གླེང་གཞི།
འདིར་འབྲུག་ཆུ་གཙང་བོ་བཞུར་རྒྱུད་ཅེས་པ་དེ་གཙོ་བོ་འབྲུག་ཆུ་གཙང་བོའི་མགོ་རྔ་དང་འགྲམ་ངོགས་གཉིས་སུ་བཅའ་སྡོད་བྱས་པའི་བོད་རིགས་ཚོ་སྡེ་རྣམས་བསྟན་པ་ཡིན་ལ། སྒོས་སུ2005ལོའི་ཟླ10པའི་ནང་ང་ཚོས་བོན་གྱི་ཡིག་ཆ་འཚོལ་བསྡུ་བྱེད་སའི་གནས་གཙོ་བོ་སྟེ། ཐེ་རྒྱུད་རྫོང་དང་འབྲུག་ཆུ་རྫོང་། ཐེ་བོ་རྫོང་བཅས་གནས་འདི་གསུམ་དམིགས་སུ་བསྟན་པ་ཡིན། དེའང་ང་ཚོ་སྔ་ཕྱི་ལན་གསུམ་ལ་ཡུལ་འདི་དག་ཏུ་བསྐྱོད་དེ་བོན་གྱི་གནའ་རབས་ཡིག་ཆ་འཚོལ་བསྡུ་བྱས་པ་ལ། བསྡོམས་པའི་ཡིག་ཆ་146ལག་སོན་བྱུང་ཞིང་། དེ་དག་ལས་བསྐྱར་ཟློས་སུ་སོང་བ་དང་། ཤོག་ངོ་ལ་ཆད་ལྷག་གིས་ཐོར་སྐྱོན་ཆེ་བ། བོན་དང་འབྲེལ་བ་སྤུ་ཙམ་ཡང་མེད་པ(ནང་བསྟན་དང་རྒྱ་ནག་ཏོ་ཅོའི་ཡིག་ཆ་འགའ་ཤས)ཕུད་པས། ད་ལན་ང་ཚོས་སྤྱི་བསྡོམས་པའི་ཡིག་ཆ་80དམིགས་སུ་བསལ་ནས་དཔྱད་གཞིར་བཀོད་ཡོད་ལ། ང་ཚོས་ཡིག་ཆ་དེ་དག་ལ་ཚགས་སྒྲིག་དང་འགྱུར་མཆན་བཀོད་དེ་བལྟས་པས་ན། འབྲུག་ཆ་བཞུར་རྒྱུད་དུ་རྙེད་པའི་བོན་གྱི་ཡིག་ཆ་དེ་དག་ལ་ཐུན་མིན་གྱི་ཁྱད་ཆོས་འགའ་ཡོད་པ་ནི་འདི་ལྟ་སྟེ།
གཅིག ཕྱི་རྣམ་པའི་ཐད་ཀྱི་ཁྱད་ཆོས།
1.དུད་ཁྱིམ་ནས་ཉར་ཚུལ།
ཡིག་ཆ་འདི་དག་ཐམས་ཅད་གྲོང་ཚོའི་དུད་ཁྱིམ་དུ་སྦེར་ཉར་བྱས་ཡོད་ཅིང་། མང་ཆེ་བ་ཞིག་ཁྱིམ་ཚང་གི་རྩིག་གྱང་བྲུས་ཏེ་སྒམ་དབྱིབས་སུ་བཏོད་པའི་ཁོག་ཏུ་སྦས་འདུག དཔེར་ན། ཐེ་རྒྱུད་ནས་རྙེད་པའི་ཡིག་ཆའི་བདག་པོ་གཉིས་ཀྱིས། ཁྱིམ་གྱི་གྲུ་ཟུར་ཞིག་ཏུ་མཆོད་ཁྲི་ལྟ་བུའི་ས་ཐེམ་གྲུ་བཞི་ཞིག་བརྩིགས་པའི་སྟེང་དུ་ཤིང་སྒམ་སྐྱ་བོ་མཐོ་ཚད་ལ་ཕོ་འདོམ་གང་ཙམ་ཡོད་པ་ཞིག་བསྐྱོན་ཞིང་། དེའི་ནང་དེང་སང་གི་རས་ཁྲའི་དཔེ་ཐུམ་གྱིས་གཅུད་པའི་ཁ་ཏོན་གྱི་དཔེ་ཆ་འགའ་བརྩེགས་འདུག་ལ། དེའི་འོག་གི་ས་ཐེམ་གྲུ་བཞི་བོ་དེ་ལ་ཁོག་བྲུས་ཏེ་ནང་དུ་དཔེ་རྙིང་རྣམས་སྦས་ཡོད་པ་དང་། དཔེ་རྙིང་རྣམས་ཕྱིར་འདོན་དུས་སྟེང་གི་ཤིང་སྒམ་འོག་གི་འཐེན་སྒམ་ཆུང་ངུ་ཞིག་ཡོད་པའི་སྒམ་ཆུང་ཕྱིར་བཏོན་རྗེས། ད་གཟོད་འོག་གི་དཔེ་རྙིང་རྣམས་ཕྱིར་འདོན་རྐྱང་བྱས་ཡོད། ཉར་ཚུལ་ཧ་ཅང་གསང་ཞིང་ཐབས་འཕྲུལ་དང་ལྡན་པ་ཞིག་ཏུ་མངོན། དེ་བཞིན་འབྲུག་ཆུ་ནས་རྙེད་པའི་ཡིག་ཆའང་ཚུལ་དེ་ལས་མ་འདས་པ་སྟེ། བདག་པོས་ཁྱིམ་གྱི་ཆ་སྒམ་དང་རྩིག་གྱང་གཉིས་འབྲེལ་མཚམས་ནས་ཕར་གྱང་གི་ཁོག་བརྐོས་ཏེ། དེའི་ནང་དུ་དཔེ་རྙིང་རྣམས་སྦས་ཡོད་པ་དང་། ལེན་དུས་སྒམ་གྱིའགྲན་ཤིང་གོང་མ་གཉིས(ཤིང་ཤར་དེ་གཉིས་ལེན་སྤྲོད་ཅི་དགར་བྱས་ཆོག་པ་བཅོས་འདུག)ཚུར་བཀོག་རྗེས་ད་གཟོད་བསྡུ་ལེན་བདེ་བ་བྱས་ཡོད་པས། དེའང་ཐེ་བརྒྱུད་ཀྱི་ཁྱིམ་བདག་གིས་ཉར་ཚུལ་ལས་ཅུང་ཟད་ཀྱང་ཉམས་མི་དམའ་པར་ཧ་ཅང་གསང་བར་མཆིས། དེར་བདག་གིས་མཚར་བའི་ཉམས་ཀྱིས་དེ་ལྟར་སྦ་སྐུང་དམ་པོ་བྱེད་དོན་ཅི་ལགས་ཞེས་དྲིས་པས་ན། དཔེ་བདག་གིས་འུ་ཐུག་པའི་ཉམས་ཤིག་དང་བཅས་ན་རེ། ཆོས་དཔེ་ཡིན་པས་རིག་གསར་དང་ལྔ་བརྒྱད་ཀྱི་རིང་ནས་འདི་ལྟར་སྦ་སྐུང་བྱས་ནས་བྱུང་ཞེས་ལན་ལྡོན་ལ། དེ་ཡང་རྒྱུ་མཚན་ཞིག་ཡིན་པར་སྲིད་མོད། ཡིན་ནའང་། ལོ་རྒྱུས་ཡིག་ཆ་ཁུངས་བཙུན་འགའ་ཞིག་ཏུ་གསལ་བ་ལྟར་ན། འབྲུག་ཆུ་གཙང་བོ་བཞུར་རྒྱུད་ཀྱི་བོད་གྲོང་མང་ཆེ་བ་ཞིག་ལ་ཡོན་རྒྱལ་རབས་ཀྱི་སྐབས་ཙམ་ནས། ཅོ་ནེ་དཔོན་པོ་ན་རིམ་གྱིས་དབང་སྒྱུར་ཞིང་། སྐབས་དེ་དག་ཏུ་བོན་ཆོས་ནང་ཆོས་སུ་བསྒྱུར་བའི་ལས་འགུལ་མང་དུ་སྤེལ་ཡོད་པས། དེ་འདྲའི་ལས་འགུལ་གྱི་འཇིགས་པ་ལ་བཤོལ་བའང་རྒྱུ་མཚན་གཅིག་ཨེ་ཡིན་སྙམ་པ་ཁོ་བོས་སེམས། གང་ལྟར་ང་ཚོས་ཞལ་ཕྱེས་ཏེ་མཇལ་རེག་བར་དུ་དཔེ་རྙིང་འདི་དག་དུས་ཡུན་རིང་བོ་ཞིག་ལ་གྱང་གསེབ་ཀྱི་མུན་རུམ་དུ་ཁུ་སུམ་མེར་བསྡད་པ་ནི་བདེན་དོན་ངོ་མར་སྣང་། དེ་ལས་དཔེ་ཆ་མང་ཆེ་བ་ཞིག་ཚིལ་དྲེག་གིས་ཟིན་གླེགས་ཤིང་གིས་བསྡམས་ཡོད་དེ། ཕར་བལྟས་ཚོད་ཀྱི་མ་མཐའ་ཡང་ལོ་ངོ་700ཡས་མས་ཀྱི་ལོ་རྒྱུས་ལོས་ཡོད་འདོད་པའི་སྣང་བ་བཅོས་མིན་སྟེར་ལ། དཔེ་རྙིང་དེ་དག་ཏུ་འབྱུང་བའི་ནང་ཆོས་ཀྱི་བརྡ་ཆད་དང་རིགས་ལྔ། དབུ་ཁྱུད་སོགས་ཀྱི་ངོས་ནས་བརྟག་ཚེ། དུས་རབས་7པ་ལས་སྔ་མི་སྲིད་པ་ཁ་ཚོན་བཅད་ཆོག་སྟེ། དེང་འདིར་ཁ་ཅིག་གིས་སྔ་མོ་སྔ་མོ་ཞིག་ཏུ་སྨྲ་བ་ནི། མི་རིགས་ཀྱི་རིག་གནས་ལ་ཤ་ཞེན་ཆེ་བའི་ཀུན་སློང་ཡག་པོ་ཞིག་ཡིན་པ་གདོན་མི་ཟ་མོད་ཀྱང་། ཚན་རིག་ཞིབ་འཇུག་གི་དྲང་བདེན་ངོས་ཐད་ནས་བཤད་ན། དེ་འདྲ་ནི་མ་ཤེས་པའི་མུ་ཅོར་རམ་རང་མགོ་རང་གིས་གཡོག་ན་དགའ་དྲོག་དྲོག་ཅེས་པ་ཙམ་ལས། ལོ་རྒྱུས་ཀྱི་སྤྱི་བྱིངས་དང་འགྲིག་ཐབས་མེད་པར་མངོན་ནོ། ། ང་ཚོས་གླེགས་བམ་རེ་རེ་བཞིན་ཕྱིར་ཕྱུར་སྟེ་ས་རྡུལ་སྤྲུགས་ཤིང་གླེགས་ཐག་གྲོལ་བས་ན། དཔེ་ཆ་མང་ཆེ་བ་ཞིག་རལ་ཧྲུལ་ཆེ་ནས་སེམས་ཆུང་མ་བྱས་ཚེ། དེ་མུར་འཐོར་ཞིག་ཏུ་འགྲོ་བའི་ཉེན་ཁ་ཞིང་། དཔེ་ཆ་མང་ཆེ་བའི་གྲ་གྲུ་ཉམས་ཏེ་ཕལ་ཆེར་ཟུར་མེད་ཟླུམ་འཇོང་ལྟ་བུར་འདུག དཔེ་ཆ་མང་ཆེ་བ་ཞིག་གི་དཀྱིལ་ནས་ཀར་ཀོར་རེ་ཧྲུལ་ནས་བརྡོལ་འདུག་པས། ང་ཚོས་སྒྲིག་སྒྱུར་བྱེད་པའི་སྐབས་སུའང་། ཚིག་གོང་འོག་གི་དོན་ལ་བརྟག་ནས་ཁ་བསྐངས་ཤིང་དཔྱད་ཞིབ་བྱས་པ་མ་གཏོགས། ཡིག་ངོ་ཚིག་ངོ་ཇི་ལྟ་བ་བཞིན་ཆོད་དཀའ་བ་ཤིན་ཏུ་མང་། འབྲུག་ཆུ་དང་ཐེ་བོ་ནུས་རྙེད་པའི་ཡིག་ཆ་དག་ཁྱིམ་བདག་གིས་ལག་ནོམ་ཆེར་མ་བྱས་པར་བསྡམས་ཉར་བྱས་ཡོད་པས། ལོ་ཟླས་བགྲེས་སྐྱོན་ཚ་བ་མ་གཏོགས་དཔེ་ཆའི་གདོད་མའི་རྣམ་པ་ཁ་མ་ངོ་མ་རུ་ང་ཚོའི་འདྲེན་བྱེད་ཀྱི་བདུད་རྩི་རུ་འགྱུར་ཐུབ་སོང་ལ། དེ་དག་དང་བསྡུར་བས་ཐེ་བརྒྱུད་ནས་རྙེད་པའི་ཡིག་ཆ་རྣམས་ནི། མང་ཆེ་བ་ཞིག་ཧྲུལ་སྐྱོན་ཆེ་དྲག་པའི་ཕྱིར་ན། དཔེ་བདག་རང་ཉིད་ཀྱིས་ཁ་ཏོན་ལ་དམིགས་ཏེ་བསྐྱར་གཤུ་མི་བྱེད་ཐུ་མེད་བྱུང་ཡོད། ང་ཚོས་མཐོང་དུས་སུ་བཤུས་དཔེ་མ་གཏོགས་མ་དཔེར་གྱུར་བའི་དཔེ་རྙིང་མང་ཆེ་བ་ཞིག་དཔེ་གཤུ་བྱེད་དུས་ཀྱི་ལག་ནོག་མ་ཐེག་པར་རལ་འཁྲུགས་སུ་སོང་ནས། ལྟས་དབང་གིས་ལྷག་ཡོད་པའི་ཤོག་ལྷེ་རྣམས་ཀྱང་དམ་དུམ་རེ་མ་གཏོགས་ཧྲིལ་བོ་འཐུས་ཚང་ཞིག་ཤིན་ཏུ་མཐོང་དཀོན་པར་འདུག །
2 .ཡིག་ཆའི་ཆེ་ཆུང་ཚད་གཞི།
ཡིག་ཆ་དེ་དག་གི་ཆེ་ཆུང་ཚད་གཞི་ནི་ཐེ་རྒྱུད་ནས་རྙེད་པའི་ཡིག་ཆ་དག་བསྐྱར་གཤུ་བྱེད་དུས། དེང་སང་གི་ཤོག་དཀར་སྟེང་ཆོས་དཔེ་སྣ་རིང་གི་དབྱིབས་སུ་བྲིས་ཡོད་ལ། སྲིད་ཞེང་གང་གི་ཆ་ནས་བལྟས་ཀྱང་། དཔེ་རྙིང་རྣམས་ལས་ཅུང་ཆེ་བའི་ཚུལ་དུ་ཐོན་འདུག དེ་ལྟར་བྱུང་དོན་ཡང་འདང་རྒྱབ་ན་གཤུ་མཁན་གྱིས་ཡིག་འབྲུའི་ཤོང་ཚད་ལ་དམིགས་ཡོད་པ་འདྲ་སྟེ། དཔེ་རྙིང་གི་ཚད་གཞི་ལས་སྲིད་ལ་སོར་གསུམ་དང་ཞེང་ལ་སོར་དོ་ཙམ་གྱིས་ཆེ་བར་བསྐྱེད་འདུག ད་ལྟ་རལ་ཧྲུལ་ཆེ་དྲགས་ནས་དཔེ་རྙིང་གི་གདོད་མའི་ཆེ་ཆུང་གི་ཚད་ཨ་ན་མ་ན་ཞིག་ནི་འདིའོ་ཞེས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་མོད། ཕལ་ཆེ་བ་ནི་ཧ་ལམ་སྲིད་དུ136mm ×ཞེང་ལ56mmཚད་ཀྱི་ཆོས་དཔེ་སྣ་རིང་གི་དབྱིབས་ཀྱི་བོད་ཤོག(དཀར་ཚད་ཅུང་ཞན་པའི་རྩྭ་ཤོག)སྟེང་བྲིས་འདུག ཤོག་ངོ་རེར་ཐིག་ཕྲེང་ལྔ་རེ་རྒྱུགས་བྱས་ཏེ་བྲིས་ཡོད། དེ་དག་བསྐྱར་བཤུས་བྱས་པའི་ད་ལྟའི་བུ་དཔེའི་ཚད་གཞི་ནི་སྲིད་དུ145mm ×ཞེང་ལ70mmཡིན་ལ། དེ་དག་ལ་རེ་འགར་ཆེ་ཆུང་ཏོག་ཙམ་རེ་ཡོད་པའང་ཤོག་བུ་འདྲ་གཅོད་བྱེད་དུས་ཚོད་ཀྱི་མ་ཐུབ་པར་བྱུང་བའི་ནོར་འཛོལ་ཙམ་ཡིན་པ་ལས། བསམ་གཟས་ནས་ཆེ་ཆུང་བཏོད་པ་ཞིག་མིན་པ་ཚིག་ཐག་བཅད་ཆོག རྒྱུ་མཚན་དེ་དག་ཆེ་ཆུང་ཇི་ལྟར་ཡང་ངོས་ལྡེབས་སུ་ཐིག་ཕྲེང་བདུན་རེ་མ་གཏོགས་ལྷག་མ་བྲིས་མེད་པས་ཤེས་ཐུབ། འབྲུག་ཆུ་དང་ཐེ་བོ་ནས་རྙེད་པའི་ཡིག་ཆ་རྣམས་དཔེ་རྙིང་འབའ་ཞིག་ཡིན་པས། འབྲུག་ཆུ་ནས་རྙེད་པའི་དཔེ་རྙིང་གྲས་སུ་སྲུང་འཁོར་ལྟ་བུ་ཆེ་ཆུང་གི་ཚད་སྲིད་དུ72mm×ཞེང་ལ16mmཅན་གྱི་ཤོག་ལྷེ་གོང་སྟོད་དུ་བུ་ག་ཕུག་ཅིང་གཙོ་མའི་འདོགས་ལུང་བརྒྱུས་ཡོད་པ་གཉིས་མཆིས་པ་དེ་མ་གཏོགས། ས་ཆ་འདི་གཉིས་ནས་རྙེད་པའི་དཔེ་ཆ་བྱིངས་རྣམས་ནི་ཚད་གཞི་སྲིད་དུ136mm×ཞེང་ལ56mmཅན་གྱི་ཆོས་དཔེ་སྣ་རིང་གི་དབྱིབས་འབའ་ཞིག་ཏུ་སྣང་ངོ། །
3 .ཡིག་གཟུགས་ཀྱི་རིགས་གཏོགས།
ཐེངས་འདིར་ང་ཚོས་འབྲུག་ཆུ་གཙང་བོ་བཞུར་རྒྱུད་ནས་རྙེད་པའི་དཔེ་རྙིང་ཀུན་པོ་ལག་བྲིས་འབའ་ཞིག་ཏུ་སྣང་ཞིང་། དཔེ་རྙིང་ཕལ་མོ་ཆེ་ནི་བོད་ཡིག་བྲི་ཚའི་གཟུགས་སུ་བྲིས་ཡོད། དཔེ་རྙིང་མང་ཆེ་བ་ཞིག་ཕར་བལྟས་ཚོད་ཀྱིས་ཧ་ཅང་བྲིས་བྱང་དུ་སོང་ཡོད་པའི་བྲིས་པ་འབའ་ཞིག་གི་ཕྱག་རྒྱུན་ཡིན་པ་མཐོང་མ་ཉིད་དུ་ངེས་ཐུབ། དེ་དག་དང་བསྡུར་བས་ཐེ་བརྒྱུད་ནས་རྙེད་པའི་ཡིག་ཆའི་དཔེ་བདག་གིས་བསྐྱར་གཤུ་བྱས་པའི་བཤུས་དཔེ་དག་ནི། དཔེ་རྙིང་གི་དོད་ཙམ་ཚུར་འབེབས་ཁུལ་ལ་གཞོལ་ཡོད་པ་མ་གཏོགས། དེའི་བྲིས་གཟུགས་སྒྱུ་རྩལ་གྱི་ཐད་ནས་བཤད་ན། དཔེ་རྙིང་གི་བྲིས་རྩལ་གྱི་རྗེས་སུ་ནི་རྡུལ་ཙམ་ཡང་འདྲེས་ཐུབ་མེད་པས་ཡི་མུག དེ་དང་བསྡུར་བས་ཐེ་བོ་དང་འབྲུག་ཆུ་ནས་རྙེད་པའི་དཔེ་ཆ་དག་གི་བྲིས་གཟུགས་དེ་འབྲི་མཁན་གྱི་ལག་བདེ་མིན་དབང་གིས་ཁྱད་པར་ཏོག་ཙམ་རེ་ཡོད་པ་མ་གཏོགས། ཕལ་ཆེ་བ་ཤར་མར་ཐོན་འདུག་ལ། གདོད་མའི་བྲིས་གཟིགས་ཀྱི་རྣམ་པའང་གསལ་ལེར་མངོན་ཡོད་པས། དེ་སྔ་ཡུལ་འདི་དག་ཏུ་བོད་ཡིག་གི་ཁྱབ་བརྡལ་ཆེ་བ་ལ་ཨང་སྙམ་ནས་དབང་མེད་དུ་རྗེས་སུ་ཡི་རང་འཆོར་བ་ཞིག་འདུག་གོ །
4.འབྲི་ཚུལ་གྱི་རྣམ་པ།
འདིར་འབྲི་ཚུལ་གྱི་རྣམ་པ་ཞེས་པ་ནི་གནའ་དཔེ་དེ་དག་ཚུལ་ཇི་ལྟར་བྲིས་ཡོད་པ་དེར་གཟས་པ་ཡིན་ཏེ། དཔེ་ཆ་ཕལ་ཆེ་བར་དཔེ་མིང་གི་ཤོག་བྱང་རེ་ལོགས་སུ་གཅིག་པུར་བྲིས་ཡོད་ལ། དཔེ་མིང་དེ་དག་ཀྱང་། ཡང་ན་མཆུ་བར་དུ་དུག་སྦྲུལ་ནར་གྱིས་དཔྱངས་ཡོད་པའི་བྱ་ཁྱུང་མིའི་སྟབས་སུ་ཡར་འགྲེང་བའི་བཟོ་ལྟ་ཅན་གྱི་ལག་ཏུ་བྱང་བུ་ཞིག་གི་ངོས་སུ་དཔེ་མིང་བྲིས་ཏེ་འཛིན་དུ་བཅུག་ཡོད་པའི་རྣམ་པ་ཅན་དང་། ཡང་ན་མཆོད་ཁྲི་ལྟ་བུའི་སྟེང་དུ་ཤིང་ཏོག་གི་རིགས་ཕུང་བོར་སྤུངས་པའི་གོང་དུ་དཔེ་མིང་བཤམས་ཡོད་པའི་ཚུལ་དུ་བྲིས་འདུག་པའི་རྣམ་པ་ཅན། ཡང་ལ་ལ་ཞིག་ཤིང་ལོ་དང་མེ་ཏོག་འགྲམ་གཉིས་སུ་དྲ་བ་ད་ཕྱེད་ཀྱི་ཚུལ་དུ་ཐགས་སུ་བཀྲ་བའི་དཀྱིལ་དུ་བྲིས་འདུག་པའི་རྣམ་པ་ཅན་སོགས་ཅི་རིགས་སུ་མཆིས། གང་ལྟར་དཔེ་ཆ་ཡོད་དོ་ཅོག་ཤོག་ལྷེ་ཡི་མདུན་རྒྱབ་ངོས་གཉིས་སུ་བྲིས་ཡོད་ལ། མདུན་ཕྱོགས་ཀྱི་གཡོན་སྣེ་རུ་ཐུར་དུ་དཔེ་མིང་བསྡུས་པ་ཞིག་དང་ཤོག་བུའི་ལྡེབས་གྲངས་གསལ་བོར་བཀོད་འདུག་ཅིང་། ཡང་ངོས་དེར་བྲིས་མགོ་རྩོམ་དུས་ཚང་མར་དབུ་ཁྱུད་ཀྱིས་རྒྱན་ཡོད་པ་སྟེ། ལ་ལར། “༄། །”ལྟར་དབུ་ཁྱུད་ཡ་ཅན་དང་། ཡང་ལ་ལར། “༄༅། །”ལྟར་དབུ་ཁྱུད་ཆ་ཅན། ཡང་ལ་ལར། “༄ ༄༅། །”ལྟར་དབུ་ཁྱུད་སུམ་སྟར་ཅན་སོགས་རྣམ་པ་ཅི་རིགས་སུ་མཆིས་པས། དེ་དག་ནི་འབྲི་མཁན་གྱི་མོས་པ་ལྟར་བྲིས་པ་ཙམ་ལས། ཡིག་མགོ་ཁྲིད་པའི་ཕུགས་ནུས་ནི་གཅིག་མཚུངས་ཡིན་པར་འདོད། གཞན་ཡང་། སྐུང་ཡིག་ཧ་ཅང་མང་བ་ནི་ཡིག་ཆ་འདིའི་ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཏུ་མངོན་ཏེ། སྐུང་ཚུལ་གྱི་ཆ་ནས། བོད་ཡིག་གི་སྤྱིའི་སྐུང་ཚུལེ་དང་མཐུན་པ་རྒྱུགས་ཆེ་བ་བྱས་ཡོད་མོད། ཡིན་ནའང་། སྐུང་ཚུལ་ལ་ལ་ཞིག་བྲིས་དཔེ་གཞན་ནས་མཐོང་དཀོན་པའང་འདུག དཔེར་ན། བར་བར་དུ་རི་མོ་སྣ་ཚོགས་བྲིས་ཏེ་བརྗོད་དོན་སྐུང་བ་སྟེ། ཟླ་གམ་ཕྱེད་མ་གཉིས་ནང་འབུར་ཚུལ་དུ་ཁུག་སྣོལ་བྱས་པའི་དབྱིབས་“ ”ལྟ་བུ་ཞིག་བྲིས་ཏེ། ལྷའམ་ལྷེའུའམ་ལེའུ་སྟེ་ལྷའམ་ཆོ་ག་སྒྲུབ་མཁན་གྱི་མི་མཚོན་ཞིང་། རིགས་ལྔའི་དབྱིབས“ ”ལྟ་བུ་ཞིག་བྲིས་ཏེ། ལྷའམ་གཤེན་པོ་ཡི་དོན་སྟོན་པ་དང་།“ ”ལྟ་བུ་གོར་ཐིག་ཅིག་གི་དཀྱིལ་དུ་ཚེག་ཐིག་ཅིག་ཕབ་སྟེ། སྐབས་ལ་ལར་རྒྱལ་པོ་དང་སྐབས་ལ་ལར་བར་སྣང་སྟོང་བའི་དབྱིངས་ཀྱི་དོན་སྟོན་པ་སོགས་མང་ལ། དེ་བཞིན་དུ་གསལ་བྱེད་རྐྱང་བར་དབྱངས་ལོག་སྦྱར་ཏེ་བརྗོད་དོན་སྐུང་བ་སྟེ། དེ་ནི་གདོད་མའི་མི་ཡིས་བཀོད་པའི་འདྲ་གཟིགས་ཡི་གེ(象形文字)ཡིན་པ་ཧ་ཅང་མངོན་གསལ་རེད་དེ། འདི་ཙམ་གྱི་ཆ་ནས་ཀྱང་ཡིག་ཆ་འདི་དག་གི་ལོ་རྒྱུས་རིང་ཐུང་ལ་གདེང་འཇོག་དང་ཚོད་དཔོག་བྱེད་མི་ཐུབ་པ་ཆེར་མེད་དེ། དེ་མིན་ད་དུང་ཏུང་ཧོང་ཡིག་རྙིང་སོགས་སུ་འབྱུང་ཆེ་བའི་གི་གུ་ཕྱིར་ལོག་ཀྱང་མང་དུ་སྤྱད་ཡོད་པ་སྟེ། “རྀ”ཡིས་རྒྱལ་པོའི་བརྡ་མཚོན་འདུག་ས་མང་ལ། དེ་བཞིན“ཀྀ”ཡིས་གསས་གཤེན་གྱི་བརྡ་མཚོན་ཡོད་པ་སོགས་བདོག་པ་དང་། ཡང་། བོད་ཀྱི་ཨང་ཀིའི་སྒོ་ནས་ཡིག་འབྲུ་ཉུང་ངུར་བསྟུང་བ་སྟེ། གཅིག་གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ་སོགས་འབྱུང་རྒྱུ་ལ། ༡༢༣༤༥༦༧༨༩ཞེས་སུ་ཨང་ཀིས་སླ་བྲིས་བྱས་པ་མང་ཞིང་། དེ་བཞིན་ཚིག་ཕྲད་ཞིང་སོགས་ཀྱི་སྒྲ་སྟེ། “ཅིག་ཞིག་ཤིག”གསུམ་གྱི་དོད་དུ“༡”བྲིས་ཏེ་ལྕོགས་པར་བྱས་ཡོད་ས་ཤིན་ཏུ་མང་། བློ་ཡུལ་ལས་འགོངས་ཤིང་རྒྱུ་མཚན་དང་ཅུང་མི་འབྲེལ་བ་ཞིག་ལ། སྒྲ་གདངས་ཙམ་ཉེ་བའམ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་ཨང་ཀིས་གཟུགས་ཀྱིས་ཐད་ཀར་ཡི་གེའི་ཚབ་བྱེད་པའང་ཡོད་དེ། དཔེར་ན། ས་གཞི་ཡི་གཞི་ཡི་དོད་དུ་ཨང་ཀི“༤'ཡིས་འཐུས་པར་བྱས་ཡོད་པ་ཤིན་ཏུ་མང་ལ། ཡང་སྣང་ཚུལ་གཞན་ཞིག་ནི། དཔེ་ཆའི་བར་བཅུག་རི་མོའི་ཚུལ་དུ། རེ་འགར་བར་བར་དུ་ནང་དོན་ལ་དཔོག་པའི་སྐྱ་རིས་ཚུལ་དུ་རི་མོ་སྣ་ཚོགས་བྲིས་ཡོད་སའང་འདུག་པ་སྟེ། དཔེ་རྙིང་ཞིག་གི་མཇུག་མཐའི་ཤོག་ངོ་གཉིས་ཀྱི་སྟེང་དུ། གཏོར་མ་དང་ལྷ་བཤོས་སམ་གླུད་རྫས་ཀྱི་གཟུགས་རིས་སྣ་ཚོགས་ཕྲེང་བར་བསྟར་ཏེ་བྲིས་ཡོད་ལ། མི་དང་རྟ་བོང་། བ། ར་མ། ལུག བྱ་སོགས་ཀྱོ་མགོ་བརྙན་མང་དུ་འདུག་པས། དེ་དག་ལ་ཆེད་ལས་རི་མོ་མཁས་ཅན་དག་གིས་བྲིས་པ་ལྟ་བུའི་གསོན་ཉམས་མེད་ནའང་། བསྟན་བྱ་དོན་གྱི་ངོ་བོ་གསལ་ཞིང་གདོད་མའི་སྐྱ་བྲིས་རི་མོའི་རྣམ་པ་བཀྲ་བས། གནའ་བོའི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་ཆ་ལ་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པ་ནི་བརྗོད་མ་དགོས་པ་ཞིག་ཏུ་མངོན་ནོ། །
གཉིས། བརྗོད་བྱའི་ཐད་ཁྱད་ཆོས།
ང་ཚོས་འདིར་སྒྲིག་སྒྱུར་བྱས་ཡོད་པའི་ཡིག་ཆ་80བོ། དེ་དག་ལ་བརྗོད་བྱའི་ཐད་ནས་ཁྱད་ཆོས་གང་འདྲ་འདུག་གམ་ཞེ་ན། དེ་ཡང“བོན་ཆོས་ཀྱི་གདོད་མའི་སྤྱི་ཚོགས་དུས་སུ་བྱུང་བ་ཡིན”ཞེས་པ་ལྟར། རགས་པའི་ཆ་ནས་བཤད་ན། མེ་དང་རུས་རྒྱུད་མཆེད་ཁུངས་གཏམ་རྒྱུད་ཀྱི་སྐོར་དང་བླ་སྣ་ཚོགས་ལ་མཆོད་བསྟོད་དང་བསང་མཆོད་ཀྱི་སྐོར། གཡང་འབོད་ཀྱི་སྐོར། བླ་འགུག་གི་སྐོར། གྲིབ་སིལ་གྱི་སྐོར། རྨི་ལམ་བརྟག་ཐབས་ཀྱི་སྐོར། མོ་ཕྱྭའི་སྐོར། སྨན་དཔྱད་ཀྱི་སྐོར། དཀར་ནག་རྩིས་ཀྱི་སྐོར་ཏེ་ནང་དོན་ཤིན་ཏུ་རྒྱ་ཆེ་བ་ཞིག་འདུག་པ་དང་། དེ་དག་སྤྱི་རྡོག་ནས་བལྟས་པའི་ཁྱད་ཆོས་ཤིག་ཡོད་པ་ནི།
1.ས་ཆུ་རི་གསུམ་ལ་བླ་ཡོད་པར་འདོད་པའི་ཁྱད་ཆོས།
“བོན་ལ་ནང་དོན་གྱི་ཐད་ནས་བལྟས་ན། གདོད་མའི་ཆོས་ལུགས་ཡིན་པ་གསལ་བའམ། ཡང་ན་དེ་ནི་དངོས་པོ་ཀུན་ལ་བླ་ཡོད་པར་འདོད་པའི་དད་མོས་ཤིག་ཡིན་པ་གསལ་བོ་ཡིན།”ཞེས་པ་ལྟར། ཡིག་ཆ《TJ01བོན་གྱི་ཡུལ་ལྷ་གཉན་པོ་བརྔན་པ་དབུ་ལ་གསོལ》དང《TJ04སྤོམ་ར་སྐུ་ཚན་དབུལ་གསོལ》། 《TJ11སྤོམ་རའི་རི་ཆུང་དབུ་ལ་གསོལ》།《TJ12སྤོམ་རའི་རི་ཆེན་དབུ་ལ་གསོལ》། 《ZQ60སྤོམ་རའི་བསང་ཡིག་དབུ་ལ་གསོལ》། 《ZQ66སྤོམ་རའི་བླ་བསླུ་དབུ་ལ་གསོལ》། 《ZQ69སེར་པོ་རོང་གི་གཞི་བདག་དཔའ་བོ་བྱ་ལྟིང་གི་གསོལ་མཆོད་འདོད་དགུའི་སྙེ་མ》སོགས་ཀྱིས་བརྗོད་དོན་ལས་གསལ་བ་ལྟར། ས་ལ་ས་བདག་དང་རི་ལ་གཞི་བདག ཆུ་ལ་ཀླུ་རིགས་སོགས་ཡོད་ཤག་ཤག་ཡིན་པར་འདོད་པ་སྟེ། མདོར་ན་ས་ཆུ་རི་གསུམ་ཀུན་ལ་ལྷ་ཀླུ་གཉན་གསུམ་གྱིས་ཁྱབ་མེད་ས་ཞིག་མེད་པར་བསྟན་ཡོད་པ་སོགས། སྐབས་འདིའི་བོན་གྱི་དད་བྱ་ནི་གནམ་ནས་ཉི་ཟླ་སྐར་གསུམ་དང་ས་ནས་རི་བྲག་གངས་གསུམ། རྩྭ་རྩི་ཤིང་། བྱ་བྱིའུ་འབའ་འབུ། གཅན་གཟན་རི་དྭགས་སོགས་ཕལ་ཆེར་གནམ་ལ་འཕུར་དགུ་དང་ས་ལ་འཛུལ་དགུ་ཀུན་ལ་དད་མོས་བྱེད་པར་སྣང་།
2.རྙིང་མའི་ཆོས་ལུགས་ཀྱི་ཤན་ཞུགས་ཡོད་པའི་ཁྱད་ཆོས།
ཐུབ་བཀྭན་རིན་པོ་ཆེས། “བན་ལ་བོན་འདྲེས་བོན་ལ་བན་འདྲེས་ཏེ། ། རྣམ་དབྱེ་བྱེད་ལ་བདག་ནི་སྒྱིད་ལུག་གྱུར། །”ཞེས་པ་ལྟར། འབྲུག་ཆུ་གཙང་བོའི་བཞུར་རྒྱུད་ཀྱི་བོན་ཆོས་ལའང་རྙིང་མའི་ཆོས་ལུགས་ཀྱིས་ཤན་ཞུགས་ཡོད་པ་རྗེས་སུ་དཔོག་ཐུབ་སྟེ། དཔེར་ན། ཡིག་ཆ《ZQ56ཨུ་རྒྱན་གྱི་བསང་ཡིག་དབུ་ལ་གསོལ》སོགས་ལས་སློཔ་དཔོན་པདྨ་འབྱུང་གནས་ཀྱི་བསང་ཡིག་བཀོད་ཡོད་པ་དང་། དེ་བཞིན་ཡིག་ཆ《ZQ72གེ་སར་བསང་ཡིག་དབུ་ལ་གསོལ》།《ZQ74ཨ་མེས་གེ་སར་དབུ་ལ་གསོལ》སོགས་སུ་གེ་སར་བསང་ཡིག་བཀོད་ཡོད་པས། རྙིང་མའི་ཤན་ཞུགས་ཡོད་པ་ཧ་ཅང་མངོན་གསལ་ཡིན་ཏེ། རྒྱུ་མཚན་ནི། སྤྱིར་གེ་སར་སྒྲུང་གི་ནང་དུ་བོན་ཆོས་དགག་ཕྱོགས་སུ་བརྩིས་ཏེ་ཐད་དགག་བྱས་ཡོད་པས། དེ་ནི་རྙིང་མ་བ་དག་གི་གེ་སར་དེ་སློབ་དཔོན་གྱི་རྣམ་སྤྲུལ་དུ་བལྟས་ཏེ་མཆོད་བཀུར་ཆེར་བྱེད་ཅིང་། བོན་གྱིས་ནི་དེ་ལྟ་མ་ཡིན་པ་ལ། ང་ཚོས་འབྲུག་ཆུ་ནས་འཚོལ་རྙེད་བྱུང་བའི་ཡིག་ཆ་ཁག་ཏུ། པད་འབྱུང་བསང་ཡིག་དང་གེ་སར་བསང་ཡིག་སོགས་ཡོད་པས། བོན་ཆོས་ལ་རྙིང་མའི་ཆོས་ཀྱི་ཤན་ཞུགས་ཡོད་པའི་སྒྲུབ་བྱེད་ནུས་ལྡན་ཞིག་ཏུ་མཐོང་ཆོག །
3.ཏོ་ཅོ་ཆོས་ལུགས་ཀྱི་ཤན་ཞུགས་ཡོད་པའི་ཁྱད་ཆོས།
སྤྱིར་བོན་ཆོས་དང་རྒྱའི་ཏའོ་ཅོ་ཆོས་ལུགས་གཉིས་ཀྱི་བར་ལ་འདྲ་མིན་ཡིན་མིན་གྱི་བཤད་རྒྱུན་ཅུང་མང་སྟེ། “རྒྱའི་ལོའོ་ཅིན་དང་གཤེན་རབ་མི་བོ་གཉིས་གང་ཟག་གཅིག་ཡིན”ཞེས་པ་ལྟར། རྒྱའི་ཏོ་ཅོ་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་དུ་བགྲང་བའི་ཐེ་ཧྲང་ལོའོ་ཅིན(太上老君)དང་གཡུང་དྲུང་བོན་གྱི་ཤིང་རྟའི་སྲོལ་འབྱེད་དུ་འཇོག་པའི་སྟོན་པ་གཤེན་རབ་མི་བོ་ཆེ་གཉིས་གང་ཟག་གཅིག་ཏུ་བགྲངས་མཁན་ཡོད་པའི་ལྟ་བ་ལ། བོན་ལུགས་སྐྱོང་བའི་མཁས་པ་རྣམས་ཀྱིས་ཆེས་ཤིན་ཏུ་མི་འདོད་པའང་ཡོད་པར་དགག་པ་སྟེ། ཁོ་ཚོའི་ལྟ་བ་ནི་དེ་ལས་ལྡོག་ཐེ་ཧྲང་ལོའོ་ཅིན་ནི་སྟོན་པ་གཤེན་རབ་ཀྱི་སློབ་མ་སྟེ། “སྟག་གཟིག་གི་ལོ་ཙཱ་བ་དམུ་ཙ་ཏྲ་ཧེར་པེ་དང་། ཞང་ཞུང་གི་ཁྲི་ཐོག་སྤ་ཙ། སུམ་པ་ལ་གུ་ཧུ་ལི་སྤར་ལེགས། རྒྱ་གར་ལ་ལྷ་བདག་དྲོ། རྒྱ་ནག་ལ་ལེགས་ཏང་སྨང་པོ། ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་དང་དྲུག”ཅེས་པའི་གྲས་ཀྱི་རྒྱ་ནག་གི་ལེགས་ཏང་སྨང་པོ་ནི་ཏོའོ་ཅོ་ཆོས་ལུགས་ཀྱི་སྲོལ་འབྱེད་མཁན་པོ་ཐེ་ཧྲང་ལོ་ཅིན་ཡིན་པར་འདོད་མཁན་མང་པ་ལྟར་རེད། གང་ལྟར་ང་ཚོས་འབྲུག་ཆུ་གཙང་བོའི་བཞུར་རྒྱུད་དུ་འཚོལ་རྙེད་བྱུང་བའི་ཡིག་ཆ་ལས། གོང་རྩེ་འཕྲུལ་གྱི་རྒྱལ་པོ་ལ་གསོལ་མཆོད་སྐོར་གྱི་ཡིག་ཆ་མང་པོ་ཡོད་པ་སྟེ། ཡིག་ཆ《TJ35མགོན་པོ་ཕ་ཝང་དབུ་ལ་གསོལ》། 《TJ40གོང་རྩེས་དབུ་ལ་གསོལ》། 《TW42གོང་ཙེ་གཏོ་སྒྱུར་དབུ་ལ་གསོལ》། 《TW49ཕྱི་ཡི་སྤར་ཁ་བརྒྱད་ཀྱི་འབྲུ་སྣ་དབུ་ལ་གསོལ》།《TW52གོང་ཙེ་གཏོ་སྒྱུར་དབུ་ལ་གསོལ》། 《ZQ68གནམ་ཁྱི་དབུ་ལ་གསོལ》སོགས་ཡིན་ལ། དེ་ལས་མ་མཐའ་ཡང་ཡུལ་འདིའི་བོན་ཆོས་ལ་ཏོ་ཅོ་ཆོས་ལུགས་ཀྱི་ཤན་ཅུང་ཟད་ཞུགས་ཡོད་ཅེ་ན་ལུང་རིགས་གང་ལའང་མི་འགལ་བའི་སྒྲུབ་བྱེད་དུ་འཁུམས་སོ། །