གྱ་གྱུའི་མི་ཚེའི་བཤུལ་ལམ་ངེས་མེད་ཀྱི་མཐའ་རུ། །
ཚེ་ཡི་རྟོག་བཏགས་དབང་གཞིའི་རེ་ཁཱ་ལ་འབད་ཀྱང་། །
ནམ་ཞིག་རྣམ་ཤེས་མགྲོན་པོ་བྲེལ་བྲེལ་གྱིས་བྲོས་ན། །
གདོས་བཅས་ཕུང་པོ་དེ་ཡང་མི་རྟག་གིས་བཟས་འགྲོ །
མགོ་བོའི་དབུ་འཕང་ཉི་ཟླའི་རྣ་ཆ་ལ་བཏགས་ཏེ། །
མ་དག་ས་རྡུལ་སྤུར་བའི་འདོད་ཁམས་ཀྱི་གཞི་ནས། །
རི་རྒྱལ་ཇོ་མོ་གླང་མ་ཆུང་སྙམ་གྱིས་འགྲེང་བཞིན། །
ཚེ་ཡི་རྒྱུད་སྐུད་ཕྲ་མོ་ཅི་དགར་གྱིས་འཁྲོལ་ལོ། །
སྐྱིད་སྡུག་གཅིག་ལ་འཁྱུད་པའི་འཁོར་བ་ཡི་ངོགས་སུ། །
ཚུལ་འཆོས་སྟངས་སྟབས་བཅོས་མ་བདེ་མོ་ཞིག་འཁྲབ་སྟེ། །
གང་ཞིག་བསླུ་བར་མ་ནུས་རང་ཉིད་དེ་བསླུས་ནས། །
དལ་འབྱོར་ཡིད་བཞིན་དབང་རྒྱལ་རྡོ་བ་ལ་བརྡབས་སོང་། །
རྣམ་རྟོག་སེམས་བྱུང་ཕྲ་བོ་མུར་མུར་དུ་འཕྱུར་བའི། །
མི་སེམས་སྒྱུ་མར་འཁྲུལ་ཏེ་ཡིད་རྟོན་ནི་བྲལ་ལ། །
བ་གླང་བརྟུལ་ཞུགས་གནས་ལ་སྤྲོ་བ་རང་འཕེལ་ནས། །
ཞེ་འཁོན་དུད་སྨུག་རྫུབས་པའི་འཁོར་བ་ནས་བཟི་འགྲོ །
འཁོར་བ་མི་རྟག་བདེ་ཆེན་སྒྱུ་མ་ཡི་འཇའ་གུར། །
འོག་མིན་ཞིང་མཆོག་ཏཱ་ལར་ལོག་རྟོག་གིས་བཟུང་བའི། །
སྨྱོན་པའི་སེམས་ཅན་ང་ཚོ་རང་སྣང་གིས་བརྟས་ནས། །
ཆོས་བརྒྱད་གཡུལ་ཆེན་འགྲིམ་ལ་ཐེ་ཚོམ་རང་མི་འདུག །
ཐོས་བསམ་དཀའ་ཐུབ་ལས་ལ་གུམ་གུམ་དུ་བྲོས་ཏེ། །
མ་རིག་སྨག་ཚོགས་ཡོལ་བའི་བསིལ་གྲིབ་ལ་བསྙེས་ནས། །
ལུགས་གཉིས་སྒྲོག་གི་འཆིང་ཐག་གྱོང་པོ་ཡིས་མནར་དུས། །
ཆོ་ངེ་འོ་དོད་འཐེན་པས་མགྲིན་པ་དེ་བརྣངས་སོང་། །
དོན་གྱི་ཕྲ་རགས་བྱིངས་ལ་ཧར་ཧར་དུ་འཇུག་ཀྱང་། །
གང་བརྩམ་ལས་ལ་ཕྱི་ཐག་ཨ་བྲ་ཡི་རྔ་མ། །
དོན་གྱི་སྙིང་པོ་ཀིམ་པའི་འབྲས་བུ་དང་མཉམ་པས། །
ཨ་གསར་ཚ་བའི་འགྱོད་གདུང་མཆི་མ་ལ་འདྲེས་བྱུང་། །