ཟླ་8ཚེས་4ཉིན། ཨ་རིར་བཅའ་སྡོད་ཀྲུང་གོའི་གསར་འགོད་པ་ལ་ད་ལྟའི་བར་དུ་འཐུས་མཆན་དུས་སྲིང་བྱས་མེད་པའི་དོན་དག་ལ་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་བྱ་སྤྱོད་ཀྱིས་ཀྲུང་གོའི་སྨྱན་སྦྱོར་གྱིས་ཨ་རིར་རྒྱུན་ལྡན་གྱི་གསར་འགོད་བྱེད་སྒོ་སྤེལ་བར་འགལ་རྐྱེན་ཚབས་ཆེན་བཟོས་ཤིང་། ཀྲུང་གོའི་སྨྱན་སྦྱོར་གྱི་མཚན་སྙན་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱུན་ལྡན་གྱི་མི་ཆོས་སྤེལ་རེས་ལ་འགལ་རྐྱེན་ཚབས་ཆེན་བཟོས་ཡོད། ཨ་རི་ཕྱོགས་ཀྱིས་ལམ་སང་ནོར་འཁྲུལ་ཡོ་བསྲང་བྱས་ནས། ཀྲུང་གོའི་སྨྱན་སྦྱོར་དང་གསར་འགོད་པ་ལ་ཆབ་སྲིད་ཀྱི་རྡུང་རྡེག་གཏོང་ཚམས་འཇོག་དགོས་པ་བཤད།
ཁོང་གིས། དུས་མཚམས་ཤིག་གི་རིང་། ཨ་རི་ཕྱོགས་ཀྱིས་འཇམ་འཐབ་ཀྱི་བསམ་གཞིག་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་ལ་བརྟེན་ནས་ཀྲུང་གོའི་སྨྱན་སྦྱོར་ལ་ཆབ་སྲིད་ཀྱི་རྡུང་རྡེག་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 2018ལོའི་ཟླ་12པར་ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་ཀྲུང་གོའི་སྨྱན་སྦྱོར་ཨ་རིར་བཅའ་སྡོད་སྒྲིག་གཞིར“ཕྱི་རྒྱལ་གྱི་ལས་ཚབ”ཀྱི་མིང་ཐོག་ནས་ཐོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 2018ལོ་ནས་བཟུང་ཀྲུང་གོ་ཕྱོགས་ཀྱི་གསར་འགོད་པ་20ལྷག་ཙམ་གྱི་འཐུས་མཆན་རེ་ཞུས་ལ་ཨ་རི་ཕྱོགས་ཀྱིས་དུས་བཀག་མེད་པར་ནར་འགྱངས་བཏང་བ་དང་ཐ་ན་ཆོག་མཆན་སྤྲད་མེད། 2020ལོའི་ཟླ་2པར། ཨ་རི་ཕྱོགས་ཀྱིས་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་སྒྲིག་གཞི་5“ཕྱི་རྒྱལ་གྱི་ཕོ་ཉའི་ཚོགས་པའི”ཁོངས་སུ་བཅུག་པ་དང་། དེ་མུར་ཡང་གོང་གསལ་སྨྱན་སྦྱོར་5ལ་མི་གྲངས་ཚོད་འཛིན་བྱས་ཏེ་ཐབས་ཚུལ་བསྒྱུར་ནས་ཀྲུང་གོའི་སྨྱན་སྦྱོར་གྱི་གསར་འགོད་པ་60“ཕྱིར་འབུད”བཏང་བ་རེད། ཟླ་5པར། ཨ་རི་ཕྱོགས་ཀྱིས་ཨ་རིར་བཅའ་སྡོད་ཀྲུང་གོའི་གསར་འགོད་པའི་འཐུས་མཆན་ཉིན་90ནང་ཚུན་དུ་ཚོད་འཛིན་བྱས་ཤིང་། ཟླ་6པར་ཨ་རི་ཕྱོགས་ཀྱིས་ཨ་རིར་བཅའ་སྡོད་ཀྲུང་གོའི་སྨྱན་སྦྱོར་4“ཕྱི་རྒྱལ་གྱི་ཕོ་ཉའི་ཚོགས་པའི” ཁོངས་སུ་འཇུག་པ་ཁྱབ་བསྒྲགས་བྱས་ཡོད་ཟེར།
ཝང་ཝུན་པིན་གྱིས། ཀྲུང་གོའི་སྨྱན་སྦྱོར་གྱི་གསར་འགོད་པས་གསར་འགྱུར་ལས་རིགས་ཀྱི་ཀུན་སྤྱོད་སྲུང་ཞིང་། དོན་དངོས་དང་མཐུན་ཞིང་དྲང་བདེན་དང་། ཡང་དག་པའི་རྩ་དོན་བརྩི་སྲུང་བྱས་ནས། ཨ་རི་ཚུད་པའི་འཛམ་གླིང་ས་ཆ་ཁག་ཏུ་རྒྱུན་ལྡན་གྱི་གསར་འགྱུར་སྤེལ་བཞིན་ཡོད། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་བྱེད་ཐབས་ཀྱིས་ཀྲུང་གོའི་སྨྱན་སྦྱོར་གྱིས་ཨ་རིར་རྒྱུན་ལྡན་ངང་གསར་འགོད་བྱེད་སྒོ་སྤེལ་བར་འགལ་རྐྱེན་ཚབས་ཆེན་བཟོས་ཤིང་། ཀྲུང་གོའི་སྨྱན་སྦྱོར་གྱི་མཚན་སྙན་ལ་གཏོར་བརླག་ཚབས་ཆེན་བཏང་བ་དང་། རྒྱལ་ཁབ་གཉིས་བར་གྱི་རྒྱུན་ལྡན་གྱི་མི་ཆོས་སྤེལ་རེས་ལ་འགལ་རྐྱེན་ཚབས་ཆེན་བཟོས་ཡོད་ཟེར།
“ཨ་རིས་ཕྱོགས་གཅིག་ནས་གསར་འགྱུར་རང་དབང་འུད་བསྟོད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་སྨྱན་སྦྱོར་གྱིས་ཨ་རིར་རྒྱུན་ལྡན་གསར་འགོད་སྤེལ་བ་ལ་འགལ་རྐྱེན་བཟོས་པས། ཨ་རི་ཕྱོགས་ཀྱིས་‘གསར་འགྱུར་རང་དབང’ཟེར་བའི་གཡོ་ཟོལ་རང་བཞིན་དམར་རྗེན་དུ་བཏོན་པ་དང་། དེ་ནི་མངོན་སུམ་འཛེམ་མེད་ཀྱི་‘ཚད་གཞི་ཉིས་བརྩེགས’དང་བཙན་དབང་བརྙན་བཅོས་རེད”ཅེས་ཝང་ཝུན་པིན་གྱིས་བཤད།
ཝང་ཝུན་པིན་གྱིས། མིག་སྔའི་གནས་ཚུལ་འདི་འདྲ་བཟོས་པའི་འབྱུང་རྐྱེན་དང་འགན་འཁྲི་ཚང་མ་ཨ་རི་ཕྱོགས་ལ་ཡོད། ཨ་རི་ཕྱོགས་ཀྱིས་ལམ་སང་ནོར་འཁྲུལ་ཡོ་བསྲང་བྱས་ནས། ཀྲུང་གོའི་སྨྱན་སྦྱོར་དང་གསར་འགོད་པ་ལ་ཆབ་སྲིད་ཀྱི་རྡུང་རྡེག་བྱེད་མཚམས་འཇོག་དགོས། “གལ་ཏེ་ཨ་རིས་རང་འདོད་ཁེར་སྒྲུབ་བྱས་ནས། ནོར་འཁྲུལ་ཐོག་ནོར་འཁྲུལ་བརྩེགས་ན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་དང་ལུགས་མཐུན་གྱི་ལན་མི་སྤྲོད་ཐབས་མེད་ཡིན་ཞིང་། རང་ཉིད་ཀྱི་ལུགས་མཐུན་གྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།”
ཤང་ཀང་དུ་ཡོད་པའི་ཨ་རིའི་གསར་འགོད་པ་ལ་ཤུགས་རྐྱེན་ཐེབས་མིན་གྱི་ཐད། ཝང་ཝུན་པིན་གྱིས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ནི་ཀྲུང་གོའི་གྲུབ་ཆ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་ཀྲུང་གོའི་སྨྱན་སྦྱོར་ཨ་རིར་བཅའ་སྡོད་སྒྲིག་གཞི་ལ་རྒྱུ་མཚན་མེད་པར་རྡུང་རྡེག་བཏང་བ་ལ་དམིགས་ནས་དགོས་ངེས་དང་ལུགས་མཐུན་གྱི་ལན་སྤྲོད་རྒྱུ་དེ་ནི་ཀྲུང་དབྱང་སྲིད་གཞུང་གི་ཕྱི་འབྲེལ་འགན་དབང་ཀྱི་ཁོངས་སུ་གཏོགས་པ་ཡིན་ཞེས་བསྟན།
http://tibet.people.com.cn/15819817.html