[ནང་དོན་གནད་བསྡུས།] དཔྱད་ཐུང་འདིའི་ནང་ཟུར་ཆག་སྐད་དོད་དང་སྐད་ར་མ་ལུག་གཉིས་ཀྱི་ངོ་བོ་གཤིབ་བསྡུར་གྱིས་ད་ལྟ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་མི་རིགས་སོ་སོའི་རིག་གནས་སྣ་ཚོགས་མཉམ་འདྲེས་དང་ཕྱོགས་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་ནང་ཕྱི་རོལ་རིག་གནས་ཀྱི་ཤུགས་རྐྱེན་ལས་འོངས་པའི་སྐད་ཀྱི་སྣང་ཚུལ་དེ་གཉིས་པོར་བླང་དོར་དང་དཔྱད་འཇོག་བྱ་དགོས་པའི་གལ་ཆེའི་རང་བཞིན་མདོར་བསྟན་འདུག
[གནད་ཚིག] ཟུར་ཆག་སྐད་དོད། སྐད་ར་མ་ལུག གཤིབ་བསྡུར། བོད་སྐད།
འཛམ་བུ་གླིང་གི་མི་རིགས་སོ་སོའི་ཁྲོད་དུ་སྐད་དང་ཡི་གེ་སྟོང་ཕྲག་མང་པོ་སྔོན་མེད་གསར་དུ་བྱུང་ཞིང་། དེ་ལས་མང་པོ་ཞིག་རིམ་གྱིས་ཉམས་སོང་། ཕལ་མོ་ཆེ་ཞིག་ནི་ད་དུང་ཡང་འཛམ་བུ་གླིང་འདི་ན་མུ་མཐུད་དུ་མི་རྣམས་ཀྱི་ཞེ་འདོད་གོ་བར་བྱེད་བཞིན་པ་ཡིན། སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་མི་དང་མིའི་དབར་དང་མི་རིགས་དང་མི་རིགས་དབར་གྱི་འབྲེལ་འདྲིས་ཇེ་མང་དུ་གྱུར་པ་དང་མི་རིགས་ཕན་ཚུན་གྱི་སྐད་ལའང་ཤུགས་རྐྱེན་སྣ་ཚོགས་ཤིག་ཐེབས་དང་ཐེབས་མུས་ཡིན། དེ་ཡང་། རང་མི་རིགས་ཀྱི་སྐད་ཀྱི་ཁྲོད་དུ་ཟུར་ཆག་སྐད་དོད་དང་སྐད་ར་མ་ལུག་མི་ཉུང་བ་ཞིག་ཐོན་གྱི་ཡོད་ཅིང་། དེ་དག་ནི་མི་རིགས་ཕན་ཚུན་གྱི་རིག་གནས་འབྲེལ་བས་བོད་སྐད་ལ་ཐེབས་སྲིད་པའི་ཤུགས་རྐྱེན་དང་ཤུགས་རྐྱེན་དེའི་མངོན་ཚུལ་གཙོ་བོ་གཉིས་ཡིན། ལྷག་པར་དེང་རབས་ཆ་འཕྲིན་ཤེས་དཔལ་གྱི་གནས་བབ་ཁྲོད། འཛམ་གླིང་མི་རིགས་ཕན་ཚུན་གྱི་འབྲེལ་བ་དེེ་བས་ཇེ་དམ་དུ་ཕྱིན་པ་དང་སྦྲགས། འཛམ་གླིང་མི་རིགས་ཁག་གི་སྤྱི་ཚོགས་ཀྱི་འབྲེལ་བའི་ཁྲོད་སྐད་ཀྱི་འབྲེལ་བ་ནི་དེ་བས་རྙོག་འཛིང་ཅན་དུ་འགྱུར་བཞིན་ཡོད། གནས་ཚུལ་དེ་འདྲའི་རྐྱེན་གྱིས་བོད་སྐད་ཁྲོད་ཀྱི་ཟུར་ཆག་སྐད་དོད་དང་སྐད་ར་མ་ལུག་གཉིས་ལ་དབྱེ་བསལ་ཡང་དག་པ་ཞིག་བྱ་རྒྱུ་ནི་བོད་ཀྱི་སྐད་དང་རིག་གནས་ཀུན་དང་འབྲེལ་བའི་གནད་དོན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཏུ་མཐོང་།
“སྐད་དང་ཡི་གེ་ནི་རིག་གནས་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས......ནུབ་པར་གྱུར་ན་དེ་ལ་བརྟེན་པའི་རིག་གནས་ཐམས་ཅད་ཀྱང་ནུབ་པར་འགྱུར་བ་ཡིན་ཏེ། དཔེར་ན། རྒྱ་མཚོར་བསྐྱོད་པའི་གྲུ་གཟིངས་ཞིག་པར་གྱུར་ན་དེའི་ནང་དུ་ཡོད་པའི་ནོར་རྫས་ཐམས་ཅད་རྒྱ་མཚོའི་ནང་དུ་ནུབ་ནས་བརླག་པར་འགྱུར་བ་ལྟ་བུ་ཡིན(ལ)། སྐད་དང་ཡི་གེ་ཇི་ལྟར་ཇེ་ཉུང་དུ་སོང་བ་དེ་ལྟར་དུ་མིའི་འཇིག་རྟེན་དུ་བསམ་བློ་དང་རིག་གནས་ཀྱི་སྣ་ཁ་ཇེ་ཉུང་དུ་འགྲོ་བ་ཡིན་པས་མིའི་རིགས་སྤྱི་ལའང་གྱོང་རྒུད་ཤིན་ཏུ་ཆེ་ཞིང་། (སྐད་ར་མ་ལུག་དང་ཟུར་ཆག་སྐད་དོད་གཉིས་ནི་མི་རིགས་ཤིག་དང་འགྲོ་བ་མིའི་རིགས་སྤྱི་ལ་རིག་གནས་ཀྱི་གྱོང་རྒུད་ཅི་བཟོའམ་སེལ་ལ་ཐུག་པའི་གནད་གཉིས་ཡིན་ལ་གནད་འདི་གཉིས་ལ་ཡིད་འཇོག་བྱེད་པ་ནི་མི་རིགས་ཤིག་གི་སྐད་ཀྱི་འཆི་གསོན་དང་རིག་གནས་ཀྱི་འཆི་གསོན། ཐ་ན་མི་རིགས་རང་གི་འཆི་གསོན་ལ་ཡིད་འཇོག་བྱེད་པར་ཐུག་པ་ཞིག་ཡིན། རྒྱུ་མཚན་ནི་མི་རིགས)གང་གི་སྐད་ཡིག་མེད་པར་གྱུར་པའི་མི་རིགས་དེ་ཉིད་ནི་ཕ་སྐད་ནུབ་ན་མི་རིགས་འཆི་ཞེས་པ་ལྟར་དེ་ནས་བཟུང་མཇུག་རྫོགས་པ་ཡིན་པས་གྱོང་རྒུད་ཆེའམ་མི་ཆེ་ཞེས་དཔྱད་དུ་མེད་དོ། །” [1]
དང་པོ། ཟུར་ཆག་སྐད་དོད་དང་སྐད་ར་མ་ལུག་གཉིས་ཀྱི་ངོ་བོའི་ཁྱད་པར།
སྐད་ཆ་ནི་སྒྲ་དོན་འདྲེས་མར་ཡོད་པའི་མིའི་ངག་གི་འདུ་བྱེད་ཅིག་ཡིན་ཅིང་། དེ་ནི་མིའི་རིགས་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ལག་ཆ་གལ་ཆེ་ཤོས་དེ་ཡིན་པར་མ་ཟད། སྐད་ཆས་མིའི་རིགས་ཀྱི་བསམ་བློ་དང་ལོ་རྒྱུས། དེ་བཞིན་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་པ་བརྒྱུད་སྤེལ་བྱས་དང་བྱེད་བཞིན་ཡོད། ཕྱོགས་འདིའི་ཐོག་ནས་བརྗོད་ན་སྐད་ཆ་ནི་མི་ཞིག་གི་བསམ་བློའི་ཕྱི་ཤུན་ལྟ་བུ་ཞིག་ཡིན་པར་མ་ཟད། མི་རིགས་རིག་གནས་ཀྱི་ངང་ཚུལ་དམ་པ་ཞིག་རེད་ཅེས་བརྗོད་ཆོག རྒྱུ་མཚན་ནི། སྐད་ཆའི་ངང་ཚུལ་ལས་མི་རིགས་ཤིག་གི་སྤྱི་ཚོགས་ལོ་རྒྱུས་ལས་བྱུང་བའི་ཤེས་རིག་དང་དད་མོས། སྒྱུ་རྩལ། ཀུན་སྤྱོད། ཁྲིམས་ལུགས། ཡུལ་སྲོལ། དེ་བཞིན་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆ་ཤས་སུ་གྱུར་པའི་འཚོ་བའི་མྱོང་བ་ལས་ཐོབ་པའི་ནུས་པ་དང་གོམས་སྲོལ་གང་ཡང་རུང་བ་མཚོན་ཐུབ། དེ་བས་སྐད་ཆ་ནི་རང་ངོས་ནས་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པར་མ་ཟད། དེ་ནི་མིའི་རིགས་ཀྱིས་རང་ཉིད་ཁོར་ཡུག་དང་འཕྲོད་པའི་ཕྱིར་དུ་དང་རང་ཉིད་ཀྱི་འཚོ་ཐབས་ལེགས་བཅོས་འོང་བའི་ཕྱིར་དུ་ཤེས་རིག་གི་འབྲས་བུ་སྐྱེད་པར་བྱེད་པའི་རྒྱུ་རྐྱེན་གལ་ཆེ་ཤོས་དེ་ཡིན། ང་ཚོས་འདིར་བརྗོད་པའི་ཟུར་ཆག་སྐད་དོད་དང་སྐད་ར་མ་ལུག་གཉིས་ཀྱང་མི་རིགས་ཤིག་གི་རིག་གནས་ལོ་རྒྱུས་ཀྱི་རང་བཞིན་དེ་དག་བསྐྱེད་ཅིང་མཚོན་པའི་སྐད་ཆའི་དཔེ་མཚོན་གྱི་སྣང་ཚུལ་གཉིས་རེད།
1.ཟུར་ཆག་སྐད་དོད་ཀྱི་ངོ་བོ་སྤྱིར་བཤད་པ། སྤྱིར་ཟུར་ཆག་སྐད་དོད་ནི“མི་རིགས་གཞན་གྱི་སྐད་བརྡའི་ནང་ནས་གཡར་སྤྱོད་བྱས་པའི་མིང་བརྡའི་རིགས་ལ་ཟེར” [2]ལ། དེར་སོར་བཞག་གི་མིང་ཞེས་ཀྱང་བྱ། དེ་ཡང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་མི་རིགས་ཕན་ཚུན་དབར་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཕྱོགས་གང་ཅིའི་ཐད་ནས་འབྲེལ་འདྲིས་བྱུང་བ་དང་། འབྲེལ་འདྲིས་ཀྱི་བརྒྱུད་རིམ་དེའི་ནང་མི་རིགས་གཞན་གྱི་རིག་གནས་སྣང་ཚུལ་བཟང་པོ་དག་བསླབ་པ་དོན་གཉེར་གྱིས་སྡུད་ལེན་མི་བྱེད་ཐབས་མེད་ལྟ་བུར་གྱུར་ཅིང་། “རིག་པའི་གནས་དེ་དག་ལ་འཇུག་པའི་སྒོར་གྱུར་པ་མེད་དུ་མི་རུང་བ་ཞིག་ནི་དེ་དག་དང་འབྲེལ་བའི་ཐ་སྙད་སྣ་ཚོགས་ཀྱི་སྐོར་གང་ཞིག་ཡིན་ཏེ། རིག་གནས་གང་ཡིན་པ་དེའི་མིང་བརྡ་ཐ་སྙད་ཙམ་ཡང་མེད་བཞིན་དུ་དེ་ལ་འཇུག་པ་ནི་ཤིན་ཏུ་དཀའ་བའི་ལས་སུ་སྣང” [3]བས་ན། མཁས་པ་སྔ་མ་དག་གིས་རིག་པའི་གནས་དེ་དག་གི་མིང་བརྡ་ཐ་སྙད་ཁ་སྐོང་བྱེད་པར་བསྟར་བའི་ལག་ཐབས་གཙོ་བོ་ཞིག་ནི་ལོ་ཙཱ་རང་ཡིན། ལོ་ཙཱ་ནི“སྐད་དང་ཡིག་རིགས་གཅིག་ནས་བསྟན་པའི་བསམ་པའི་དོན་དང་བརྗོད་པའི་ཉམས་འགྱུར་གང་ཡིན་པ་དེ་རྣམས་རྣལ་མ་རྣམ་དག་དང་། འོས་ཤིང་འཚམ་པའི་སྒོ་ནས་སྐད་དང་ཡིག་རིགས་གཞན་ཞིག་ལ་ཇི་བཞིན་ཕབ་སྒྱུར་བྱེད་པའི་གསར་གཏོད་རང་བཞིན་གྱི་བྱེད་སྒོ་ཞིག་ལ་བརྗོད”[4]ཅིང་། ཟུར་ཆག་སྐད་དོད་ནི་དེ་ལྟའི་ལོ་ཙཱའི་ལས་རིམ་གྱི་ཁྲོད་ནས་ཐོན་པ་ཞིག་ཡིན།
དེ་ཡང་ལོ་ཙཱའི་ལས་རིམ་ཁྲོད་ལོ་ཙཱའི་ཐབས་གཙོ་བོ་གསུམ་ཕྱོགས་སྡོམ་མཛད་ཡོད་པ་སྟེ། དོན་སྒྱུར་དང་། ཐད་སྒྱུར། སྒྲ་སྒྱུར་བཅས་ཡིན་ཅིང་། དེ་ལྟ་བུའི་ལོ་ཙཱའི་ཐབས་ཆེན་པོ་གསུམ་ནི་ལོ་ཙཱ་བྱེད་པའི་རིག་གནས་རང་ངོས་དང་འབྲེལ་བ་ཞིག་སྟེ། ཚེ་ཏན་ཞབས་དྲུང་མཆོག་གིས། “མདོར་ན་ད་ལྟ་བོད་ན་ཡོད་པའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་རྣམས་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་སྒྱུར་བའི་སྐབས་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཐུགས་གཞིགས་ཟབ་ཅིང་ཞིབ་པ་མཛད་ནས་དོན་སྒྱུར་བྱས་ན་གོ་སླ་བའི་རིགས་དོན་སྒྱུར་དང་། ཐད་སྒྱུར་བྱས་ན་གོ་སླ་བའི་རིགས་ཐད་སྒྱུར་བྱས” [5]པར་གསུངས་ཤིང་། དེ་ལས་སྒྲ་སྒྱུར་རམ་ལེགས་སྦྱར་སྐད་རང་སོར་བཞག་པ་ཡང་། “ལེགས་སྦྱར་གྱི་སྐད་བོད་སྐད་དུ་མ་བསྒྱུར་ན་གོ་སླ་བར་འགྱུར་བའི་སྔགས་སྐད་རང་སོར་བཞག” [6] ཚུལ་དཔེ་དང་བཅས་པས་ལོ་ཙཱའི་ཐབས་རྣམས་ནི་དགོས་དབང་གིས་བཏོད་པ་ཡིན་པར་བསྟན་ཅིང་། དེ་བས་ཟུར་ཆག་སྐད་དོད་ནི་རིགས་གཞན་གྱི་སྐད་བརྡའི་ཁྲོད་ཀྱི་ཐ་སྙད་ཁག་ཅིག་རང་རིགས་ཀྱི་སྐད་བརྡའི་ནང་མེད་པའམ། ཡོད་དུ་ཟིན་ཀྱང་ཚགས་སུ་ཚུད་མེད་པའི་རྐྱེན་གྱིས་མིང་བརྡ་དེ་རིགས་ཀྱི་སྐད་དོད་རེ་ཐད་ཀར་གཞན་སྐད་ལས་སོར་བཞག་བྱེད་དགོས་བྱུང་བ་ཞིག་ཡིན་ལ། དེ་ནི་ལོ་ཙཱའི་ཐབས་ཀྱི་ཆ་ནས་བཤད་ན་སྒྲ་སྒྱུར་རམ་རང་སོར་བཞག་པ་དང་ངོ་བོའི་ཐོག་གཅིག་མཚུངས་རེད། དེས་ན་ཟུར་ཆག་སྐད་དོད་ནི་ཕལ་ཆེར་གཞན་སྐད་རང་སོར་བཞག་པ་དང་འདྲ་བར་དོན་སྒྱུར་དང་ཐད་སྒྱུར་བྱེད་པར་མི་འཚམ་པས་གཞན་སྐད་ཀྱི་སྒྲ་ཟུར་རེ་རང་སོར་བཞག་སྟེ་རང་སྐད་དུ་སྤྱད་པས་ཀུན་གྱིས་རྟོགས་སླ་བ་དང་གོ་སླ་བར་འགྱུར་བ་ཡིན་པས་དགོས་པ་ལྡན་པ་ཡིན་ནོ། །
2.སྐད་ར་མ་ལུག་གི་ངོ་བོ་བཤད་པ། འོ་ན། སྐད་ར་མ་ལུག་ཅེས་པ་ཇི་ལྟ་བུ་ཞིག་ཡིན་ནམ་སྙམ་ན། དེ་ནི་མིའི་རིགས་ཀྱིས་རང་ཉིད་ཀྱི་འདོད་པ་སྒྲུབ་པར་བྱེད་པའི་ཐབས་དང་ཐབས་བྱུང་གི་ཤེས་རིག་བསྐྲུན་པའི་བརྒྱུད་རིམ་ནང་ཐོན་པའི་སྐད་ཀྱི་འཆི་བ་འབྱུང་བའི་རྒྱུ་རྐྱེན་ཞིག་ཡིན་པ་སྟེ། དེ་ཡང་སྐད་དང་ཡི་གེའི་འཆི་བ་ཞེས་པ་ནི“མི་རིགས་གང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་མཁན་མི་གཅིག་ཀྱང་མེད་པར་གྱུར་ནས་གཏན་དུ་ཤི་ཞིང་། དེའི་དབང་གིས་མི་རིགས་དེའི་རིག་གནས་མཐའ་དག་ངང་གིས་ནུབ་སྟེ། མཐར་མི་རིགས་དེ་ཉིད་ཀྱང་ཧྲིལ་གྱིས་གཞན་ཞིག་ཏུ་གྱུར་ཏེ་སྔར་གྱི་རྗེས་ཤུལ་ཙམ་ཡང་མི་མངོན་པར་གྱུར་པའི་བྱེད་ལས་ཅན་གྱི་རིག་གནས་ཀྱི་ཆག་སྒོ་ཆེན་པོ་ཞིག་གོ”[7]ཞེས་དམ་པ་དག་བཞེད་ཅིང་། མི་རིགས་ཤིག་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་མཁན་མི་གཅིག་ཀྱང་མེད་པར་གྱུར་པ་ལའང་ཕྱིའི་རྒྱུ་རྐྱེན་དང་། ནང་གི་རྒྱུ་རྐྱེན། སྐད་རང་གི་ངོ་བོའི་རྒྱུ་རྐྱེན་གསུམ་ཡོད། སྐད་ར་མ་ལུག་ནི་སྐད་ཀྱི་འཆི་བའི་རྒྱུ་རྐྱེན་འདི་གསུམ་ག་དང་འབྲེལ་བར་མ་ཟད། ལྷག་དོན་སྐད་ར་མ་ལུག་ནི་མི་རིགས་ཤིག་གི་སྐད་ཀྱི་འཆི་བའི་རྒྱུ་རྐྱེན་དེ་གསུམ་ལས་གཙོ་བོ་ནང་གི་རྒྱུ་རྐྱེན་གྱི་ཁོངས་སུ་གཏོགས་པ་ཡིན་ཏེ། སྐད་དེ་གཙོ་བོར་སྨྲ་བའི་མི་རྣམས་ཀྱིས་གཞན་གྱི་གཡམ་ལ་རྒྱུགས་ཏེ་དགོས་པ་ཡོད་མེད་ལ་ཅང་མི་བསམས་པར། དེ་ལས་ལྡོག་སྟེ་རང་སྐད་ཀྱི་ཐོག་ནས་བརྡ་སྤྲོད་པར་བློ་ཞུམ་ཞིང་གདེང་མེད་པར་གྱུར་ཏེ་གཞན་སྐད་ལ་དབང་མེད་དུ་འཇུག་པའི་བརྒྱུད་རིམ་ནང་སྐད་ར་མ་ལུག་གི་སྣང་ཚུལ་ཇི་སྙེད་ཅིག་ཐོན་སྲིད་ཅིང་། དེ་ཉིད་དུག་རླངས་བཞིན་ཇེ་ཆེར་ཁྱབ་སྟེ་མཐར་མི་རིགས་དེ་གང་པོས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་རང་སྐད་ཀྱི་ནང་དུ་གཞན་སྐད་ཀྱི་འདྲེས་སླད་ཤས་ཆེར་བཅུག་ཅིང་། དེ་ལྟར་དགུན་བུམ་པ་ཆུས་བཀང་ན་མཐར་འཁྱགས་ནས་འཁྱག་པར་འགྱུར་བ་བཞིན་ནམ་ཞིག་ཚུལ་དེ་ཉིད་འཚོ་བའི་གོམས་གཤིས་སུ་ཆགས་པ་ན་མི་རིགས་གང་གི་སྐད་དང་ཡི་གེ རིག་གནས། ཐ་ན་མི་རིགས་གང་ཡང་མིང་གི་ལྷག་མར་འགྱུར་བ་ལ་གདོན་མི་ཟ་བས། རང་སྐད་ཀྱི་ཁྲོད་དུ་གཞན་སྐད་ཀྱི་འདྲེས་སླད་ཇི་ཙམ་མང་བ་དེ་ཙམ་དུ་རང་རིགས་ཀྱི་སྐད་དང་རིག་གནས། ཐ་ན་མི་རིགས་ཧྲིལ་པོའི་འཆི་བའི་རྒྱུ་རྐྱེན་སྨིན་པའི་ཚད་གཞི་བྱེད་པ་ཡིན་ནོ། །
དེས་ན། སྐད་ར་མ་ལུག་ནི་ཟུར་ཆག་སྐད་དོད་དང་མི་འདྲ་བར་སྐད་རིགས་གཞན་གྱི་སྒྲ་འབྱིན་ཚུལ་དང་། མིང་དང་ཚིག་གི་གྲུབ་ཚུལ། བརྗོད་པའི་ཉམས་འདོན་ཚུལ་སོགས་གང་ཡིན་པར་བླང་དོར་གྱི་དཔྱད་འཇོག་ཅི་ཡང་མེད་པས་འགྱུར་མེད་སོར་འཇོག་གིས་རང་སྐད་ལ་འདྲེས་སླད་བཏང་བ་ཞིག་ཡིན་ལ། དེ་ཡང་མི་རིགས་དེའི་ཁོངས་མི་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་ཀྱི་རང་མཐོང་བརླགས་པས་གཞན་སྐད་ཀྱི་ཚུལ་ལ་ཐལ་ཆེར་བསླབས་པ་དང་རང་སྐད་སྣང་ཆུང་ངང་འདོར་བའི་བརྒྱུད་རིམ་ནང་སྐད་ར་མ་ལུག་གི་མཐུ་བརྟས་ནས་ཡུལ་གྱི་རྒན་པོ་དག་གིས་ཀྱང་རང་སྐད་གཙང་མ་ཞིག་སྨྲ་མི་ཐུབ་པའི་ཚད་དུ་སོན་པ་ན་མཐར་མི་རིགས་གང་པོའི་སྐད་ཀྱི་འཆི་བ་དངོས་སུ་སླེབས་པར་འགྱུར་བ་ཡིན་ནོ། །
གཉིས་པ། བོད་སྐད་ཁྲོད་ཀྱི་ཟུར་ཆག་སྐད་དོད་དང་སྐད་ར་མ་ལུག
མི་རིགས་ཤིག་གི་རིག་གནས་ལོ་རྒྱུས་ཀྱི་དར་བའམ་རྒུད་པ་དང་འཕེལ་བའམ་འགྲིབ་པའི་བརྒྱུད་རིམ་ནང་ཟུར་ཆག་སྐད་དོད་དང་སྐད་ར་མ་ལུག་མི་ཉུང་བ་ཐོན་སྲིད་པ་བཞིན། བོད་སྐད་ཁྲོད་དུའང་ཟུར་ཆག་སྐད་དོད་དང་སྐད་ར་མ་ལུག་གི་རྣམ་པ་དང་སྣང་ཚུལ་སྣ་ཚོགས་ཤིག་ཡོད།
1. བོད་སྐད་ཁྲོད་ཀྱི་ཟུར་ཆག་སྐད་དོད། སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་སྦྲགས་མི་རིགས་ཕན་ཚུན་གྱི་སྐད་ཀྱི་འབྲེལ་འདྲིས་ཇེ་མང་དུ་ཕྱིན་པ་དང་། དེ་དང་བསྟུན་ནས་མི་རིགས་སོ་སོའི་སྐད་ཀྱི་ནང་དུ་ཟུར་ཆག་སྐད་དོད་མང་པོ་བྱུང་ཡོད། བོད་སྐད་ལ་མཚོན་ནའང་དེའི་རིགས་ཧ་ཅང་མང་པོ་ཡོད་དེ། དཔེར་ན། ཀརྨ། པདྨ། ཨ་ཙ་ར། ཙན་དན། ཀྭ་ཙེ། ལ་ཕུག མོ་ཊ། ཀྲོ་མ་ཀྲུ། སྦ་དམ། ཀ་ཏོ་ར། ཨེམ་ཆི་ལྟ་བུའོ། །དེ་ལྟ་བུའི་ཟུར་ཆག་སྐད་དོད་རྣམས་ནི་བོད་ཀྱི་ཤེས་རིག་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཁྲོད། ཕྱིའི་མི་རིགས་གཞན་དང་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་འབྲེལ་འདྲིས་རང་འགུལ་ངང་ཇེ་མང་དུ་གྱུར་པའི་མངོན་ཚུལ་ཞིག་རེད། དཔེར་ན། བསྟན་པ་སྔ་དར་དང་ཕྱི་དར་གྱི་བརྒྱུད་རིམ་ནང་བོད་ཀྱི་ཤེས་རིག་ལོ་རྒྱུས་དབྱར་མཚོ་ལྟར་འཕེལ་བ་ལ་བརྟེན་ནས་བོད་སྐད་ཀྱི་ཁྲོད་དུའང་སྐབས་དེའི་བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་ཟུར་ཆག་སྐད་དོད་མང་པོ་ཞིག་རྒྱ་བོད་ལོ་པཎ་བཀའ་དྲིན་ཅན་དང་བོད་རིགས་མི་དམངས་རྣམས་ཀྱིས་གསོག་འཇོག་དང་ཉར་ཚགས་བྱས་པ་ལྟ་བུ་ཡིན། དེར་བརྟེན་བོད་སྐད་ཁྲོད་ཀྱི་ཟུར་ཆག་སྐད་དོད་རྣམས་ནི་བོད་མི་རིགས་ཀྱི་ཤེས་རིག་སྤྱི་དང་ཡང་སྒོས་བོད་སྐད་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་བྱུང་བ་བསྙོན་མེད་རེད། གཤམ་ལ་གནའ་དེང་བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་བྱུང་བའི་ཟུར་ཆག་སྐད་དོད་རྣམས་ཕྱོགས་ཙམ་རིགས་དབྱེ་སྟེ་བརྗོད་ན།
ལེགས་སྦྱར་སྐད་ལས་ཟུར་ཆག་པའི་སྐད་དོད་ནི་དཔེར་ན། ཀ་ཅི(རས་ཤིག་གི་མིང)དང་། ཀ་ལ་པིང་ཀ(སྐད་ཧ་ཅང་སྙན་པའི་བྱ་ཞིག) ཀ་ཤུ་ཀ(རྡོ་ཞིག་གི་མིང) ཀུ་མུད།(མེ་ཏོག་ཅིག) ཀེ་ཏ་ཀ(ཆུ་རྙོག་དྭངས་བྱེད་ཀྱི་ནོར་བུ་ཞིག) ཀེ་ལ་ཤ(གངས་རི) ཀ་པཱ་ལ།(མགོ་བོའི་ཀ་ལི) གན་ཇི་ར། ག་བུར།(བསིལ་སྨན་གྱི་རིགས་ཤིག) གོ་ཏ་མ།(སངས་རྒྱས་ཀྱི་མཚན) ཏམྦུ་ར།(སྒྲ་སྙན) ཌ་མ་རུ།(སྲོལ་རྒྱུན་གྱི་རོལ་མོའི་ཡོ་བྱད་ཅིག) དུ་ཀུ་ལ།(ལྷའི་གོས་བཟང) དྷརྨ།(ཆོས་ཀྱི་མིང) ནཀྲ།(ཆུ་སྲིན) ན་མོ།(ཕྱག་འཚལ་ལོ) པདྨ་ར་ག(ནོར་བུ་ཞིག) པཎྜིཏ།(མཁས་པ) པི་པི་ལིང་།(ཤིང་སྨན་གྱི་རིགས་ཤིག) པོ་ཏཱ་ལ།(རི་བོ་གྲུ་འཛིན) པོ་ཏི།(གླེགས་བམ) མརྒད།(ནོར་བུའི་རིགས་ཤིག) མུ་ཏིག(རྒྱ་མཚོའི་སྲོག་ཆགས་ཀྱི་ཁོག་པ་ལས་བྱུང་བའི་རིན་པོ་ཆེ་ཞིག) ཙན་དན།(དྲི་བཟང་ལྡན་པའི་ཤིང་ཞིག) ཛ་ཡ།(རྒྱལ་བ) འཛམ་བུ།(ཤིང་ཞིག) ཡོ་ག(རྣལ་འབྱོར) ལོ་ཙཱ།(སྐད་གཉིས་སྨྲ་བའི་བྱ་བ) ཤཱཀྱ་མུ་ནེ།(སངས་རྒྱས་ཀྱི་མཚན) ཤོ་ལོ་ཀ(ཚིགས་བཅད་རྐང་བཞི་ཅན) སེང་གེ(གཅན་གཟན་ཞིག) སོ་མ་ར་ཛ།(ཞིང་ལ་གདབ་པའི་ལོ་འབྲས་ཀྱི་བྱེ་བྲག་ཅིག སོ་ཐག་དང་སོ་ཕད་ལྟ་བུ) ཧི་མ་ལ་ཡ།(རི་བོ་གངས་ཅན་ཏེ་རྒྱ་གར་བྱང་ཕྱོགས་ཀྱི་རི་རྒྱུད་ཆེན་པོ་ཞིག་གི་མིང) ཨ་གར(སྨན་ཞིག)སོགས་ལྟ་བུ་དང་། རྒྱ་གར་ཧིན་རྡུའི་སྐད་ལས་ཟུར་ཆག་པའི་སྐད་དོད་ཡིན་པ་དཔེར་ན། ཀམ་པཱ་ལི། ཀེལ་ར།(ཤིང་ཏོག་ངང་ལག) གོ་ལོ་པ་ནི། སྦ་དམ། སྦ་ལན། སྦི་ཅི་ལི། སྒ་རིལ། ཙི་ར་ལྟ་བུའོ། །
རྒྱ་སྐད་ལས་ཟུར་ཆག་པའི་སྐད་དོད་ཡིན་པ་དཔེར་ན། གྱང་། ཅོག་ཙེ། ཅོང་།( 钟) ཙོང་། ཧོང་ལེན།( 黄连) ཀེ་ཚེ(芥子) ཁེ། ཁྲང་ཞི།( 唱戏) ཏི་ཤྲི།( 帝师) གོ་ཤྲི།( 国师) ཝང་། ཀྲུའུ་ཞི། ཧྲུའུ་ཅི། ཀྲུའུ་རེན། ཀུང་སི། སྤར་ཁ།( 八卦) ཕིང་། ཐུའུ་སི།( 土司) ཀོང་ཇོ།( 公主) ལན་ཀན། ཏཱ་ཡང་།( 大洋) ཧྭ་ཤང་། སོན་ལ་ཕུག དུང་བན།( 铜盆) ཏ་ལེན། ཨན་འདར། པི་ཙི། ཀན་ཁྲང་།( 擀面杖) ཧུ་ཆིན( 胡琴) མཱ་ཅང་ལྟ་བུ་སོགས་ཤིན་ཏུ་མང་ངོ་། །
དབྱིན་སྐད་ལས་ཟུར་ཆག་པའི་སྐད་དོད་དཔེར་ན། ཀེག(cake སྒོ་ངའི་བག་ལེབ) ཀོར།(coatནུབ་ཕྱོགས་ལུགས་ཀྱི་ཕྱི་གོས་ཤིག) ཀྲི་ཀ་སི།(ticketཆུ་ཚོད) ཀྲེ་སེ།(ནུབ་ཕྱོགས་ལུཊ་ཀྱི་སྐེ་དཀྲིས་ཤིག) ཅོག་ལེ།(chocolateམངར་ཟས་ཤིག)པོད་ཁུག(blog) འཇར་ཀི(jicket) རྡ་ཙན།(dozen) དྷི་སི།(taxiགླ་བྱེད་རླངས་འཁོར) བྷ་ཀ་སི།(box) སྤྱན་སྦིར།(champion ) པི་སིན།(pencil) པུ་ལི་སི(police) པེ་ཀྲོ(petrolས་སྣུམ་གྱི་མིང་) པོ་ཊཱ།(powder) སྤོ་ལོ།(ball) པ་ཏི།(black-tea) འབོམ།(bomb) སྦི་རག(beer) ར་ཀྲི་ཡུ།(radioསྒྲ་སྡུད་འཁོར་ལོ) སྦེ་སེ་ཀུ་ཊི།(biscuit)། སྦོ་ཏོ་ར།(bottle) སྦོག་སེན།(boxing) བྷོ་ཐྲེ།(boot) ལེ་ཊཱ།(lighter) ཤིག་རས།(cigarette) ས་ཧེབ།(sirསྐུ་ཞབས) སོ་ཊཱ།(soda) ཨི་སི་སྦི་རིང་།(spring) ཨེ་ཊཱ་འབོམ་(atomicbomb)སོགས་ལྟ་བུའོ། །
སོག་སྐད་ལས་ཟུར་ཆག་པའི་སྐད་དོད་ཡིན་པ་དཔེར་ན། ཧོ་ཐོག་ཐུ།(མན་ཆིང་གོང་མའི་སྲིད་གཞུང་དང་ཏཱ་ལའི་བླ་མ། པཎ་ཆེན་གསུམ་གང་རིགས་ནས་གནང་བའི་གོ་མིང་ཞིག) ནོ་མོན་ཧན། ཨེམ་ཆི།(སྨན་པ) ཆི་གེ ཆི་པི་ཁ།(ཤིང་འབྲས་ཤིག) ཏཱ་ལའི། ཐབ་ཆི། ཐའི་ཇི། ཐེར་གེ ད་ར་ཁ་ཆེ། ཛ་སག ཐ་མ་ཁ། ཨ་ཅོར། ཨུ་མུ་སུ། ཨེར་ཏི་ནི་སོགས་ལྟ་བུའོ། །
དེ་ལྟར་བོད་སྐད་ཁྲོད་དུ་ཟུར་ཆག་སྐད་དོད་ཧ་ཅང་མང་ཞིང་། དེ་ལས་བོད་མི་རིགས་ནི་མཐའ་ཁུལ་མི་རིགས་གཞན་དང་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཅིའི་ཐད་འབྲེལ་འདྲིས་བྱ་རྒྱུར་དགའ་བ་ཞིག་ཡིན་པ་མཚོན་ལ། དེས་ཟུར་ཆག་སྐད་དོད་ཁག་ཅིག་ནི་ལོ་རྒྱུས་ཀྱི་དུས་རིམ་སོ་སོའི་ནང་རིམ་བཞིན་བོད་སྐད་རྣལ་མ་ལྟ་བུར་གྱུར་ནས། དག་ཡིག་ཕྱོགས་སྒྲིག་དང་མིང་མཛོད་དག་གི་ནང་དངོས་སུ་བཀོད་ཅིང་བོད་སྐད་ཀྱི་མིང་བརྡ་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད། “ད་ལྟ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་མི་རིགས་སོ་སོའི་རིག་གནས་སྣ་ཚོགས་མཉམ་འདྲེས་དང་ཕྱོགས་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བཞིན་པ་དང་། གསར་དར་རིག་གནས་སྣ་ཚོགས་སྐྱེ་འཚར་མྱུར་ལ་སྟོབས་ཆེ་བའི་དུས་སུ་འཁེལ”[8]བས། ཟུར་ཆག་སྐད་དོད་ཀྱང་ཇེ་བས་ཇེ་མང་དུ་འགྱུར་འགྲོ། འོན་ཏེ་ཟུར་ཆག་སྐད་དེ་དག་ལས་བོད་སྐད་ཁྲོད་དགོས་མཁོ་ཆེར་མེད་པའམ། ཡང་ན་བོད་སྐད་རྣལ་མས་མཚོན་ཐུབ་རིགས་རྣམས་ཕྱི་སྐད་ཀྱི་ཟུར་ཆག་སྐད་དོད་རྣམས་སྤོ་ཐོ་ལྷན་རྩེག་བྱ་བའི་སྙིང་པོ་མེད་ཅིང་། ངེས་པར་མཁོ་བ་རྣམས་ཀྱང་བོད་སྐད་ཀྱི་ང་རོའི་འབྱིན་ཚུལ་དང་བརྡ་སྤྲོད་ལུགས་དང་མཐུན་ལ། བརྡ་དག་གི་ཆར་གཅིག་ཏུ་འགྱུར་བ་ཞིག་ལ་མ་གཞོལ་ཚེ་བོད་སྐད་ནང་ཟུར་ཆག་སྐད་དོད་སྣ་ཚོགས་ཤིག་བསྲེས་ན་མཆིན་པར་མི་ཕན་མཁྲིས་པར་གནོད་པའི་རྒྱུར་འགྱུར་བ་སྲིད་དོ། །
2. བོད་སྐད་ཁྲོད་ཀྱི་སྐད་ར་མ་ལུག སྐད་ར་མ་ལུག་ལ་ཚིག་ཟིན་ནས་སྐད་གཙང་མ་མ་ཡིན་པའི་དོན་རེ་སྟོན་རྒྱུ་ཡོད་ཅིང་། སྐད་གཙང་མ་མ་ཡིན་པ་དེ་ལའང་། ཡུལ་སྐད་གཙང་མ་མ་ཡིན་པ་དང་། ཞེ་སའི་སྐད་གཙང་མ་མ་ཡིན་པ། བོད་སྐད་གཙང་མ་མ་ཡིན་པ་སོགས་དུ་མ་ཞིག་ཡོད་ཀྱང་། འདིར་བོད་སྐད་གཙང་མ་མ་ཡིན་པ་ལ་གོ་དགོས་པ་ཡིན། བོད་པ་ཞིག་གི་ངོས་ནས་བརྗོད་ན། བོད་སྐད་གཙང་མ་ཞིག་ཤེས་དགོས་ཀྱང་། དེང་སྐབས་ན་གཞོན་མང་པོ་ཞིག་གི་ངག་ནས་བརྗོད་པའི་བོད་སྐད་གཙང་མ་མ་ཡིན་པར། སྐད་ར་མ་ལུག་དུ་མ་ཞིག་བརྗོད་པར་བྱེད་པ་སྟེ། སྐད་ཆའི་བཤད་ཉམས་ཐད་བོད་སྐད་གཙང་མ་ཡིན་པ་དང་། སྐད་ཆའི་བརྡ་སྤྲོད་ལུགས་ཐད་བོད་སྐད་གཙང་མ་མ་ཡིན་པ། རིགས་གཞན་གྱི་མིང་བརྡའི་ལྷད་བསྲེས་པའི་བོད་སྐད་གཙང་མ་མ་ཡིན་པ་སོགས་སྨྲ་ཚུལ་སྣ་ཚོགས་པ་ནད་ཡམས་བཞིན་ང་ཚོའི་འཚོ་བའི་ནང་རྒྱ་ཆེར་ཁྱབ་ཀྱིན་འདུག་པ་འདི་ག་ཡིན།
སྐད་ར་མ་ལུག་གི་ནད་རིགས་དེ་དག་ནི་བོད་སྐད་ཀྱི་འཆི་བ་ལ་ཐུག་པའི་གནད་ཤ་སྟག་ཡིན་ཅིང་། དེ་རྣམས་ནི་ཕྱི་རོལ་རིག་གནས་ཀྱི་ཤུགས་རྐྱེན་ལས་བྱུང་བ་ཞིག་ཡིན་མོད། གལ་ཆེ་བ་ནི་རང་སྐད་ཀྱི་འཆི་བ་སྐྱེད་པའི་ནད་རིགས་དེ་དག་ལ་ངོས་འཛིན་ཡང་དག་བགྱིས་ཏེ། རང་གི་ཕ་སྐད་ཀྱི་ཁམས་བཟང་པོ་ཞིག་གསོ་ཞིང་སྐྱོང་བའི་ཐབས་དང་ལམ་བཟང་པོ་རེ་ཨེ་རྙེད་བལྟ་བ་ལ་ཡིད་འཇོག་བྱ་དགོས། དེ་ཡང་། ཇི་སྐད་དུ། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང་། །ཞེས་པ་ལྟར་བོད་ཁུལ་དུ་སློབ་ཆུང་ནས་དབུ་བཙུགས་ཏེ་བོད་ཀྱི་མི་རབས་རྗེས་མས་བོད་ཡིག་གི་ཀློག་ལ་འཇུག་པའི་བསླབ་པའི་ལམ་འདི་ནན་ཆེར་འཛིན་དགོས་པར་མཐོང་ལ། སློབ་ཆུང་ནས་བོད་ཡིག་གི་ཀློག་འདོན་ལ་དགའ་བ་དང་གོམས་པ་ཡོད་པའི་མི་རབས་རྗེས་མ་གསོ་སྐྱོང་ལེགས་པོ་བྱས་ཚེ། བོད་སྐད་རང་ཐོག་གི་མིང་བརྡ་རྣམས་མི་བརླག་པར་རྒྱུན་འཛིན་ཐུབ་པར་མ་ཟད། རིམ་བཞིན་མཁས་པ་སྔ་མ་རྣམས་ཀྱི་བསྟན་བཅོས་ལ་ཐོས་བསམ་བྱ་བའི་གཞིར་འགྱུར་ཏེ་རང་སྐད་ཀྱི་སྐད་ཆའི་བཤད་ཉམས་བཟང་པོ་ཁོང་དུ་ཆུད་ཅིང་། སུམ་རྟགས་ཀྱི་སྒྲའི་གཞུང་ལུགས་ལ་སྦྱངས་པ་ཆེར་མ་བྱས་ཀྱང་སྐད་ཆའི་བརྡ་སྤྲོད་ལུགས་བོད་སྤྱིའི་སྐད་དང་ངེས་པར་མཐུན་འགྲོ། དེ་མ་གཏོགས་གཞན་སྐད་ཀྱི་ཤན་ཁོ་ནའི་དབང་དུ་སོང་ཚེ། མཁས་དབང་དམུ་དགེ་བསམ་གཏན་གྱིས། “ལ་དོན་མི་དགོས་སར་ལ་དོན་སྦྱར། བདག་སྒྲ་མི་དགོས་སར་བདག་སྒྲ་སྦྱར་ན་རང་རེའི་བརྡ་སྤྲོད་ཀྱི་གཞུང་འཁྲུག་པར་འགྱུར་བས། འདི་འདྲ་ལ་མཉམ་འཇོག་བྱ་རྒྱུ་གལ་ཆེ” [9]གསུངས་པ་ལྟར། བོད་ཡིག་གི་ཀློག་ལ་འཇུག་པའི་ལམ་ནས་ཚུལ་འདི་འདྲ་བ་དག་ལ་མཉམ་འཇོག་མ་བྱས་ན་སྐད་ར་མ་ལུག་གི་ཚུལ་ལ་མཐའ་མེད་ཅིང་། ནམ་ཞིག་སྐད་ར་མ་ལུག་གི་ནད་རིགས་ཀྱི་ཤེད་བརྟས་ཏེ་བོད་སྐད་ནང་ནས་འཇིག་པའི་ལས་ཀྱི་འབྲས་བུ་དེ་ངེས་པར་འོང་བའོ། །
ཟུར་བལྟའི་དཔྱད་གཞི།
[1] [7] ཚུལ་ཁྲིམས་བློ་གྲོས། འཛམ་གླིང་ཤར་ནུབ་ཀྱི་གནའ་དེང་རིག་པའི་རྣམ་གཞག་དང་འཛམ་གླིང་གི་སྐད་ཡིག་སྐྱེ་འཆིའི་ལོ་རྒྱུས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2012:289-290.290.
[2] ལྗོངས་ཞིང་ལྔའི་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས། མཐོ་འབྲིང་སྐད་ཡིག(ངེས་སྦྱོང)(༤)[Z] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011: 179.
[3][8] གཙོ་སྒྲིག་པ་ཚུལ་ཁྲིམས་བློ་གྲོས། རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད། [Z] སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009:1.1.
[4] ལྗོངས་ཞིང་ལྔའི་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས། མཐོ་འབྲིང་སྐད་ཡིག(ངེས་སྦྱོང)(༥)[Z] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:180.
[5][6] ལྗོངས་ཞིང་ལྔའི་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས། མཐོ་འབྲིང་སྐད་ཡིག(ངེས་སྦྱོང)(༡) [Z]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012:97.95.
[9] དམུ་དགེ་བསམ་གཏན། བརྡ་སྤྲོད་འཁྲུལ་སེལ་ཀེ་ཏ་ཀ[M] མཚོ་སྔོན་སློབ་གསོ། 1982(5)