ལེ་པ་ནོན་གྱི་རྒྱལ་སའི་གྲུ་ཁར་འབར་རྫས་འབར་ནས་མི་73རྐྱེན་ལམ་དུ་ཤོར་བ་དང་མི་3700ལ་རྨས་སྐྱོན་ཕོག་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-06



    ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ལེ་པ་ནོན་གྱི་རྒྱས་ས་པེ་ལུའུ་ཐེའི་གྲུ་ཁར་ཚེས་4ཉིན་གྱི་དགོང་མོར་འབར་གས་ཆེན་པོ་ཞིག་བྱུང་བ་དང་། མིག་སྔར། མི་73རྐྱེན་ལམ་དུ་ཤོར་བ་དང་། མི་3700ལ་རྨས་སྐྱོན་ཕོག་ཡོད།
    ས་གནས་དེ་གའི་དུས་ཚོད་ཚེས་4ཉིན་གྱི་ཆུ་ཚོད་18དང་སྐར་མ་10ཡས་མས་སུ། པེ་ལུའུ་ཐེ་གྲུ་ཁར་འབར་གས་ཆེན་པོ་ཞིག་བྱུང་བ། 
    འབར་གས་ཀྱིས་པེ་ལུའུ་ཐེའི་སྲང་ལམ་མང་པོའི་སྡོད་ཁང་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པ་དང། གང་ས་ནས་སྐྱོན་ཆག་ཤོར་བའི་སྐྲུན་དངོས་དང་ཤེལ་སྒོའི་ཆག་རོ་མཐོང་རྒྱུ་ཡོད། འབར་གས་བྱུང་སའི་ཉེ་འཁོར་གྱི་ཨ་ཧྲི་ལ་ཝུན་ཡེ་སྲང་ལམ་གྱི་གྲོང་མི་པི་ལེར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དོན་རྐྱེན་ཐོན་སྐབས་སྲང་ལམ་ཚང་མ་“གེགས་བར་ཆེན་པོ་ཐེངས་ཤིག་འཕྲད་པ་ལྟར་དུ་འགྱུར་ཞིང་”  མི་མང་པོར་རྨས་སྐྱོན་ཕོག་འདུག་ཅེས་བརྗོད། ས་གནས་དེ་གའི་སྨན་སྦྱོར་གྱིས་གསར་འགྱུར་སྤེལ་བར་གཞིགས་ན། འབར་གས་བྱུང་ཁུལ་ནས་སྤྱི་ལེ་10ཡི་མཚམས་ཀྱི་ཙུང་ཐུང་ལས་ཤག་ལའང་གནོད་འཚེ་ཕོག་ཡོད་པ་རེད། 
    འབར་གས་བྱུང་རྗེས། མྱུར་སྐྱོབ་རླངས་འཁོར་མང་པོ་ཡུལ་དངོས་སུ་སླེབས་ནས་རྨས་སྐྱོན་ཕོག་པའི་མི་སྣ་དབོར་བ་དང་། མེ་གསོད་རླངས་འཁོར་མང་པོ་ཡུལ་དངོས་སུ་སླེབས་ནས་མེ་བསད་པ་དང་དམག་ཕྱོགས་ཀྱིས་ཀྱང་ད་དུང་ཐད་འཕུར་གནམ་གྲུ་མང་པོ་བཏང་ནས་མེ་གསོད་པར་རོགས་སྐྱོར་བྱས་ཡོད་པ་རེད།
     ལེ་པ་ནོན་འཕྲོད་བསྟེན་པུའི་པུའུ་ཀྲང་ཧ་སང་གིས་དེ་ཉིན། བསྡོམས་རྩིས་རགས་ཙམ་བྱས་པ་ལས་མངོན་གསལ། འབར་གས་ཀྱིས་ཉུང་མཐར་ཡང་མི་73རྐྱེན་ལམ་དུ་བཏང་ཡོད་པ་དང་མི་3700ལ་རྨས་སྐྱོན་བཟོས་ཡོད་ཅེས་བརྗོད་པ་དང་། པེ་ལུའུ་ཐིའི་སྨན་ཁང་གི་སྨན་བཅོས་ནུས་པ་ཆེན་པོ་མེད་པས་ཁོང་གིས་ཤི་རྨས་བྱུང་བའི་མི་སྣ་མཐའ་འཁོར་སྨན་ཁང་དུ་ཁ་འགྲེམས་བྱ་རྒྱུའི་འབོད་སྐུལ་བྱས་པ་དང་ཆབས་ཅིག་སྨན་དོན་མི་སྣ་ཚང་མས་རྨས་མ་སྐྱོབ་བཅོས་བྱེད་པའི་ནང་ཞུགས་རྒྱུའི་འབོད་སྐུལ་བྱས་པ་རེད།

   ལེ་པ་ནོན་གྱི་ཙུང་ལི་ཏི་ཡ་པོས་དེ་ཉིན་འབར་གས་བྱ་ཡུལ་ལ་གཟིགས་ཞིབ་གནང་བ་དང་།  དེ་རྗེས་ཚེས་5ཉིན་ནི་རྒྱལ་ཡོངས་ཀྱི་མྱ་ངན་ཞུ་བའི་ཉིན་མོ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ལེ་པ་ནོན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་རམ་རེ་ཞུ་བྱ་རྒྱུ་ཡིན་པ་བརྗོད་པ་རེད།




http://tibet.people.com.cn/15819785.html 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1