ཨ་མདོའི་ལ་གཞས་རྒན་གྱའི་སྐར་མའི་སྐོར་རགས་ཙམ་གླེང་བ།
སྒྲོལ་མ་ལྷ་ཁོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-27
དང་པོ། རྒན་རྒྱའི་སྐར་མའི་གཞས་ཚིག་ཚན་བཀོད།
(སྨན་ཚོང་ཚེ་སྐྱིད།)ས་དར་དཀར་འདྲ་བའི་ཐོག་ན། །གནམ་དར་སྔོན་འདྲ་བའི་འོག་ན། །ཆོས་མདོ་སྔགས་དམ་པ་དར་ས། །སྐྱིད་ལོ་ཡག་མྱུ་གུ་འབུས་ས། །དཔལ་དགེ་བཅུ་ཚང་བའི་ས་ཆ། །གནས་དབུས་ཚང་ཉེ་བའི་ཞིང་ཁམས། །ས་རེབ་གོང་གསེར་མོ་ལྗོངས་རེད། འདིའི་རྫ་འདབ་ཆུ་ཕྲན་བཞུར་ས། །ཤིང་ཆུ་མོའི་བློ་རྩེ་གཏོད་ས། །དཔེར་བཞག་ན་ཨ་མྱེས་བྱ་ཁྱུང་། །ཁ་མར་འཁོར་མར་ལ་བལྟས་ན། །གསེར་ལམ་མེར་རི་ངོས་དགོན་ཆེན། །འཇའ་འོད་ལྔའི་གུར་ཆེན་ཕུབ་འདྲ། །ནང་འཁོར་ར་སེར་འབྲས་དགེ་གསུམ། །དགུང་འདི་ན་སྐར་ཚོགས་ཤར་འདྲ། །ཚེ་འདི་ཡི་བདེ་ལེགས་རྩ་བ། །ཚེ་འདི་ཡི་ལམ་སྟོན་སྒྲོན་མེ། །ཤར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོ། །
(རྒན་གྱའི་སྐར་མ།)ས་ཐང་ཆེན་རྒན་གྱའི་དབུས་ན། །གནམ་སྔོན་མོ་ཐང་ལ་ལྷུང་འདྲ། །འདི་ན་མཉམ་ཁ་ཡ་ན་ཟླ། །ཐང་ཆེན་པོར་མེ་ཏོག་གད་འདྲ། །ངས་རང་ས་བསྟོད་ནི་མིན་ར། །ས་རྒན་གྱའི་གཞུང་ཁོག་རིང་མོ། །འདིའི་ཕོ་རྒྱུད་ཚངས་པ་རང་བྱོན། །འདིའི་མོ་རྒྱུད་སྒྲོལ་མ་རང་བྱོན། །་་་་ངའི་ཞེ་མཐུན་ཚེ་སྐྱིད་ངེད་གཉིས། །འདི་འགྲོགས་ནས་མཐུན་ཚུལ་བཤད་ན། །དགུང་ཉི་མ་ཐང་ནས་འབུད་དུས། །རོགས་ངེད་གཉིས་ཁུ་ལོ་ཐོད་ཐུག །ས་དོག་མོ་ལྗང་ལོ་གོན་པས། །རོགས་ངེད་གཉིས་འགྲོགས་ལ་ཐོད་ཐུག། །འདི་ཉི་མ་ཉིན་སྐོར་སུམ་ཅུ། །འདི་ཟླ་བ་ཟླ་སྐོར་བཅུ་གཉིས། །ཞེ་མཐུན་པའི་སྙིང་གཏམ་བཤད་པ། །རྟ་འདོ་བ་མ་གཏོགས་གོ་མེད། །་་་་ཚེ་ཕྱི་མར་མཉམ་སྐྱེ་མཉམ་འགྲོ། །གནས་གཅིག་ལ་སྨོན་ལམ་བཏབ་ཡོད། །
(སྨན་ཚོང་ཚེ་སྐྱིད།)སྡེ་གཡུང་དྲུང་འདྲ་བའི་དཀྱིལ་ན། །དཔུང་ཁ་ཡ་ན་ཟླའི་རྩེད་རོགས། །ཁ་ཚིག་འཇམ་དར་དཀར་རིང་མོ། །ཚེ་གང་ལ་སྐྱིད་པའི་ཚེ་རོགས། །བརྒྱ་ཡོད་ཀྱང་བཙལ་འདོད་ངར་མེད། །ངའི་འདང་ཆེན་སྙིང་གི་རྩེ་རོགས། །ས་རྒན་གྱའི་གཞུང་ན་ཡོད་ནོ། །ཡུལ་ཕ་མས་མ་གཏོགས་མི་ཤེས། །ངའི་རྩེད་རོགས་རྒན་གྱའི་སྐར་མ། །ཁ་ཚུར་འཁོར་བཅོ་ལྔའི་ཟླ་བ། །ཁ་ཚིག་འཇམ་རྒྱ་དར་དཀར་པོ། །མགོའི་རལ་བ་རྒྱ་ལྕང་ལོ་མ། །མིག་ཁྲ་ཆུང་པདྨའི་སིལ་འབྲུ། །ལུས་དར་ཟབ་ཟ་འོག་དགུ་སྒྲིལ། །བུ་འདི་ལ་འཛོམས་གསུམ་འཛོམས་ཡོད། །སྐྱེ་ཕོ་ཡག་དབྱར་གསུམ་མེ་ཏོག །མ་ངེད་ཚོ་སྦྲང་མ་རང་འཁོར། །ཚེ་གང་གི་ལས་འབྲེལ་བཞག་ཡོད། །་་་་རོགས་འུ་གཉིས་བཟའ་བགྲོས་ནང་གཏམ། དགུང་ཉི་མ་མིན་པའི་མི་ཤེས། །ཚིག་རྡོ་རྗེ་རྒྱ་སྐུད་མདུད་པ། །བྱ་རྒོད་པོ་མིན་པའི་གོ་མེད། །་་་་
(རྒན་གྱའི་སྐར་མ།)ཞེ་མཐུན་པའི་སྨན་ཚོང་ཚེ་སྐྱིད། །ངོ་མ་ཐུག་ཟླ་བ་དྲུག་རེད། །ཚིག་མ་བཤད་ཟླ་བ་དྲུག་རེད། །ཟླ་དྲུག་གི་ལོ་ཕྱེད་འདི་ལ། །་་་་ང་ཟླ་བ་དྲུག་གི་རིང་ལ། །ཡུལ་ཕ་མའི་རྩིབ་ནས་མ་བསྡད། །ཁྱོད་འདང་ཅན་མ་ལོ་བསམ་མས། །ས་རྒྱ་ཡུལ་གྲོང་ཁྱེར་འགྲིམས་ཏེ། །གཟི་ཁྲ་ཡི་རྣ་ལོང་བསྒྲིགས་ཡོད། །གཡུ་བྱུ་རུའི་སྐེ་རྒྱན་ཉོས་ཡོད། །དངུལ་དཀར་པོའི་བཞོ་ཟུང་ཉོས་ཡོད། །གོས་ཚ་རུར་སྲམ་ཁ་སྤྲད་ཡོད། །རོགས་འུ་གཉིས་འདུག་རྟེན་བསྒྲིགས་ཡོད། །རྫ་ཉིན་སྲིབ་འགྲིམ་པའི་འབྲི་མོ། ། རྩྭ་ཆུ་འཛོམས་ཐང་ལ་ངས་འདེད། །ས་སྨན་ཚོང་ན་ཆུང་བུ་མོ། །དཔུང་ན་ཟླའི་ནང་ནས་མི་བསྐྱུར། །ས་རྒན་གྱའི་གཞུང་ལ་ངས་ལེན། །བུ་ངེད་ཚོ་སྐྱིད་སའི་སྡེ་ནས། །མ་ཁྱེད་རང་སྡུག་གི་ཆེ་འཇུག །་་་་
གཉིས་པ། གཞས་ཚིག་གི་ནང་དོན་དང་ཁྱད་ཆོས་སྐོར།
གཅིག །གཞས་ཚིག་གི་ནང་དོན་མདོར་བསྡུས།
ལ་གཞས་འདི་ནི་མདོ་སྨད་ཡུལ་དུ་དགའ་བསུ་ཆེན་པོ་ཐོབ་པའི་ཕོ་མོའི་དུང་བ་བརྗོད་པའི་ལ་གཞས་གཅིག་ཡིན་ལ། འདིར་ལ་གཞས་འདིའི་ནང་དོན་གཙོ་བོ་མདོར་བསྡུས་ཙམ་ཞུས་ན་འདི་ལྟར་ཏེ། རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད་གཉིས་ཕན་ཚུན་དབར་བརྩེ་དུང་ཆགས་ཏེ། ནམ་རྒྱུན་ནོར་ལུག་འཚོ་བའི་དུས་དང་བསྟུན་ཏེ་ཕན་ཚུན་དྲན་པའི་དྲན་གདུང་དེ་སེལ་བར་བྱས། དེ་ལྟར་རྒན་གྱའི་སྐར་མས་སྨན་ཚོང་ཚེ་སྐྱིད་ལ་ཁྱིམ་ལ་ལོག་ནས་ཁོ་གཉིས་ཀྱི་འཇིག་རྟེན་མཐུན་འཇུག་གི་བྱ་བ་དེ་ཕ་མ་གཉིས་ལ་ཤོད་ཅེས་ཁ་ཏ་བྱས་ཤིང་། སྨན་ཚོང་ཚེ་སྐྱིད་ཀྱིས་ལོ་དེའི་ལོ་གསར་གྱི་སྐབས་དང་བསྟུན་ནས་བརྩེ་བའི་དྲིན་ཆེན་ཕ་མ་གཉིས་ལ་རང་དང་རྒན་གྱའི་སྐར་མ་དབར་གྱི་འཇིག་རྟེན་མཐུན་འཇུག་གྱི་བསམ་ཚུལ་ཞུས་པ་ན། མོའི་ཨ་ཕ་ནི་ཁོང་ཁྲོ་དང་བཅས་བུ་མོའི་བསམ་ཚུལ་དང་ལེན་མ་བྱས་པ་མ་ཟད་ཕ་རང་གིས་བུ་མོ་གནས་ལ་འགྲོ་སའི་གནས་ཡུལ་བཙལ་ཡོད་ལུགས་དང་སྡེ་གཉིས་ཀ་གྱོད་ལ་ཐུག་ཡོད་པས་རྒན་གྱའི་ཡུལ་ལ་བག་མར་འགྲོ་མི་ཐུབ་པའི་ཚུལ་སོགས་མང་པོ་བཤད། ཉིན་གཅིག་སྨན་ཚོང་ཚེ་སྐྱིད་རོགས་རྒན་གྱའི་སྐར་མ་དང་འཕྲད་དེ་རང་གི་ཨ་ཕའི་རྣམ་འགྱུར་ཁོ་བོར་བཤད་ནས་ཟླ་གཞུག་མའི་ཚེས་ཆེན་བཅོ་ལྔར་དྲིན་ཕ་མས་དང་ལེན་མ་བྱས་ཀྱང་རོགས་རྒན་གྱའི་སྐར་མ་དང་འགྲོགས་ཏེ་རྒན་གྱའི་ཡུལ་ལ་འགྲོ་རྒྱུ་ཞེས་ཚིག་ཐག་བཅད། ཡིན་ཡང་ཡིད་ཕང་པ་ཞིག་ལ་ཟླ་དེའི་ཟླ་འགོར་རྒན་གྱ་དང་སྨན་ཚོང་ཟེར་བའི་སྡེ་གཉིས་ཕན་ཚུན་མ་མཐུན་པར་འཁྲུག་པ་བྱུང་ནས། རྒན་གྱའི་སྐར་མ་ཐེངས་དེའི་དོན་རྐྱེན་ཁྲོད་རང་སྲོག་ཤོར། སྨན་ཚོང་ཚེ་སྐྱིད་ཀྱིས་སྐད་དེ་གོ་མ་ཐག་བྲག་དཀར་དགོན་དུ་ཆས་ཏེ་ལུས་སེམས་རྩེ་གཅིག་གིས་ཆོས་སྒོར་བཞུགས་ཤིང་། མི་ཚེ་གང་པོར་རོགས་རྒན་གྱའི་སྐར་མའི་དོན་དུ་ཆོས་སྒྲུབ་ཀྱི་ལས་ལ་འབད་པའི་ཆོད་སེམས་བཞག་པ་རེད།
གཉིས། གཞས་ཚིག་གི་ཁྱད་ཆོས་སྐོར།
1.བརྗོད་བྱའི་དོན་གྱི་ཆ།
དེའང་ལ་གཞས་དེའི་བརྗོད་བྱའི་དོན་གྱི་ཆ་ནས་ཁྱད་ཆོས་འདི་འདྲ་འདུག་སྟེ། གཞོན་ནུ་ཕོ་མོ་རྣམས་ཀྱི་དུང་བ་སེམས་ཀྱི་གཟུགས་སུ་མི་སྣང་བའི་ནང་སེམས་ཀྱི་འགྱུར་བ་ཅི་རིགས་དེ་གསལ་པོར་མངོན་ཕྱིར། དམངས་ཁྲོད་ཀྱི་སྒྱུ་རྩལ་པའམ་རྒྱ་ཆེ་བའི་མང་ཚོགས་ཀྱིས་ཁོ་རང་ཚོའི་བསམ་བློའི་འཁྱེར་ཕྱོགས་དང་མཐུན་པའི་འཇིག་རྟེན་ལྟ་ཚུལ་དང་ཡུལ་གོམས་གཤིས་ལུགས། རང་བྱུང་ཡུལ་ལྗོངས་ཀྱི་མཛེས་རིས་སོགས་མི་རྣམས་ཀྱི་ཉིན་རེའི་འཚོ་བ་དང་འབྲེལ་ཞིང་གོམས་འདྲེས་སུ་གྱུར་པའི་བྱ་དངོས་ཡོད་ཚད་ལ་དཔེ་ལེན་པའི་ཐབས་ལམ་ལ་བརྟེན་ནས། གཞོན་སྐྱེས་ཕོ་མོ་དག་གི་སེམས་ཀྱི་བརྩེ་དུང་གི་འགྱུར་བ་ཅི་རིགས་སྦ་གསང་མེད་པར་ཕྱིར་མངོན་པར་བྱེད་ཐུབ་པ་བྱུང་ཡོད་ལ། མ་ཟད་ལ་གཞས་དེ་ནི་མེས་པོ་གོང་མ་དག་གི་རིང་ནས་རིམ་བཞིན་བསྲེག་བཅད་བརྡར་གསུམ་ལས་བྱུང་བའི་བློ་གྲོས་ཀྱི་ཉིང་ཁུ་དང་། བརྡ་རྙིང་དང་མངོན་བརྗོད་སོགས་ཀྱིས་མ་བཅིངས་པའི་སྐད་ཆའི་ཉིང་བཅུད་རྣམས་མ་ལུས་གཅིག་འདུས་ཀྱི་ཕུང་པོ་ལྟ་བུ་ཡིན་ཞིང་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་དང་རེ་འདུན། དངོས་ཡོད་འཚོ་བའི་རྒྱུན་ཤེས་སོགས་ཐད་ཀར་མངོན་བྱེད་ཀྱི་མེ་ལོང་ལྟ་བུར་སྣང་།
2.རྗོད་བྱེད་ཚིག་གི་ཆ།
ལ་གཞས་དེའི་རྗོད་བྱེད་ཚིག་གི་ཆ་ལ་རང་ངོས་ཀྱི་ཁྱད་ཆོས་འདི་འདྲ་འདུག་ཅིང་། དཔེ་བཀོད་པ་ཕུན་སུམ་ཚོགས་ཤིང་རྗོད་དོན་སྣང་བརྙན་ལྡན་པས་ཉན་མཁན་ཁྲི་སྟོང་མང་པོའི་བློ་ཡིད་ཀུན་ནས་འཕྲོག་ཐུབ་པའི་རྨད་དུ་བྱུང་བའི་སྒྱུ་རྩལ་གྱི་ཚེ་སྲོག་འཛོམས་པར་བྱས་ཡོད་པ་དང་། རྗོད་བྱེད་ཀྱི་ཚིག་སྟབས་བདེ་ཞིང་གསོན་ཉམས་ལྡན་པས་དེ་ནི་མང་ཚོགས་ཀྱི་ངག་ནས་ཡང་ཡང་བཙོ་སྦྱངས་བྱས་པའི་སྐད་ཆའི་དྭངས་མ་ལྟ་བུར་ཆགས་འདུག །གཞན་ད་དུང་རྗོད་བྱེད་ཀྱི་ཚིག་གནད་དུ་འཁེལ་ཞིང་བབ་ཆགས་པ། ཚིག་འབྲི་ལེགས་ཤིང་རྗོད་པ་གཙང་བས་བརྗོད་བྱའི་དོན་ཡིད་ལ་ངེས་བདེ་བ་སོགས་ལ་གཞས་ལ་རོལ་མྱོང་བྱེད་མཁན་དག་གི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འགུགས་པའི་སྒྱུ་རྩལ་གྱི་ནུས་པ་དང་ཁྱད་ཆོས་དུ་མས་ཕྱུག །
གསུམ་པ། རྒན་གྱའི་སྐར་མའི་གཞས་ཚིག་ལས་
མཚོན་པའི་དམངས་སྲོལ་རིག་གནས་སྐོར།
སྤྱིར་མིའི་རིགས་ཀྱིས་འཚོ་གནས་ཁོར་ཡུག་གི་ཐོན་ཁུངས་ཀྱི་ཆ་རྐྱེན་འཛོམས་མིན་དང་ཐོན་སྐྱེད་བྱེད་སྟངས་ཐད་ཀྱི་ལག་རྩལ་སྣ་ཚོགས། འཚོ་བའི་གོམས་སྲོལ་དང་སྒྲིག་སྲོལ་བཟང་ངན་སོགས་ཤུགས་རྐྱེན་སྣ་ཚོགས་འདི་དག་ལས་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པ་ཞིག་གསར་དུ་བྱུང་བ་ཡིན་ལ། འདིར་བཀོད་པའི་ལ་གཞས་རིག་གནས་ཀྱང་དེ་ལས་མ་འདས་པར་མིའི་རིགས་འཕེལ་རྒྱས་ཀྱི་བཞུད་ལམ་རིང་མོའི་ཁྲོད་རིམ་གྱིས་ཕུན་སུམ་ཚོགས་པའི་ལ་གཞས་ཀྱི་རིག་གནས་སྣང་ཚུལ་ཞིག་གམ་དམངས་སྲོལ་གྱི་རྣམ་པ་གལ་ཆེན་ཞིག་ཆགས་པ་རེད། དེ་ན་འདིར་བཀོད་པའི་ལ་གཞས་རྒན་གྱའི་སྐར་མ་ལའང་ང་ཚོའི་དམངས་ཁྲོད་ཀྱི་དམངས་སྲོལ་རིག་གནས་དང་འབྲེལ་ཡོད་ཀྱི་ནང་དོན་མང་པོ་འདུག་སྟེ། དཔེར་ན་དམངས་ཁྲོད་ཀྱི་གཉེན་སྲོལ་སྐོར་དང་འབྲོག་པའི་གྱོད་བཤད་རིག་གནས་སྐོར། ལོ་གསར་དང་འདས་མཆོད་སོགས་དམངས་ཁྲོད་ན་ས་ཁྱབ་རྡོ་ཁྱབ་ཏུ་ཡོད་པའི་དམངས་སྲོལ་རིག་གནས་ཀྱི་ཆ་ཤས་མང་པོ་ཞིག་ལ་གཞས་དེའི་གཞས་ཚིག་དང་གཞས་ཚིག་གི་ནང་དོན་ལས་མངོན་པར་གསལ་ཐུབ། དེའང་རྒན་གྱའི་སྐར་མ་ཚབ་མཚོན་དུ་གྱུར་པའི་ལ་གཞས་རིག་གནས་ནི་དམངས་ཁྲོད་ཀྱི་དམངས་སྲོལ་ཞིབ་འཇུག་ཐད་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེ་ཞིག་ཡིན་པས། དམངས་སྲོལ་རིག་གནས་ཀྱི་ཞིབ་འཇུག་གི་བྱ་བར་འཇུག་པ་དང་དམངས་སྲོལ་ཤེས་བྱ་སྦྱངས་བ་སོགས་ཀྱི་ལས་དང་པོ་རྣམས་ལ་མཚོན་ན་དེ་ནི་ཕུན་སུམ་ཚོགས་པའི་ཞིབ་འཇུག་གི་བང་མཛོད་ཅིག་དང་གོར་མ་ཆག །
བཞི་བ། མཇུག་བསྡུ་བའི་གཏམ།
མདོར་ན་ལ་གཞས་རིག་གནས་དེའང་དམངས་སྲོལ་རིག་གནས་ཞིབ་འཇུག་ཐད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེ་ཞིག་ཡིན་པ་དང་། གཞན་ད་དུང་ལ་གཞས་རིག་གནས་ནི་དམངས་སྲོལ་རིག་གནས་ལ་ཞིབ་འཇུག་བྱེད་མཁན་གྱི་ལས་དང་པོ་ཞིག་ལ་མཚོན་ན་བློ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན། དེ་བས་ན་ང་ཚོས་ལ་གཞས་རིག་གནས་སྲུང་སྐྱོབ་ཐད་དོན་ལྡན་གྱི་ཐབས་ཤེས་སྣ་ཚོགས་དང་ལག་ལེན་དངོས་ལ་བསྟར་ཏེ་སྒང་པ་བོད་པའི་ཡུལ་གྲུ་ན་དར་ཁྱབ་ཆེ་བའི་མདོ་སྨད་ལ་གཞས་རིག་གནས་ལ་བརྩི་འཇོག་དང་མ་ཉམས་གོང་སྤེལ་ཉམས་པ་སླར་གསོ་བྱ་རྒྱུ་ནི་འགངས་ཆེ་བར་མཐོང་ངོ་། །