ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།
བུད་མེད་ཀྱིས་གྲོང་གསེབ་ས་ཞིང་འགན་ལེན་ཁྲོད་དུ་ཇི་ལྟར་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས།
གྱོད་དཔེ།
བུད་མེད་ཅིག་རང་ཉིད་ཀྱི་ཁྱོ་གའི་ཡུལ་དུ་གནས་ལ་སོང་བ་དང་། རྗེས་ནས་བཟའ་ཚང་མ་མཐུན་པས་ཁ་བྲལ་དགོས་བྱུང་། བཟའ་ཚང་ཁ་བྲལ་རྗེས་ཡུལ་དེའི་ཡུལ་མི་འགས་མོ་ཕྱིར་ལོག་དགོས་པའི་རེ་བ་བཏོན་པ་དང་། ཁོ་མོས་ས་ཆ་དེར་འགན་གཙང་བླངས་པའི་ས་ཞིང་ཚང་མ་ཕྱིར་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད།
གྱོད་དཔེ་འདི་བརྒྱུད་ནས་བཤད་སྲོལ་འདི་ཡང་དག་ཡིན་མིན་དང་ཁྲིམས་མཐུན་ཡིན་མིན་ལ་སློབ་སྦྱོང་ཞིག་བྱས་ན། རང་རྒྱལ་གྱི་བཅའ་ཁྲིམས་དང་རྩ་ཁྲིམས་སམ་ཡང་ན་བུད་མེད་ཀྱི་ཁེ་དབང་འགན་སྲུང་སྐོར་གྱི་བཅའ་ཁྲིམས་གང་ཡིན་རུང་། སྤྱི་ཚོགས་འཚོ་བའི་ཁྲོད་དུ་བུད་མེད་ལ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། ཁྱིམ་ཚང་གི་འཚོ་བ་སོགས་ཕྱོགས་སོ་སོའི་ཐད་ནས་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་ཕྱོགས་སྐོར་གྱི་བཅའ་ཁྲིམས།》ཀྱི་དོན་ཚན་དྲུག་པར་བཀོད་པ་ལྟར་ན། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་ཐད་ནས་སྐྱེས་པ་དང་བུད་མེད་ལ་འདྲ་མཉམ་གྱི་དབང་ཆ་ཡོད། འགན་གཙང་ལེན་སྐབས་རྩ་འཛུགས་དང་མི་སྒེར་སུ་ཡིན་རུང་བུད་མེད་ཀྱིས་ལོངས་སུ་སྤྱོད་པའི་ས་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་འཕྲོག་པ་དང་གནོད་འཚེ་གཏོང་མི་ཆོག
དེར་བརྟེན། གྲོང་གསེབ་ཀྱི་བུད་མེད་ཀྱིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་བརྒྱུད་རིམ་ཁྲོད་ཅི་ལྟར་རང་ཉིད་ཀྱི་དབང་ཆ་སྲུང་སྐྱོབ་བྱ་དགོས་པ་གཤམ་ལྟར།
གཅིག བུད་མེད་ནི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཡིན་པའི་ཆ་ནས།
གྲོང་གསེབ་ཀྱི་བུད་མེད་ཐོག་མར་སྐྱེས་པ་ནས་བཟུང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཡིན། བུད་མེད་ལ་མཚོན་ན་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་ལྡན། ས་གནས་འགར་ཕོ་མོའི་གོ་གནས་འདྲ་མཉམ་མིན་པར། ཕོ་མཆོག་མོ་དམན་ཏེ་བུད་མེད་ལ་སྤྱི་ཚོགས་ཐོག་གོ་གནས་ཤིན་ཏུ་དམན་སར་ཆགས་ཡོད་པར་མ་ཟད། ས་ཞིང་འགན་གཙང་ལེན་པའང་བྱ་མི་ཆོག དེར་བརྟེན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐུན་མོང་དཔལ་འབྱོར་རྩ་འཛུགས་འདིས་ས་ཞིང་འགན་གཙང་སྤྲོད་སྐབས། ཁྱིམ་ཚང་གི་མི་གྲངས་ལྟར་ཕོ་མོ་གང་ཡིན་ལ་མི་ལྟ་བར་འགན་གཙང་བླངས་པའི་ས་ཞིང་གི་ཐོབ་སྐལ་གཏན་འཁེལ་བྱ་དགོས་པ་དང་། དེ་བཞིན་དུ་བུད་མེད་ཐོག་མར་སྐྱེས་པ་ནས་བཟུང་ཐུན་མོང་དཔལ་འབྱོར་རྩ་འཛུགས་འདིས་འགན་གཙང་སྤྲད་པའི་ས་ཞིང་འགན་གཙང་ལེན་བྱེད་དབང་ཡོད།
གཉིས། མནའ་མར་ཕྱིན་པའི་བུད་མེད།
དངོས་ཡོད་འཚོ་བའི་ཁྲོད། གྲོང་གསེབ་ཀྱི་བུད་མེད་གཉེན་སྒྲིག་བྱེད་སྐབས་རྒྱུན་དུ་སྐྱེས་པའི་ཁྱིམ་དུ་གཞིས་ཆགས་པ་རེད། གནས་ཚུལ་ལ་ལའི་འོག་ཏུ་ཁྱོ་གའི་ཁྱིམ་ཚང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་གཞན་ཞིག་ལ་དབང་བ་དང་། གལ་སྲིད་བུད་མེད་དེས་སྡོད་གནས་གསར་པར་འགན་གཙང་བླངས་པའི་ས་ཞིང་མ་ཐོབ་ན། དེ་སྔའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནས་ཐོབ་པའི་འགན་གཙང་བླངས་པའི་ས་ཞིང་འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་ཕྱིར་བསྡུ་བྱ་མི་ཆོག
གསུམ། བཟའ་ཚང་ཁ་བྲལ་བའམ་བཟའ་ཟླ་ཤི་བ།
སྔར་བཞིན་དེ་སྔའི་སྡོད་གནས་སུ་འཚོ་བ་སྐྱེལ་བཞིན་པའམ། ཡང་ན་དེ་སྔའི་སྡོད་གནས་སུ་འཚོ་བ་མི་སྐྱེལ་ཡང་སྡོད་གནས་གསར་པར་འགན་གཙང་བླངས་པའི་ས་ཞིང་མ་ཐོབ་པ་ཡིན་ན། དེ་སྔའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་བུད་མེད་དེར་ཐོབ་པའི་ཐོག་མའི་འགན་གཙང་བླངས་པའི་ས་ཞིང་ཕྱིར་བསྡུ་མི་ཆོག །དེར་བརྟེན། གོང་གི་གྱོད་དཔེའི་ཁྲོད་དུ་བཟའ་ཚང་ཁ་བྲལ་ཟིན་ཞིང་། འོན་ཏེ་བུད་མེད་དེ་སྔར་བཞིན་ས་ཆ་དེར་སྡོད་འདོད་ཡོད་ན། ས་གནས་དེ་གའི་རྩ་འཛུགས་སམ་གྲོང་མིའི་ཨུ་ལྷན་གང་ཞིག་གིས་ཀྱང་བུད་མེད་དེའི་དེ་སྔའི་ས་ཞིང་འགན་གཙང་ལེན་གྱི་ཐོབ་སྐལ་ཕྱིར་བསྡུ་བྱ་མི་ཆོག །བུད་མེད་ལ་མཚོན་ན་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཐབས་མང་པོ་ཡོད།
གལ་སྲིད་དཀའ་ངལ་དེ་དག་ལ་འཕྲད་ཚེ་འོག་གི་བྱེད་ཐབས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆོག (1) གྲོང་གསེབ་ཀྱི་བུད་མེད་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ས་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་ཁྲིམས་འགལ་གྱིས་འཕྲོག་པ་དང་གནོད་འཚེ་བཏང་བའི་རིགས་ལ། གནོད་འཚེ་ཕོག་པའི་བུད་མེད་ཀྱིས་འགན་གཙང་སྤྲོད་མཁན་དཔེར་ན། ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་། གྲོང་མིའི་ཨུ་ལྷན་ནམ་ཡང་ན་གྲོང་མིའི་ཚོ་ཆུང་གིས་རང་ཉིད་ཀྱི་ཁེ་དབང་འདོད་ཚུལ་བཏོན་ཆོག (2) གྲོང་གསེབ་ཀྱི་ས་ཞིང་འགན་གཙང་སྤྲོད་ལེན་འདུམ་གཅོད་ལས་ཁུངས་ལ་འདུམ་གཅོད་རེ་ཞུ་བྱེད་པ་དང་། ཡང་ན་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ནས། དབང་གནོད་ཕྱོགས་དེས་བཙན་གནོད་མཚམས་འཇོག་དང་། སྔར་རྣམ་སླར་གསོ། གནོད་རྐྱེན་སེལ་བ། གུད་གསབ་འཇལ་བ་སོགས་ཀྱི་དམངས་དོན་འགན་འཁྲི་འཁུར་རྒྱུའི་རེ་བ་ཞུ་ཆོག དེ་བཞིན་བྱེད་ཐབས་འདི་དག་བརྒྱུད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་ནི་ཁྲིམས་མཐུན་ཡིན་ནོ། །