏོང་མཁན་ནི་མི་འགངས་ཆེན་ཞིག་ཡིན་པ་དང་དོན་ཆེན་པོ་ཞིག་ཡོད་པ་འདྲ་བས་ཁོས་བསྟན་འཛིན་གྱི་རྗེས་འདེད་ཞོར་དུ་ཁ་པར་ལ་ཉན།
ཁ་པར་བཏང་ཚར་རྗེས། དོན་གྲུབ་ཀྱིས་འགྲོ་ཞོར་དུ་ཁ་པར་ཡར་སློག་མར་སློག་བྱེད་ཀྱིན“འདིར་ལྟོས་དང་། ད་མོ་མིང་དུ་གྲག་རྒྱུ་རེད”
བསྟན་འཛིན་གྱིས་དོན་གྲུབ་ཀྱི་ཁ་པར་ལག་ཏུ་བླངས་ཏེ་བལྟས་པ་ན། པར་ཆས་ཐོགས་པའི་མི་འགས་མཇལ་པ་བུ་མོ་ཞིག་བཀག་སྟེ་ཕྱོགས་བཞི་ནས་པར་ལེན་པ་དང་། བུ་མོ་དེས་ཅི་བྱ་གཏོལ་བྲལ་གྱི་ངང་དུ་གདོང་ལག་པས་བསུབ་བཞིན་པའི་པར་ཅིག་དང་། རྒྱ་མོ་ལོ་ན་སུམ་ཅུ་ཡས་མས། ལག་གཡས་པས་པར་ཆས་ཐོགས་ཤིང་ལག་གཡོན་པས་པར་མ་ལེན་ཞེས་པའི་རྣམ་འགྱུར་སྟོན་བཞིན་པ་ཞིག་གི་པར་གཉིས་མཉམ་དུ་བཞག་ཡོད་ལ། རྒྱ་མོ་དེའི་རྒྱབ་ལྗོངས་སུ་མཇལ་པ་བུ་མོ་དང་པར་པ་གཞན་དག་ཤར་འདུག
བསྟན་འཛིན་གྱིས་སླར་ཡང་གློ་ལུ་དྲག་པོ་འགའ་བརྒྱབ་སྟེ་དོན་གྲུབ་ཀྱི་ཁ་པར་གྱི་ཤེལ་ངོས་བརླན། དོན་གྲུབ་ཀྱིས་སླར་ཡང་“དེ་རིང་པོད་ཕྲན་གྱི་ནང་ན་འདི་ཁྱབ་ཀྱིན་འདུག །ངོ་མ་པར་ལེན་མཁན་འདི་ཚོར་ངོ་ཚ་མི་འདུག”ཟེར།
བསྟན་འཛིན་གྱིས“འུ་གཉིས་ཀྱིས་སྨན་ཉོ་རྒྱུ་བརྗེད་འདུག་ཨང”ཟེར།
3
མཁའ་སྤྱོད་སྒྲོལ་མས་ཨ་མའི་རྒྱབ་གཟུགས་མིག་གིས་འཚོ་བཞིན་གོམ་པ་མདུན་དུ་སྤོ་བཞིན་པ་དང་། འཁོར་ཁང་རེའི་ནང་དུ་འཛུལ་རྗེས་ཟངས་ཀྱི་ཕྱི་ཤུབས་ཅན་གྱི་འཁོར་ལོ་དག་ལ་དབུར་ཙམ་བྱེད། སྐབས་འགར་ཨ་མའི་རྗེས་མི་ཆོད་པར་དོགས་ནས་འཁོར་ལོ་འགའ་ཞིག་མི་སྐོར་བར་གོམ་པ་མགྱོགས་པོར་སྤོ་བར་བྱེད། མོ་རང་གལ་སྲིད་རྒྱུགས་མ་འདུར་གྱིས་བསྐྱོད་ཚེ་ཨ་མའི་རྗེས་ཆོད་པར་སོམ་ཉི་མེད་མོད། ཨ་མས་སླར་ཡང་སྤྱོ་བར་དོགས་ནས་མོའི་རྗེས་རིང་འདེད་བྱས།
ཚེ་དཔག་མེད་ཀྱི་ལྷ་ཁང་གི་མདུན་དུ་སླེབས་རྗེས། ཨ་མས་ཚེ་དཔག་མེད་ཀྱི་གཟུངས་སྔགས་ཟློ་བཞིན་ལག་གཉིས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཅིང་། མཁའ་སྤྱོད་སྒྲོལ་མས་ཀྱང་མོ་དང་ཅུང་ཉེ་བའི་ས་ནས་ཕྱག་འཚལ།
ཨ་མས་ཕྱག་འཚལ་ཚར་རྗེས། མཁའ་སྤྱོད་སྒྲོལ་མར་ཚུར་ཤོག་ཟེར་བའི་བརྡ་རུ་མགོ་བོ་ལྡེམ་ཙམ་བྱས། མཁའ་སྤྱོད་སྒྲོལ་མ་མོའི་གམ་དུ་སླེབས་རྗེས་མོས“ཁྱོད་ཀྱི་རུམ་གྱི་ཆུ་དེ་ང་ལ་སྦྱིན་དང”ཟེར།
མཁའ་སྤྱོད་སྒྲོལ་མས་རུམ་ནས་ཆུ་བླངས་ཤིང་དེའི་ཁའང་དབྱེ་མི་ཐུབ་པས་ལག་གཡས་པས་གཟན་གྱིས་རྗིབ་སྟེ་ཤེད་ཀྱིས་བསྐོར་བས་ཁ་ཕྱེ་ཐུབ་པ་བྱུང་། མོས་ཆུ་ཨ་མར་གཏད་ཞོར་དུ“རྫུན་མ་ཡིན་པ་འདྲ”ཟེར། རྡུལ་རླུང་ཁྲོད་ཤར་བའི་ཉི་ཟེར་གྱི་ཁྲོད་དུ་མོའི་དམར་སྨུག་གི་གདོང་དེ་ཐང་ཆད་པ་དང་སྐྱོ་ཉམས་ཀྱིས་ཀུན་ཏུ་བཟུང་འདུག
ཨ་མས་ཆུ་ཧུབ་འགའ་བཏུང་སྟེ་འགྱིག་དམ་ཕྱིར་མཁའ་སྤྱོད་སྒྲོལ་མའི་ལག་ལ་བཞག
“སྤྱིར་བསོད་ཟད་མ་ངས་དགེ་སློང་མ་ཞིག་ལ་ཚོད་མེད་དུ་གཤེ་ག་ལ་རུང་། འོན་ཀྱང་ཁྱོད་ནི་ངའི་ཤ་ལས་ཆད་པའི་བུ་མོ་ཡིན་པས་ཨེ་མི་དྲག་སྙམ། ཨ་མའི་ཁ་ལ་ཉོན་དང་ནོར་མེད། གཞན་གྱིས་ཅི་ཟེར་ནའང་ཟེར། གཙོ་བོ་ཁྱོད་རང་ཉིད་ཀྱིས་སེམས་བརྟན་པར་བྱོས། དགེ་ཡ་དྲིན་ཆེན་པོས་ཆོས་བསྒྲུབ་པ་ལ་བར་ཆད་མང་ཟེར་ཡང་རྐྱེན་ངན་གྲོགས་སུ་ཤར་བའི་དུས་ཀྱང་མང་པོ་ཡོད་གསུང་། ཁོང་གི་མགོ་ལ་ཡོང་བའི་སྡུག་དེ་འདྲ་ཁྱོད་ཀྱིས་ཆ་ཤས་ཙམ་ཡང་མྱོང་གིན་མེད། དེ་ངས་ཤེས། སྐད་ཆ་མ་མང་བར་དགོན་པ་ནས་སྡོད་དང་། ཁྱོའི་ཁ་རྒྱབ་ཀྱི་ཕྱོགས་སུ་ཞི་ལི་ངེད་གཉིས་ཀྱིས་ཅི་འདྲ་ཞིག་རེམ་མིན་ལྟོས་དང་ཆོག”
མཁའ་སྤྱོད་སྒྲོལ་མས་ཨ་མར་བལྟས་ཏེ་སྐད་ཆ་འགའ་བཤད་རྩིས་བྱས་ཀྱང་མིག་གཉིས་ལས་མཆི་མ་འཛུམ་སྟེ་དར་ཅིག་ངག་མ་འཁྲོལ་བས་མགོ་བོ་སྨད།
“ཨ་མའི་ལོ་ལོ། ཨ་མ་ངས་རྒྱ་ནང་གི་དགོན་པ་དེའང་མི་བཟང་ཟེར་ག་ལ་ཕོད། བླ་མ་ཀློང་གྲོལ་ཚང་ཡང་བསམ་གྱིས་མི་ཁྱབ་པ་ཞིག་ལོས་ཡིན། འོན་ཀྱང་ཁྱོད་རྒྱ་ནང་ལ་སོང་རྗེས་སེམས་རྩེ་གཅིག་གིས་ཆོས་བསྒྲུབ་ཐུབ་མིན་ཡང་སུས་ཤེས། མིའི་སེམས་ཟེར་བ་ཤེས་དཀའ། ཁྱོད་ཀྱི་དགེ་རྒན་གྱིས་ཀྱང་ཁྱོད་དེ་འདྲ་གཅེས། མོ་བསྐྱུར་ནས་འགྲོ་སྲོལ་ཡང་ག་ལ་ཡོད”
མཁའ་སྤྱོད་སྒྲོལ་མས་མགོ་བོ་བཀྱགས་ཏེ་ཨ་མར་ལྟ་ཙམ་བྱས་ཤིང་། གཟན་གྱིས་མིག་ཆུ་འབྱིད་ཙམ་བྱས་ཏེ།
“མ་རེད་ཡ། ཨ་མ། དགེ་རྒན་ང་ལ་མི་བཟང་ཟེར་བ་མིན། ཁོ་ཚོས་ང་ལ་མི་ཁ་བྱེད་ཀྱིན་འདུག”
“ཁྱོད་ཇོ་མོ་ཞིག་ལ་མི་ཁ་ཅི་ཞིག་འཁོར། མི་གོ་ཁུལ་བྱས་ཏེ་སྡོད་དང་དེ་རེད། མི་མི་ཁས་ཤི་བའི་དཔེ་མེད་ཟེར་ནི་རེད། ད་ནི་ཨ་མའི་ཁ་ལ་ཉོན”
མཁའ་སྤྱོད་སྒྲོལ་མས་མཛུབ་མོས་ས་ལ་འབྲད་ཀྱིན་མགྲིན་པ་བརྣངས་ཞོར་དུ།
“ཁོ་ཚོས་ང་ལ་མངལ་སྦྲུམ་འདུག །ཕྲུ་གུའི་སྲིད་བཤིགས་སོང་ཟེར་གྱིན་འདུག”ཟེར།
སྐབས་དེར་རླུང་འཚུབ་ལྡོམ་པོ་ཞིག་བྱེའུ་ནག་པོ་ཁྱུ་གཅིག་དང་འདྲ་བར་དེ་ག་ནས་མགྱོགས་པོར་འཁོར་ཏེ་སོང་ཞིང་། དེའི་རྗེས་སུ་པར་པ་ཁྱུ་གཅིག་སླེབས་ནས་ཁོང་མ་སྨད་གཉིས་ཀའི་མཐའ་ནས་བསྐོར།
4
རླུང་འཚུབ་དེའི་རྗེས་སུ་གྲང་ངར་དང་བསྡོངས་ཏེ་ཉི་འོད་འཕྲོས། དེས་ལུས་ལ་དྲོད་སྣང་མི་སྟེར་ཡང་མིག་མདངས་ཀུན་ཏུ་འཕྲོག་པར་བྱེད། ཀྲའོ་ཞུའེ་ཧྭས་རྒྱབ་ཁུག་ནང་ནས་མིག་ཤེལ་ཁམ་པ་ཞིག་བླངས་ཏེ་གྱོན་ཅིང་། མི་ཚོགས་ལ་རྒྱབ་གཏད་ནས་ཐག་རིང་གི་རི་རྩེ་དང་དེའི་ཀླད་ཀྱི་ནམ་མཁའ་སྔོན་པོར་བལྟས། དུས་ཡུན་དེའི་རིང་ལ་མོའི་སེམས་ལ་འཆར་སྒོ་སྣ་ཚོགས་པ་ཅི་སྙེད་ཅིག་བྱུང་ལ། ནམ་མཁའ་སྔོན་པོ་དེའི་ཕ་རོལ་ནའང་མི་རྣམས་ཀྱིས་མི་རྟོགས་པའི་གསང་བ་ཅི་འདྲའི་མང་པོ་ཞིག་ཡོད་པར་སྙམ། དཔེར་ན་མོའི་ཁྱོ་ཀའི་སེམས་པ་ལྟར། ཕྱི་ནས་བལྟས་ན་ཤིན་ཏུ་གསལ་ཅིང་དྲི་མས་མ་གོས་པར་ཡོད་ཀྱང་ཞིབ་ཏུ་བརྩད་ཅིང་བཅར་ཚེ་སྒོ་མོ་གང་དུ་ཡོད་པ་མི་ཤེས་པའི་སྒྱུ་མའི་ཁང་པ་ཞིག་དང་འདྲ་བར་མགོ་བོ་འཁོར་བྱེད་ཅིག་ཡིན་སྲིད་དམ། དེ་ལྟར་བསམ་གྱིན་མོའི་སེམས་ལ་སྐྱོ་བ་ཞིག་སྐྱེས་པ་དང་གལ་སྲིད་རང་ཉིད་ཀྱང་པར་ལེན་མཁན་དེ་མ་ཡིན་པར་ཕྱག་སྐོར་ལ་འགྲོ་བཞིན་པའི་མཇལ་པ་ཞིག་ཡིན་ན་ཅི་མ་རུང་སྙམ། ཡིན་ནའང་པར་ལེན་པའི་འགན་ཁུར་ནི་འགྲུབ་པར་བྱ་དགོས་པས་དེ་ལྟར་བསམ་བློ་གཏོང་བའི་ཁོམ་པ་ག་ལ་ཡོད།
མོས་ཁུག་མའི་ནང་ནས་ཆུ་དམ་བླངས་ཏེ་ཆུ་བཏུང་འདོད་ནའང་དེ་མགྲོན་ཁང་ནས་ལུས་འདུག་པས་སེམས་ལ་འགྱོད་སྣང་ཅུང་ཙམ་བྱུང་། དེ་ནས་སླར་ཡང་པར་ཆས་ཀྱི་ཁ་ཕྱེ་བ་དང་། དེ་སྦྲུལ་ནུར་བ་བཞིན་འགྲོ་བའི་མི་ཚོགས་ཀྱི་ཕྱོགས་སུ་གཏད། བུ་མོ་སྐེ་དཀྲིས་དམར་པོ་ཅན་དེ་ཤོར་བའི་རྗེས་སུ་དེའི་རྗེས་ཀྱི་མཇལ་བ་ཐམས་ཅད་ཀྱིས་པར་ཤིང་གཅིག་གིས་བརྐོས་པའི་རི་མོ་དང་འདྲ་བར་མོའི་ཡིད་དབང་འགུག་མི་ནུས་པར་གྱུར་ལ། ཡང་ན་བུ་མོ་སྐེ་དཀྲིས་དམར་པོ་ཅན་དེ་མངོན་ནའང་མོ་ལ་ཞིབ་མོར་པར་དུ་ལེན་པའི་བརྩོན་པ་མེད་པ་འདྲ་བས། མྱུར་སྒོ་གནོན་པའི་ཁྲོག་སྒྲའི་ཁྲོད་ནས་མོ་ལ་སུན་སྣང་སྐྱེས།
མོས་ཁྱོ་ཀ་དང་ལྷན་དུ་ཁང་པ་མཐོན་པོ་ཞིག་གི་ཡང་སྟེང་ནས་རང་གི་བུ་ཆུང་ལ་བོས་ཤིང་། དེ་ནས་གློག་སྐས་ལ་བསྡད་དེ་ཁང་པ་དེའི་རྩར་སླེབས། སྐབས་དེར་ཁྱོ་ཀས“ཚོན་ཁྲ་དང་རོལ་མོ”ཟེར་བའི་ཆང་ཁང་གི་སྦྱིན་བདག་མ་མཐོང་ཞིང་མོའི་སར་སོང་། ཀྲའོ་ཞུའེ་ཧྭས་ཁྱོ་ཀ་ཁོང་ཚང་གི་ཚོང་དོན་གྱི་ཆེད་དུ་མོའི་སར་སོང་བར་སྙམ། མོས་ཁྱོ་ཀ་དང་སྦྱིན་བདག་མ་གཉིས་ཀྱིས་ཕན་ཚུན་ལ་སྐད་ཆ་བཤད་བཞིན་པར་བལྟས་བསྡད་ཅིང་། བུ་ཆུང་ལག་པས་ཁྲིད་དེ་ཁོ་ལ་བསྒུགས་བསྡད། ཅུང་ཙམ་འགོར་རྗེས་ཁྱོ་ཀ་དང་སྦྱིན་བདག་མ་གཉིས་སྲང་སྣེ་དེ་ནས་ཕར་བུད་སོང་། མོས་བུ་ཆུང་ལག་པས་གློད་དེ་དེ་ཕྱོགས་སུ་བརྒྱུགས།
འདི་ནི་མོའི་མདང་དགོང་གི་སད་ཁ་མའི་རྨི་ལམ་སྟེ། སུན་སྣང་དེའི་རྗེས་སུ་མོས་སླར་ཡང་རྨི་ལམ་དེ་དྲན་པ་དང་། བྲང་ཁ་ན་ཅི་ཞིག་མ་ཞུ་བར་རིལ་བུར་བསྡད་ཡོད་པའི་ཚོར་བ་བྱུང་།
མོས་མིག་བཙུམས་ཏེ་གང་འདོད་དུ་མྱུར་སྒོ་ཐེངས་འགར་བརྣན་པ་ན། ཁ་འོག་ལ་ཚ་ཤུར་ཤུར་བྱེད་ཅིང་སྐེད་པ་ཅུང་ཙམ་གཟེར་རྗེས་ལུས་ལ་ལྷོད་བབ་པ་ལྟ་བུར་བྱུང་བས་ད་གཟོད་ཟླ་མཚན་བབས་པ་ཤེས། ཐེངས་སྔོན་མར་ལི་ཀང་དང་མཉམ་དུ་ཉལ་བོ་བྱེད་དུས་མངལ་ཆགས་པ་ཨེ་ཡིན་ནམ་སྙམ་པའི་དོགས་པ་དེའང་ངང་གིས་ཞི།
5
དམིགས་སའི་ཇ་ཁང་དེའི་སྒོ་བརྒྱབ་འདུག་པས་བསྟན་འཛིན་གྱི་གདོང་ལ་ཐང་ཆད་པ་དང་སུན་པའི་ཉམས་ཤིག་བྱུང་བས་ཁོ་སྲང་གི་རྡོ་གཅལ་དུ་ཙོག་སྟེ་བསྡད། ལུད་པ་ལུ་ཞོར་དུ་ཁོས་གློ་ཁུག་ལས་ཐ་མག་ལན་ཀྲུ་ནག་པོ་སྒམ་ཆུང་གཅིག་བླངས་ནས་དོན་གྲུབ་ལ་གཅིག་གཏད་ཅིང་ཁོ་རང་གིས་གཅིག་འཐེན།
ཡིན་ཡང་དོན་གྲུབ་ཀྱིས་མགོ་བོ་གཡུག་གཡུག་བྱེད་ཀྱིན།
“ངས་བདུན་ཕྲག་གཉིས་ཀྱི་སྔོན་ནས་ནས་བཟུང་ཐ་མག་འཐེན་གྱིན་མེད། ཁྱོད་ཀྱང་འདི་འདྲ་ལུ་བཞིན་ཡོད་པས་མ་འཐེན་ན་བཟང”ཟེར།
“ངས་མཉམ་མ་བཞག་ཡ། ཏག་ཏག་བདེན་པ་ཡིན་ནམ”བསྟན་འཛིན་གྱིས་ཧ་ཅང་ལྷོད་ཆ་ལྡན་པའི་ངང་ནས་ཐ་མག་རྐང་དེ་ཤུགས་ཀྱིས་འཇིབས་རྗེས་དུ་བ་ཕྱིར་གཏོང་ཞོར་དུ་དེ་སྐད་ཟེར་བ་དང་། དོན་གྲུབ་ཀྱི་བསླབ་བྱ་དེར་ཁ་ཡ་མ་བྱས།
“ཡིན། ཁམས་ཀྱི་དགོན་པ་དེར་མཇལ་སྐབས་ཐ་མག་དང་ཆང་སོགས་མ་བཅད་ན་བསྔོ་རྟེན་མི་ལེན་ཟེར། དེ་བས་གཅད་འདོད་མེད་ཀྱང་མི་གཅོད་ཀ་མེད་བྱུང་།”
དོན་གྲུབ་ཀྱིས་དེ་ལྟར་སྨྲས་ཏེ་བསྟན་འཛིན་གྱིས་ལན་བསློགས་པར་བསྒུགས་ནའང་བསྟན་འཛིན་གྱིས་རེ་ཞིག་ཅི་ཡང་མི་སྨྲ། སྐབས་དེར་དོན་གྲུབ་ཀྱི་ཁ་པར་གྲག་ཅིང་དེ་དང་ལྷན་ཅིག་བསྟན་འཛིན་གྱིས།
“ཞིབ་ཏུ་བསམ་ན་ཐ་མག་དང་ཆང་འདི་མེད་ཀྱང་ཆོག་པ་ཞིག་རེད། འོན་ཀྱང་ཞིབ་ཏུ་མ་བསམ་དུས་འདི་ལས་ཡག་པ་ཞིག་མི་འདུག”ཅེས་སྨྲས་ནའང་ཚིག་རྗེས་མ་དེ་སྨྲ་དུས་དོན་གྲུབ་ཀྱིས་ཁ་པར་ནང་གི་མི་དེར་ལན་འདེབས་ཀྱིན་འདུག་པས་ཁོའི་སྐད་ཆ་ཐོས་མ་བྱུང་།
ཁ་པར་ལ་ཉན་ཚར་རྗེས། དོན་གྲུབ་ཀྱིས“འགྲོ། མགྱོགས་པོར་འགྲོ། དོན་ཞིག་བྱུང་བ་འདྲ”ཟེར།
ཁོང་གཉིས་རྟབ་རྟབ་པོར་སྲང་ལམ་ཆེ་བ་ནས་ནུབ་ཕྱོགས་སུ་བརྒྱུགས་ཏེ་དགོན་པའི་འདབས་ཀྱི་བཞི་མདོར་སླེབས་དུས། དེ་གར་མི་མང་པོས་འཚང་ཁ་ཤིག་ཤིག་གིས་ཟོང་འཁོར་ཆེན་པོ་ཞིག་རུབ་ཀྱིན་འདུག
དོན་གྲུབ་དང་བསྟན་འཛིན་གཉིས་ཀྱིས་དོན་ངོ་མར་དོན་ཅི་ཞིག་བྱུང་བ་ཡིན་པ་ཤེས་འདོད་དེ་མི་ཚོགས་ཀྱི་གསེབ་ཏུ་འཚང་བ་ན། ཟོང་འཁོར་སྟེང་དུ་ལྭ་བ་སྔོན་པོ་ཅན་ཞིག་གིས་རྒྱ་སྐད་ཀྱིས།
“འཚང་ཁ་མ་རྒྱག །གྲལ་བསྒྲིགས་ཏེ་གཅིག་རེ་གཅིག་རེ་བྱས་ནས་ཤོག་དང་། མ་འདང་ན་ད་དུང་ཡོད”ཟེར།
སྐབས་དེར་བོད་པ་ཞིག་གིས་དེ་བོད་སྐད་ལ་བསྒྱུར་ནས་བཤད་ནའང་མི་ཚོགས་ཀྱིས་དེ་ལ་མི་ཉན་པར་ལྕགས་ཟོ་དང་འགྱིག་ཟོ། ཡང་ན་ནང་དུ་ཆུ་མང་པོ་བླུགས་པའི་འགྱིག་ཁུག་ཆེན་པོ་རེ་ཐོགས་ནས་ཟོང་འཁོར་ནང་གི་མི་དེ་ཚོའི་ཕྱོགས་སུ་སྲིང་།
དེ་ནས་ཟོང་འཁོར་ནང་གི་མི་དེ་ཚོས་ཀྱང་འགྱིག་སྒམ་ཆེན་པོ་དེ་ལས་ཉ་དང་ཉེའུ་ཐོམ་བུ་རེ་རེ་བྱས་ནས་ངག་ནས་མང་པོ་ཞིག་ཟློ་བཞིན་དུ་ཟོང་འཁོར་རུབ་མཁན་གྱི་མི་དེ་ཚོའི་ལག་གི་སྣོད་དུ་བཅུ་བ་དང་དངུལ་ལེན་པར་བྱེད།
དེ་འཕྲལ་བསྟན་འཛིན་གྱིས“འདི་ལ་སྐྱོན་ཅི་ཡོད། སྣང་དོགས་མཛད་དགོས་པ་མ་རེད”ཟེར་བ་དང་མགོ་བོ་བསྒུར་ཏེ་ལུད་པ་ལུ་བར་བྱས།
དོན་གྲུབ་ན་རེ། “གཙོ་བོ་འུ་ཚོའི་ཕྱོགས་ཀྱི་མི་ཡོད་མེད་ལ་ལྟོས་ཟེར། གལ་སྲིད་བར་དུ་འགལ་བ་བྱུང་ན་ཁོ་ཚོར་ཁ་ཏ་བྱོས་ཟེར། ཁྱོད་ཀྱིས་ལྟོས་དང་། འུ་ཚོའི་ཕྱོགས་ཀྱི་མི་ཨེ་འདུག”
བསྟན་འཛིན་གྱིས“ཁ་ཁེར་ཞིག་ཡོད་པ་འདྲ། འོན་ཀྱང་ཁོ་ཚོས་ཉ་ཉོས་རྗེས་དེ་ཚེ་ཐར་ལ་གཏོང་བར་འགྲོ་སྲིད། སེམས་ཁྲལ་གནང་མི་དགོས”ཟེར།
བསྟན་འཛིན་གྱིས་གོམ་པ་འགའ་ཕྱིར་བཀྱེད་ཅིང་ཐ་མག་རྐང་གཅིག་བླངས་ཏེ་མེ་སྒྲོན་པར་རྩོམ་པའི་དུས་སུ་རླུང་འཚུབ་ཅིག་གིས་ཁོའི་མེ་ཆ་གཟིམས་པར་བྱས། ཁོས་སློག་ཚར་གྱིས་མགོ་བོ་བཏུམས་ནས་མེ་བསྒྲོན་ཏེ་ཐ་མག་འཐེན་རྩིས་བྱས་ནའང་གློ་ལུ་དྲག་པོ་འགའ་བྱུང་བས་ཐ་མག་དེ་ཕྱིར་སྒམ་ནང་དུ་བཅུག
ཁོ་དང་བར་ཐག་མི་བཅུ་འགས་ཆོད་པའི་ཕོ་གསར་ཞིག་གི་ཐ་མག་གི་དུ་བ་དེ་གར་པར་ལེན་དུ་འོང་བའི་ཀྲའོ་ཞུའེ་ཧྭའི་གདོང་ལ་བདུག (མུ་འགོད།)