ཕྱི་ཡོང་ཐ་སྙད་བོད་ཡིག་ཏུ་བསྒྱུར་ཐབས་སྐོར་དཔྱད་པ།
སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-27
གཅིག །ཕྱི་ཡོང་ཐ་སྙད་ཀྱི་གོ་དོན།
དེང་སང་འཛམ་གླིང་གི་རིག་གནས་སྣ་མང་ཅན་དུ་འགྱུར་བཞིན་ཡོད་པར་བརྟེན། རྒྱལ་ཁབ་དང་མི་རིགས་སོ་སོའི་སྐད་དང་རིག་གནས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་གཅིག་ངོར་གཅིག་འཐིམས་པའམ་གཅིག་གིས་ཅིག་ཤོས་སྒྱུར་བཞིན་ཡོད་པས་ཕྱི་ཡོང་ཐ་སྙད་དང་ཕྱི་ཡོང་རིག་གནས་སོགས་གང་མང་དར་བ་རེད། དེ་མིན་འཛམ་གླིང་གི་དཔལ་འབྱོར་དང་ཚན་རིག་རིག་གནས། སྤྱི་ཚོགས་སོགས་གང་གི་ཐད་ནས་ཀྱང་ཕན་ཚུལ་མཉམ་འབྲེལ་མཉམ་གནས་ཀྱི་གནས་ཚུལ་ཞིག་གྲུབ་ཡོད། བརྡ་འཕྲིན་དང་ཆ་འཕྲིན་ཀྱིས་གོ་ལ་འདི་ཉིད་ཉིན་རེ་བཞིན་གྲོང་སྡེ་ཞིག་གི་རྣམ་པར་འགྱུར་དུ་བཅུག་པ་འདི་དག་གི་རག་ལས་ས་གཙོ་བོ་ནི་སྤྱི་ཚོགས་དང་རིག་གནས། དཔལ་འབྱོར་དང་ཚན་རིག་ཆབ་སྲིད་དང་ཆ་འཕྲིན་སོགས་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱིས་དབང་གིས་སོ། །སྤྱིར་ཐ་སྙད་གང་ཞིག་ཡིན་ཡང་གཙོ་ཆེ་བར་ཐ་སྙད་འདིའི་བསྟན་དོན་དེ་ཡིན། ཕྱི་ཡོང་ཐ་སྙད་ཀྱི་གོ་དོན་ནམ་བསྟན་དོན་ནི་རང་རིགས་ལ་མེད་པའི་བྱ་དངོས་སམ་ཡང་ན་མི་སྣ་གང་ཞིག་རིག་གནས་ཀྱི་དགོས་མཁོ་དང་སྤྱི་ཚོགས་འཚོ་བའི་དགོས་མཁོ། ཡང་ན་མིའི་རིགས་ཀྱི་དུས་རྒྱུན་གྱི་བརྡ་སྤྲོད་ནས་གཞན་རིགས་ཀྱི་བྱ་དངོས་སམ་བྱ་དངོས་གསར་པ་གང་རུང་ཞིག་མཚོན་པ་བྱེད་པའི་ཐ་སྙད་དེར་གཞན་མི་རིགས་ཀྱི་འབོད་སྲོལ་དང་མཚོན་སྲོལ་ལྟར་ཇི་མ་ཇི་བཞིན་བེད་སྤྱོད་བྱེད་པའི་ཐ་སྙད་ལ་གོ །དཔེར་ན། ཨུ་ཡོན། ཁུ་མཁོ་ཁུ་ནག །ཀེ་ལ་ཤ །སྦུ་སུལ་ཁུ་ནག །ཀརྨ། གླང་ཆེན། མེ་ཏོག་པད་མ། མཎྜལ་ལྟ་བུ། རང་རིགས་བོད་ཀྱི་རིག་གནས་འདི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་མ་ཉམས་གོང་སྤེལ་བྱུང་བ་དེ་ཕྱོགས་གཅིག་ནས་རང་རིགས་ཀྱི་རིག་གནས་དེ་འཛམ་གླིང་གི་རིག་གནས་དང་ཁ་ཕྱོགས་པ་ཡིན་ལ། ཕྱོགས་གཉིས་ནས་བོད་ཀྱི་རིག་གནས་ཁོང་རང་ངོས་ཀྱི་རིན་ཐང་གཞལ་དུ་མེད་པ། ཕྱོགས་གསུམ་ནས་རླབས་ཆེན་གྱི་མེས་པོ་རྣམས་ཀྱི་འབད་བརྩོན་དང་རྒྱུན་འཛིན་གྱིས་དབང་གིས་སོ། །
གཉིས་པ། ཡིག་སྒྱུར་གྱི་རྩ་བའི་ཆ་རྐྱེན།
སྐད་ཡིག་གི་རྨང་གཞི་བཟང་ཙམ་ཞིག་ལྡན་པའི་ཁར་ཡིག་བསྒྱུར་གྱི་བྱ་བ་མཛད་མཁན་ཞིག་གིས་ཕྱི་ནས་གསར་དུ་དར་བའི་མིང་བརྡ་རྣམས་གོ་བརྡ་མ་ལོག་པར་ཡིག་བསྒྱུར་གྱིས་དོན་རྣམས་དཔྱིས་ཕྱིན་པ་ཞིག་བུ་ཡིག་ཏུ་འགོད་ཐུབ་པ་བྱ་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན་པས་སྐབས་སུ་འབབ་པར་ཇི་ལྟར་བྱས་ཏེ་ཡིག་བསྒྱུར་གྱི་རྩ་བའི་ཆ་རྐྱེན་དང་མི་འགལ་བར་དཔྱིས་ཕྱིན་པར་དོན་གྱི་སྙིང་པོ་གོ་བརྡ་སྤྲོད་ཐུབ་པ། ཡིག་བསྒྱུར་ཞེས་པ་ག་འདྲ་ཞིག་ཏུ་ངོས་འཛིན་དགོས་པ་དང་། ཡིག་བསྒྱུར་ལ་རྩ་བའི་དབྱེ་བ་ག་ཚོད་ཡོད་མེད། སྔོན་བྱོན་མཁས་པའི་བཞེད་པ་ལྟར་ཡིག་བསྒྱུར་གྱི་རྩ་བའི་ཆ་རྐྱེན་གསུམ་རེ་རེ་ནས་བཤད་པ་བཅས་བཞི་རུ་དབྱེ་ནས་བཤད་པར་བྱ་བ་ལ།
1.ཡིག་བསྒྱུར་གྱི་རྩ་བའི་ཆ་རྐྱེན་དང་མི་འགལ་བར་དཔྱིས་ཕྱིན་པའི་སྒོ་ནས་དོན་གྱི་སྙིང་པོ་གོ་བརྡ་སྤྲོད་ཐུབ་པ་དེ་ཡིན་ཡང་ཇི་སྐད་དུ། མིང་དུ་གདགས་པར་མ་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། དེ་བས་རྨོངས་པ་སེལ་བའི་ཕྱིར། མགོན་པོས་མིང་དུ་གདགས་པར་མཛད་ཅེས་གསུངས་པ་ལྟར་ཐོག་མར་མིང་གི་དབྱེ་བ་གསལ་པོ་ཞིག་ཤེས་ཐུབ་པར་བྱེད་རྒྱུ་ནི་འཇིག་རྟེན་གྱི་རྨོངས་པ་སེལ་བའི་རྒྱུ་དང་ཐབས་གང་ཉིད་དེ། འཇིག་རྟེན་གྱི་བྱ་དངོས་གང་དང་གང་ལའང་རང་རང་གི་ཆོས་སོ་སོའི་དབྱེ་བ་གསལ་པོ་འབྱེད་པའི་མིང་གི་གཞི་གྲུབ་པ་སྟེ། སུམ་རྟགས་ཀྱིས་གཞུང་དུའང་ཐོན་མིས་མིང་ཚིག་གསལ་བ་མེད་ན་ནི། དོན་རྣམས་བརྗོད་པར་མི་འགྱུར་རོ་ཞེས་པ་དང་། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། མིང་གི་ཁོངས་ནས་ཚིག་དབྱུང་ནས། ཚིག་གིས་དོན་རྣམས་སྟོན་པར་བྱེད་ཅེས་གསུངས་པ་ལྟར་ཐོག་མར་དོན་གང་ཞིག་བརྗོད་དགོས་ནའང་མིང་གི་དབྱེ་བ་གསལ་བར་རྟོགས་ཐུབ་པར་བྱ་རྒྱུ་ནི་ང་ཚོའི་སྤྱི་ཚོགས་འདིའི་མིག་ལམ་དུ་ཕྲད་བཞིན་པའི་ཁ་ཚ་དགོས་གཏུག་གི་གནད་དོན་དང་པོ་དེ་ཡིན་པས། ལོ་ཙཱའི་ལས་ལ་མཇུག་སྐབས་ཀྱང་ཐོག་མར་མིང་གི་བསྒྱུར་ཐབས་གསལ་པོ་ཤེས་དགོས་པ་དང་། མིང་ལེགས་པར་བསྒྱུར་ན་བསྒྱུར་ཡིག་གི་ཚིག་གམ་བརྡ་གསལ་བར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འགྲུབ་པ་དང་། ཚིག་གམ་བརྡ་གསལ་བར་བྱེད་པ་བརྗོད་པ་ལེགས་ཞིང་མ་ཡིག་གི་བསྟན་པའི་དགོངས་དོན་བུ་ཡིག་ཏུ་ལེགས་པར་བསྒྱུར་ཐུབ་པ་ནི་སྒྱུར་རྩོམ་ཧྲིལ་པོའི་དགོངས་དོན་བདེ་བླག་ངང་ཀློག་པ་པོའི་སྤྱན་སྔར་འགྲེམས་སྤེལ་གྱིས་ཕྱི་ཡུལ་གྱི་དཔལ་འབྱོར་དང་སློབ་གསོ། ཆབ་སྲིད། འགྲིམ་འགྲུལ། ཡུལ་སྐོར་སོགས་ལ་མཐོང་རྒྱ་གསར་པ་ཞིག་འབྱེད་ཐུབ་པས་ལོ་ཙཱ་བའི་འགན་ཁུར་ཡང་ཡོངས་སུ་འགྲུབ། མིང་ནི་འཇིག་རྟེན་འདིའི་སྟེང་གི་བྱ་དངོས་འགུལ་སྤྱོད་ཐམས་ཅད་ཀྱི་རྩ་བ་ཞིག་དང་ལོ་ཙཱའི་བྱ་བར་ཐོག་མཐའ་བར་ཀུན་ཏུ་དཔྲལ་བའི་མིག་བཞིན་དུ་གྱུར་ཡོད། ཐོག་མར་མིང་གི་དོན་ཇི་མ་ཇི་བཞིན་བསྒྱུར་མ་ཐུབ་ན་མིང་དེ་ལས་བྱུང་བའི་དོན་རྣམས་ཀྱང་འཁྲུགས་ནས་གོ་བརྡ་མི་འཕྲོད་པར་འགྱུར་བ་མ་ཟད། ཡི་གེ་བསྒྱུར་བ་དང་བསྒྱུར་ཡིག་གཏན་འཁེལ་བྱེད་པའི་གོ་རིམ་ནང་ངེས་པར་དུ་རྩ་དོན་ཆེན་པོ་གསུམ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། གཅིག །བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མཐུན་དགོས་པ། གཉིས། གཞུང་ལས་འབྱུང་བའི་བརྗོད་བྱའི་དོན་དང་འགལ་མི་རུང་བ། གསུམ། བོད་མི་རང་གིས་གོ་བདེ་བ་ཞིག་ཡིན་དགོས་པ་བཅས་ཡིག་བསྒྱུར་གྱི་རྩ་བའི་ཆ་རྐྱེན་དང་མི་འགལ་བར་དཔྱིས་ཕྱིན་པའི་སྒོ་ནས་དོན་གྱི་སྙིང་པོ་བདེ་བླག་ངང་ཀློག་པ་པོར་གོ་བརྡ་སྤྲོད་ཐུབ་དགོས་སོ། །
2.ཡིག་བསྒྱུར་ཞེས་པ་གང་འདྲ་ཞིག་ཏུ་ངོས་འཛིན་དགོས་པ་ནི། དེ་ཡང་སྐད་རིགས་གཉིས་ཀྱི་སྒྲ་གདངས་དང་མིང་འདོགས་ལུགས། ཚིག་གྲུབ་ཚུལ་སོགས་ཐ་དད་ཡིན་པས་ཕན་ཚུན་བསྒྱུར་བར་དཀའ་ངལ་ཆེ་བ་ནི་མི་རིགས་མི་འདྲ་བ་གཉིས་ལ་བསམ་གཞིགས་ཀྱི་གཏན་ཚིགས་གཅིག་འདྲ་ཡོད་ལ་མི་མཐུན་པའི་བསམ་གཞིག་བྱེད་ཐབས་ཀྱང་ཡོད་པ་དང་སྐད་ཆ་མི་འདྲ་བ་གཉིས་ལ་བརྡ་སྤྲོད་ཀྱི་ལུགས་གཅིག་འདྲ་ཡོད་ལ། མི་མཐུན་པའི་མཚོན་ཐབས་ཀྱང་ཡོད་པ་ཡིན། དེ་ལ་མཐུན་པའི་རིག་གནས་ཀྱི་འབྲེལ་བ་ཡོད་ལ། མི་མཐུན་པའི་རིག་གནས་སྲོལ་རྒྱུན་ཀྱང་ཡོད་པ་རེད། དེར་བརྟེན་ཕྱོགས་མང་པོ་ཞིག་གི་ཐད་ནས་ལོ་ཙཱ་བར་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་ལ་གཡོལ་ཐབས་མེད། སྔོན་བྱོན་གྱི་མེས་པོ་རྣམས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་གདོང་ཐུག་གིས་ཡིག་བསྒྱུར་ཐད་སྤྱིར་ཁག་གསུམ་དུ་དབྱེ་ནས་མཛད་ཡོད་པ་ནི་དོན་སྒྱུར་དང་། ཐད་སྒྱུར། རང་སོར་བཞག་པ་བཅས་གསུངས་ཡོད་མོད། འོན་ཀྱང་དེང་སྐབས་ཐ་སྙད་ཀྱིས་བསྒྱུར་ཐབས་ལ་ཐད་སྒྱུར་དང་། དོན་སྒྱུར། འཕྲོས་སྒྱུར། ཚབ་སྒྱུར། འབྲེལ་སྒྱུར། མོག་སྒྱུར། སྡེབ་སྒྱུར། སྒྲ་སྒྱུར་བཅས་དབྱེ་བ་བརྒྱད་ཙམ་དུ་ཕྱེ་ན་ཡང་དོན་དུ་གོང་དུ་བཤད་པའི་དབྱེ་བ་ཇི་ལྟར་མཛད་ཀྱང་གཞུང་ལུགས་ཀྱི་དོན་དཔྱིས་ཕྱིན་པ་ཞིག་དང་། གོ་བདེ་བ་ཞིག ཚིག་ཉོག་ཉུང་བ་ཞིག་གི་སྒོ་ནས་བསྒྱུར་ཐུབ་པ་བྱེད་རྒྱུ་དེ་ཡིག་སྒྱུར་ཀྱི་རྩ་བའི་ཆ་རྐྱེན་ཞིག་ཏུ་འཁུམས་སོ། །
དོན་ཚན་གཉིས་པ། ཕྱི་ཡོང་ཐ་སྙད་ཀྱི་ཁུངས།
དེ་ཡང་སྐད་ཆ་ཡོད་པའི་མི་རིགས་གང་ཡིན་ཡང་སྐབས་སུ་བབས་པའི་བརྗོད་བྱའི་དོན་ཆེ་ཆུང་གང་རུང་སྟོན་པར་ཐ་སྙད་དམ་མིང་གི་ཕྲེང་བ། ཡང་ན་ཚིག་གི་ཚོགས་པར་བརྟེན་དགོས། བོད་མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་གཞན་དང་ཐུན་མོང་མ་ཡིན་པའི་མིང་བརྡ་ཕུན་སུམ་ཚོགས་པོ་ཡོད་ཅིང་། མིང་གི་འཕེལ་ཚུལ་དང་བསྟུན་ནས་མིང་རེ་རེའི་སྤྱོད་སྟངས་ཁྱད་པར་བ་ཡིན། དཔེར་ན། མིང་གཅིག་པས་དོན་མི་འདྲ་བ་སྟོན་པ་དང་། མིང་གི་ཁོངས་གཅིག་ནའང་བརྗོད་དོན་དུ་མ་སྟོན་པའི་བྱེད་ལས་ལྡན་པ་ཡིན། འོན་ཀྱང་དེང་སང་མི་རིགས་དང་སྐད་རིགས་འདྲ་མིན་སོ་སོའི་ཤུགས་རྐྱེན་ཐེབས་པས་མི་རིགས་རང་ལ་སྔར་ཡོད་ཀྱི་ཕུན་སུམ་ཚོགས་པའི་མིང་བརྡ་མང་པོ་ཞིག་མི་སྤྱོད་པར་ཐ་སྙད་གསར་བ་དག་བཙན་གྱིས་སྦྱོར་བཞིན་འདུག་པས་ན། འབྱོར་ཞིང་བདེ་ལ་དོན་དང་མཐུན་པའི་མིང་བརྡ་མང་པོ་ཞིག་ང་ཚོ་དང་ཐག་ཇེ་རིང་རེད། སྤྱིར་འདི་དག་གི་རག་ས་ནི་གཞན་རིགས་ཀྱི་རིག་གནས་ཡིན་ལ། གཙོ་ཆེ་བ་རང་རིགས་ཀྱི་རིག་གནས་ལ་ཟུང་ཁྲག་གསར་བ་ཞིག་དགོས་པས་གནས་ཡིན། དཔེར་ན་རླུང་མེད་ན་དར་ལྕོག་ཀྱང་མི་གཡོ་བ་དང་། ཤ་རུལ་མེད་ན་ཤ་འབུ་ཡང་འཕུར་དོན་མེད་པ་བཞིན། གནས་ཚུལ་གང་རུང་ཞིག་བྱུང་བར་རང་ངོས་ཀྱི་རྒྱུ་རྐྱེན་ཞིག་དང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་ཞིག་འཛོམས་ཡོད། སྐད་དང་ཡི་གེ་ཡོད་པའི་མི་རིགས་ཤིག་ལ། རང་གི་རླབས་ཆེ་བའི་ཁྱད་ནོར་དེ་མི་སྟོར་བར་གཅེས་སྤྲས་དང་རྒྱུད་འཛིན་བྱེད་དགོས་པ་མ་ཟད། མི་རིགས་དང་རྒྱལ་ཁབ་གཞན་པའི་ལེགས་ཆ་སྙིགས་དོར་བཅུད་ལེན་བྱས་ཏེ་ཁ་གསབ་དང་འཐུས་ཇེ་ཚང་དུ་གཏོང་བར་འོས་འགན་ཡོད། དུས་རབས་མདུན་དུ་བསྐྱོད་པའི་འཛམ་གླིང་གི་རིག་གནས་གསར་བའི་རླབས་རྒྱུན་ཁྲོད་ནས་ལེགས་ཉེས་ལ་མ་བརྟག་མ་དཔྱད་པར་རྙིང་བ་མཁྲེགས་འཛིན་གྱིས་ཁྱོད་རང་ཆིག་རྐྱང་དུ་གནས་མི་སྲིད་ལ། སྔར་ཡོད་ཚང་མ་དོར་ཏེ་གསར་བ་གསར་རྐྱང་བསྙེག་ནའང་ཕམ་ཁ་ཉོ་ངེས་ཡིན། རིག་གནས་གསར་བ་ཐམས་ཅད་ཀྱང་རིག་གནས་རྙིང་བ་དཀྲུགས་པའི་བཅུད་བཟང་གི་མར་ལོ་མ་ཡིན་ནམ། སྐབས་འདིར་ང་ཚོར་མཁོ་བ་ནི་ལེགས་ཉེས་ཀྱི་ཤན་འབྱེད་པའི་བློ་རྩལ་དང་མི་བསླུ་བའི་སེམས་བརྟན་པའི་རང་ཚུག་ཤིག་དགོས་པ་དང་། གཞན་རིགས་ཀྱི་རིག་གནས་ལ་སྙིགས་དོར་བཅུད་ལས་བྱས་ཏེ་མཚར་སྡུག་འོད་སྟོང་འབར་བའི་རང་རིགས་ཀྱི་རིག་གནས་ལ་དུས་དང་མཐུན་པའི་སྲོག་གི་དབང་པོ་དང་ཟུང་ཁྲག་གསར་བ་ཞིག་རྒྱུ་རུ་བཅུག་ན་ད་གཟོད་བོད་ཀྱི་རིག་གནས་འདི་ཡར་རྒྱས་ཀྱི་འཕར་རྩ་ལྡིང་ལ། མདུན་སྐྱོད་ཀྱི་གོམ་པ་ཡང་རྒྱུ་སྲིད། དེ་བས་ཕྱི་ཡོང་ཐ་སྙད་ཀྱི་བེད་སྤྱོད་དང་དགོས་མཁོ་ནི་ཕྱི་ཡོང་ཐ་སྙད་བྱུང་བའི་བདེན་དངོས་ཀྱི་སྣང་ཚུལ་ཞིག་ཡིན་ལ། ཕྱི་ཡོང་ཐ་སྙད་བྱུང་བ་འདི་བེད་སྤྱོད་པ་བཟང་ན་རང་རིགས་རིག་གནས་ལ་ཕན་ནུས་བསྐྲུན་པ་དང་། དེ་ལས་ལྡོག་པ་ཡིན་ན་མི་དགོས་པའི་གནས་ཚུལ་ཡང་འབྱུང་ངེས། དཔེར་ན། བོད་སྐད་ལ་དགེ་རྒན་བློ་བཟང་ཞེས་འབོད་པར་ད་ལྟ་བོད་མི་གང་མང་ཞིག་གིས་རྒྱའི་སྐད་བརྡའི་སྒྲིག་གཞི་ལྟར་བློ་བཟང་དགེ་རྒན་ཟེར་གྱིན་འདུག་མི་འགྱངས་པའི་རྗེས་སུ་ཇ་འཐུང་མི་ཟེར་བར་འཐུང་ཇ་ཟེར་དགོས་རྒྱུ་རེད། དེ་ལྟར་ཞེས་ན་མི་འགལ་ཟེར་ན། ཅི་ལ་མི་འགལ་ཏེ། སྔོན་མ་ཚིག་དང་ཕྱི་མ་མིང་ཡིན་པར་ཐལ། ཁྱོད་ཀྱིས་བསྟན་བྱ་ཚིག་ཡིན་པའི་ཕྱིར། ཡུལ་མི་ཚོས་འཐུང་ཇ་ཞེས་པ་དེ་ཁ་སྐད་ཡིན་ལ། བཏུང་བྱའི་ཇ་ནག་ལ་གོ་བ་ཡིན། དེའི་སྟབས་ཀྱིས་ང་ཚོའི་ཁ་རུ་འཛིན་སྐྱོང་སྤེལ་གསུམ་ཐོགས་མོད། དོན་དུ་འཛིན་པ་མ་ཡིན་གཏོང་བ་རེད། མི་རིགས་རང་ལ་ཡོད་པའི་སྐད་ཆ་རྣལ་མ་དེ་མ་བཟུང་བར་བཏང་ན། བརྡ་དང་ཐ་སྙད་མང་པོ་མི་ཉམས་པའི་ངེས་པ་ག་ལ་ཡོད། འདི་ནི་རིག་གནས་ཏེ་ངོ་གཉིས་ལྡན་པའི་རལ་གྲི་ཞིག་དང་འདྲ། བོད་སྐད་ཀྱི་བརྡ་དང་ཐ་སྙད་ནི་ཕུན་སུམ་ཚོགས་ལ་ཁྱབ་རྒྱ་ཆེ་བ། སྒྲ་གདངས་ཐུན་མོང་མ་ཡིན་པར་འབྱིན་པར་བརྟེན་ནས་ཡི་གེ་རེ་རེའི་ཀློག་ཚུལ་ལ་ཁྱད་ཆོས་ལྡན་པ། ཚིག་གྲུབ་བཟོ་སྟངས་དང་སྐད་བརྡའི་སྒྲིག་གཞི་ཁྱད་པར་བ་ཡིན་པ་དཔེར་ན། གཏམ་བཤད། གླུ་ལེན། རི་མཐོ། ཆུ་དྭངས་ལྟ་བུ་སྟེ། ཁྱད་གཞི་བརྗོད་པའི་མིང་སྔོན་དང་བྱ་བའམ་ཁྱད་ཆོས་བརྗོད་པའི་མིང་རྗེས་སུ་སྦྱོར་བ། ཡང་། ཐ་སྙད་དང་ཚིག་སྦྱོར་གཅིག་འདྲ་ཡིན་ཡང་ཚིག་གི་གཅོད་མཚམས་ཀྱི་དབང་གིས་བརྗོད་བྱའི་བསྟན་དོན་མི་འདྲ་བར་འགྱུར་བ་དཔེར་ན། མིང་གཅིག་གིས་དོན་དུ་མ་སྟོན་པ་དང་། དོན་གཅིག་མིང་གི་རྣམ་གྲངས་དུ་མར་འཇུག་པ། དཔེར་ན། མིང་ཕྱུག་པར་བྱེད་པའི་མངོན་བརྗོད་རིག་པ་ལྟར་ན། གཉིས་སྐྱེས་ཞེས་པའི་མིང་དེས་ཟླ་བ་དང་བྲམ་ཟེ། བྱ། སྦྲུལ། སོ་བཅས་མཚོན་པ་མ་ཟད། གྲངས་ཀ་སུམ་ཅུ་སོ་གཉིས་ཡང་མཚོན་ཏེ། མིའི་སོ་གྲངས་ཡིན་པས་སོ། །ཡང་ཚིག་གི་གཅོད་མཚམས་ཀྱི་དབང་གིས་དོན་མི་འདྲ་བ་སོ་སོ་སྟོན་པ་དཔེར་ན། མཛེས་མ་ཡིན། ར་མ་རེད། ལྟ་བུའོ། །འོན་ཀྱང་གང་ཟག་ལ་ལས་རང་གིས་མི་ཤེས་པ་རྒྱུ་མཚན་དུ་བཟུང་ནས་བོད་ཀྱི་སྐད་བརྡ་དང་ཡི་གེས་བརྗོད་པར་འདོད་པའི་དོན་འཐུས་ཚང་བ་དང་ཡིད་ཚིམ་པ་ཞིག་སྟོན་མི་ནུས་ཟེར། རེད་དེ་ཕྱི་ཡོང་ཐ་སྙད་ལ་འདི་ལྟ་བུའི་དམིགས་བསལ་ཁྱད་ཆོས་མི་འདུག་རང་རིགས་ལ་མཚོན་ན་ཕྱི་ཡོང་གི་ཐ་སྙད་མང་པོ་ལྡན་ཡོད་དེ། སྤྱིར་རང་རིགས་ཀྱི་རིག་གནས་ཡོང་ཁུངས་ནང་ཆོས་དང་རྒྱ་གར་རིག་གནས་ལ་རག་ལས་ཡོད་པས། རྒྱ་གར་གྱི་ཐ་སྙད་དང་མིང་མང་པོ་ཞིག་ད་ལྟའི་བར་དུ་བེད་སྤྱོད་བཞིན་ཡོད། དཔེར་ན། རང་རིགས་ཀྱི་ས་ཆ་འདི་ནི་མདོ་དབུས་མཐོ་སྒང་ན་གནས་ཡོད་པས་ཚ་ཁུལ་གྱི་རྩྭ་དང་རྩི་ཤིང་མི་སྐྱེས། རེད་དེ་བོད་ཡིག་གི་ནང་དུ་དུས་རྒྱུན་མེ་ཏོག་པད་མ་དང་། གླང་ཆེན། རྒྱ་གར་རྡོ་རྗེ་གདན། རྒྱ་ནག་རི་བོ་རྩེ་ལྔ་སོགས་མང་དུ་མཆིས་སོ། །
དོན་ཚན་གསུམ་པ། ཡིག་སྒྱུར་གྱི་ཐབས་ཤེས་རིགས་གསུམ་དང་འབྲེལ་ཏེ་ཕྱི་ཡོང་ཐ་སྙད་ཀྱི་སྒྱུར་ཐབས་གླེང་བ།
སྤྱིར་ཡིག་བསྒྱུར་ལ་རྩ་བའི་དབྱེ་བ་ག་ཚོད་ཕྱེ་ཡོད་མེད་ནི། སྤྱིར་ཡིག་བསྒྱུར་ལ་རྩ་བའི་དབྱེ་བ་གསུམ་མམ་བཞི་དེ་བཞིན་བརྒྱད་སོགས་སྣ་ཚོགས་པ་ཞིག་ཕྱེ་ཡོད་མོད་ཀྱང་འདིར་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་བཞེད་པ་ལྟར་དབྱེ་བ་གསུམ་དུ་ཕྱེ་སྟེ་བཤད་པ་ལ། དོན་བསྒྱུར་ཇི་ལྟར་བྱས་ཚུལ། ལེགས་སྦྱར་སྐད་ཀྱི་དོན་དང་མཐུན་པར་བོད་སྐད་དུའང་དེ་གསལ་བར་རྟོགས་ཐུབ་པའི་མིང་བུ་བསྒྱུར་བ་སྟེ། པཱ་ར་མི་ཏ་ལ་ཕ་རོལ་དུ་ཕྱིན་པ་ཞེས་བསྒྱུར་བ་ལྟ་བུ་སྟེ། ཕ་རོལ་དུ་ཕྱིན་པའི་དོན་ནི། དཔེར་ན། ཆུ་ཀླུང་ཆེན་པོའི་ཚུར་རོལ་ནས་ཕ་རོལ་དུ་བརྒལ་བའི་དོན་དང་། ཡོ་ག་ལ་རྣལ་འབྱོར་དུ་བསྒྱུར་བ་ནི། རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའམ་འརྦུར་བའི་དོན་དང་མཐུན་པར་བསྒྱུར་བ་དང་། ས་ཏྭ་ལ་སེམས་དཔར་བསྒྱུར་བ་ནི། གཞན་གྱི་དོན་སྒྲུབ་པ་གཙོ་བོར་ཡིད་ལ་སེམས་པའི་ཆ་ནས་སེམས་པ་ཞེས་པ་ཡིན་ན་ཡང་། གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི་སེམས་དཔའ་བ་དང་ལྡན་པའི་དོན་ཐོན་པར་བྱས་པ་ནི་ལོ་ཙཱ་བ་རྣམས་ཀྱིས་དོན་ཇེ་གསལ་བུ་བཏང་བ་སྟེ། འདི་དག་ནི་དོན་བསྒྱུར་ཇི་ལྟར་བྱས་པའི་ཚུལ་མདོར་བསྡུས་པ་ཙམ་མོ། ཐད་བསྒྱུར་ཇི་ལྟར་བྱས་ཚུལ། ལེགས་སྦྱར་གྱི་ཡི་གེ་རེ་རེས་དོན་ཅི་སྟོན་བོད་སྐད་ཀྱི་ཡི་གེ་དེ་དང་མཐུན་པར་ཐད་པ་ཐད་སོར་བསྒྱུར་བ་སྟེ། པྲ་ཛྙ་ཞེས་པ་ཤེས་རབ་ཡིན་ལ། པྲ་ནི་རབ་དང་མཆོག་གི་དོན་དང་། ཛྙ་ནི་ཤེས་པ་དང་མཁྱེན་པའི་དོན་ཏེ། བོད་སྐད་དུ་རབ་ཤེས་ཞེས་པ་བརྗོད་མི་བདེ་བས་ཤེས་རབ་ཏུ་བསྒྱུར་བ་སོགས་འདི་ལྟ་བུའི་སྒོ་ནས་ཐད་བསྒྱུར་བྱས་པའི་ཚུལ་གོ་བར་བྱའོ། ལེགས་སྦྱར་སྐད་རང་སོར་བཞག་པའི་སྐོར་། ལེགས་སྦྱར་གྱི་སྐད་བོད་སྐད་དུ་མ་བསྒྱུར་ན་གོ་སླ་བར་འགྱུར་བའི་རིགས་སྔགས་སྐད་རང་སོར་བཞག་པའི་ཚུལ་གཉིས་ལས་ཡི་གེ་ཅུང་ཟད་ཀྱང་མ་འགྱུར་བར་རང་སོར་བཞག་པའི་སྐོར་ལ། དཔེར་ན། ཆུ་ལས་སྐྱེས་པའི་མེ་ཏོག་པད་མ། འདབ་མའི་དཀྱུས་ཕྲ་ཞིང་རིང་བའི་མེ་ཏོག །དྲི་ཞིམ་གྱི་ངད་ལྡང་བའི་སྡོང་པོ་ཙནྡ། རྭ་ཅོ་དང་འདྲ་བའི་སྦུབས་སུ་སྐྱེས་པའི་མེ་ཏོག་གླང་ཆེན་ཁར་འབབ་ཀྱི་ཆུ་ཀླུང་ཆེན་པོ་ཞེས་པ་ལྟ་བུ་རྣམས་ནི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཡིག་དོན་ལྟར་བསྒྱུར་ན་འགངས་མི་ཆེ་བར་བསམས་ནས་ཡི་གེའང་མ་འགྱུར་བར་བཀོད་པ་ཤུགས་ཆེ་བ་དང་། གལ་ཏེ་བསྒྱུར་ན་གངྒཱ་ཞེས་པ་འགྲོ་ལྡན་མར་བསྒྱུར་ཆོག་ཀྱང་། དེ་ལྟར་མ་བསྒྱུར་བར་རང་སོར་བཞག་པའི་དགོས་པ་ནི། ཞེས་བརྗོད་ན་ཀུན་གྱིས་རྟོགས་སླ་བ་དང་། འགྲོ་ལྡན་མ་ཞེས་བསྒྱུར་ན་མངོན་བརྗོད་ཀྱི་ཚུལ་དུ་གྱུར་པས་ཀུན་གྱིས་རྟོགས་དཀའ་བའི་དབང་གིས་ཡིན་ནོ། བོད་ཀྱི་གདངས་ལ་ཡང་སྔགས་སྐད་ཟུར་ཕྱིན་པ་ཐོན་ཅི་རིགས་ཡོད་ཀྱང་། ཡི་གེ་ལ་སྔགས་ཡིག་ཇི་མ་ཇི་ བཞིན་པ་འབྲི་ཐུབ་པའི་གནད་ནི་བོད་ཡིག་གི་འབྱུང་ཁུངས་ལེགས་སྦྱར་གྱི་དབྱངས་གསལ་ལ་ཐུག་པ་དེ་ག་ཡིན་ལ། རྒྱ་ནགས་སྐད་ཀྱི་གདངས་ལ་སྔགས་ཡིག་གི་གདངས་ཇི་བཞིན་ཐོན་ཐབས་མེད་པ་ནི། རྒྱ་ནག་གི་སྐད་དང་ཡི་གེ་ལ་ས་སྔགས་ཀྱི་གདངས་འགའ་རེར་ཇི་ལྟར་བྱས་ཀྱང་ཐོན་ཐབས་མེད་དེ། དཔེར་ན། ཨ་མི་ཏ་འོད་དཔག་མེད་ལ་ཨ་མིས་ཐོ་ཧྥོ་དང་། རྗེ་བཙུན་བྱམས་པ་མེ་ཏྲི་ལ་མུས་ལེ་དང་། ག་ཡ་ཞེས་པ་འོད་སྲུང་ལ་ཀྱ་ཡ་དང་། མཆོག་ཟུང་ཤ་རིའི་བུ་ལ་ཧྲེ་ལེས་ཙི་དང་། ཨ་ན་ཀུན་དགའ་བོ་ལ་ཨ་ནན་ཐོ་སོགས་རྒྱ་ནག་གི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བཀའ་བསྟན་ནང་དུ་བསྒྱུར་ཡོད་པ་ལྟར་རོ། བོད་ཀྱི་ཁ་ལ་བདེ་བའི་ཆེད་དུ་ཡི་གེ་ཅུང་ཟད་རེ་འགྱུར་བ་ལྟར་དུ་གཞུང་རྣམས་སུ་བཀོད་པའི་སྐོར། ཞེས་འཛམ་བུ་གླིང་དུ་འབོད་པ་ནི། ཛམ་གླིང་དུ་བསྒྱུར་བ་དོན་བསྒྱུར་དང་། ཁ་ལ་བདེ་ཆེན་སྔོན་མཇུག་འ་སྦྱར། བརྩེགས་མ་ཕྲལ། རྣམ་དབྱེ་འབྲེལ་སྒྲ་སྦྱར་ནས་བོད་ཡིག་གི་སྦྱོར་སྟངས་དང་བསྟུན་ཏེ་འཛམ་བུའི་གླིང་ཅེས་སུ་གྲུབ། དེ་བཞིན་དུ་ཀཏྤ་ཞེས་པ་དུས་རིང་མོའི་མིང་ལ་བསྐལ་པ་ཞེས་སྔོན་མཇུག་བ་དང་ས་མགོ་སྦྱར་བ་དང་། ཀཏྤར་ཞེས་པ་ཡི་གེ་ཕྲལ་བ་ཙམ་དུ་མ་ཟད་ཡི་གེ་འགྱུར་བའི་རྨན་ག་བུར་དང་། ཀུངྐུ་མ་ཞེས་པ་གློགས་ས་བམ་སྟེ་པོ་ཏི་རུ་འགྱུར་བ་སོགས་འདི་འདྲ་བགྲང་གིས་མི་ལང་བ་ཡོད་པས། འདིར་འགའ་རེ་དཔེར་བརྗོད་པ་ཙམ་གྱིས་གཞན་རྣམས་ཀྱང་མཚོན་པར་བྱའོ། །ཕྱི་ཡོངས་ཐ་སྙད་བོད་ཡིག་ལ་བསྒྱུར་ཐབས་ནི་སྔོན་གྱི་ལོ་ཙཱ་རྣམས་ཀྱིས་ཡིག་བསྒྱུར་གྱི་རྩ་བའི་དབྱེ་བ་གསུམ་དུ་གསུངས་པ་དེའི་ཁོངས་སུ་མ་འདུས་པ་མེད་དོ། མདོར་ན་ད་ལྟ་བོད་ན་ཡོད་པའི་རིག་གནས་ཐ་དག་མི་རིགས་གཞན་གྱི་སྐད་ཡིག་ལས་བོད་སྐད་དུ་བསྒྱུར་བའི་སྐབས་སུ་ལོ་ཙཱ་བ་རྣམས་ཀྱིས་བསམ་གཞིགས་ཟབ་ཅིང་ཞིབ་པ་མཛད་ནས་དོན་བསྒྱུར་བྱས་ན་གོ་སླ་བའི་རིགས་དོན་བསྒྱུར་དང་། ཐད་བསྒྱུར་བྱས་ན་གོ་སླ་བའི་རིགས་ཐད་བསྒྱུར། དེ་བཞིན་ཐ་སྙད་མ་བསྒྱུར་བར་རང་སོར་བཞག་ནས་གོ་སླ་བའི་རིགས་རང་སོར་བཞག་པ་སྟེ། ལ་སི་དང་། ཇི་ལ། ཨེམ་ཇི་སོགས་ད་ལྟའི་ཐ་སྙད་གསར་པ་འགའ་ཞིག་ཀྱང་གཞན་དང་མི་ནོར་བའི་ཆེད་དུ་རང་སོར་བཞག་པ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་འཕེལ་རིམ་དང་མཐུན་པའི་ལོ་ཙཱ་བ་ཞིག་བྱ་དགོས་སོ། །
དེ་ཡང་ཕྱི་ཡོང་ཐ་སྙད་ཀྱི་སྒྱུར་སྟངས་ཐད་རྩ་བའི་རིགས་གསུམ་ཡོད་དེ། སྒྲ་སྒྱུར། སྒྲ་རང་ཉིད་སོར་འཇོག་བྱས་པའམ་སྒྲ་དེ་ཉིད་ཇི་ལྟ་བུ་ཡོད་པ་དེ་ལྟར་དུ་ཐོན་པར་བྱ་བ། སྒྲ་ལ་ཡིག་རིགས་ཀྱི་ཁྱད་པར་ཙམ་ལས་སྐད་རིགས་ཀྱི་འགྱུར་བ་ཅི་ཡང་མ་བྱུང་པ་ལ་ཟེར། མ་ཡིག་ཁྲོད་ཀྱི་ཐ་སྙད་དེ་འགྱུར་ཡིག་ཁྲོད་ཀྱི་སྒྲ་ཉེ་བའམ་སྒྲ་འདྲ་བས་མཚོན་པར་སྒྲ་སྒྱུར་ཟེར། སྒྲ་སྒྱུར་གྱི་མིང་ལ་་ཕྱི་ཡོང་ཐ་སྙད་ཀྱང་འབོད་སྲོལ་ཡོད། དེ་ནི་ཆེས་ སྟབས་བདེ་དང་ཆེས་ལས་ཆོད་ཅན་གྱི་ལོ་ཙཱ་བྱ་ཐབས་ཡིན་འདུག་བཙན་པོའི་དུས་སྐབས་སུ། རྒྱ་མི་དག་གིས་ཐུ་བྷོད་ལ་吐蕃དང་大蕃སོགས་འབོད་པ། དེ་བཞིན་མི་མིང་གི་སྒྱུར་རྩལ་ལ་སྒྲ་སྒྱུར་བྱས་པ་ཡང་ཤིན་ཏུ་མང་པོ་ཡོད།
དོན་སྒྱུར་ཞེས་པ་ནི་ཐ་སྙད་དང་ཚིག་གི་གོ་དོན་ཇི་ལྟ་བ་དེ་ལྟར་དུ་མངོན་པའི་ལོ་ཙཱའིབྱ་ཐབས། ནང་དོན་ནི་ཆ་འདྲ་ལ་མིང་ཚིག་ཆ་མི་འདྲ་བ། གོ་དོན་ཆ་འདྲ་ལ་མིང་ཚིག་གི་གྲུབ་སྟངས་ཆ་མི་འདྲ་པའི་ལོ་ཙཱ་བྱ་ཐབས་ཤིག་ཏུ་ངེས།
ཐད་སྒྱུར་ནི་མ་ཡིག་དང་འགྱུར་ཡིག་གི་ནང་དོན་འདྲ་བའི་ཁར། ཚིག་ངོས་ཀྱི་གོ་བ་ཆ་འདྲ་ལ་ཚིག་གི་གྲུབ་ཆ་ཡང་ཆ་འགྲིག་པའི་ལོ་ཙཱའི་ཐབས་ཤེས་ལ་བྱའོ། །
བཞི་པ། མཇུག་གི་གཏམ།
ཡིག་སྒྱུར་གྱི་ཐབས་ཤེས་ལ་སྤྱིར་བཏང་ནས་གླེང་ན་སྒྲ་སྒྱུར། དོན་སྒྱུར། ཐད་སྒྱུར་གསུམ་ཡོད། དེ་ལྟ་ན་ཡང་། སྒྲ་དོན་ཟུང་དུ་འབྲེལ་བའི་ལོ་ཙཱའི་དམིགས་ཚད་གཅིག་དང་། བརྗོད་བྱའི་སྙིང་བོར་གྲ་ཆག་གྲུ་ཉམས་ཅུང་ཟད་ཀྱང་མེད་པ་གཉིས་ཡིན་འདུག་ལྷག་པར་དུ་ཕྱི་ཡོང་གི་མིང་ལྟ་བུ་སྒྱུར་སྐབས་སུ། རིག་གནས་གཉི་གའི་མི་ཆོས་དང་ཀུན་སྤྱོད་ལ་མི་འགལ་བ། རིག་གནས་གཉི་གའི་འདྲ་མཉམ་རང་བཞིན་ལ་རྩི་མཐོང་དང་བརྩི་བཀུར་བྱེད་པ་ཡང་གནད་གཙོ་བོ་ཞིག་ཏུ་ངེས། །