༄༅།།བོད་ཀྱི་མཆོད་སྦྱིན་རིག་གནས་ལས་གཏོར་མའི་རྣམ་གཞག་གླེང་བ།

གནམ་ལྷ་མཁར། རིན་ཆེན་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། 08-12


        [ནང་དོན་གནད་བསྡུས།] རྩོམ་འདིར་གཞུང་ལས་སྨན་རཀ་གཏོར་གསུམ་དུ་ཕྱེ་བའི་ནང་ཚན་གཏོར་མའི་རྣམ་གཞག་ཅུང་ཟད་ཞིབ་མོར་གླེང་བར་བྱས་ཡོད་ལ། རིམ་བཞིན་གཏོར་མའི་འབྱུང་ཁུངས་དང་རིགས། དབྱིབས་དང་ཁ་དོག གཏོར་མའི་མཆོད་སྦྱིན་གྱི་ཕན་ཡོན་དང་དམིགས་བསྐྱེད་གྱི་རིམ་པ་སོགས་ཆོས་གཞུང་དང་འབྲེལ་ཅི་ཐུབ་གྱིས་བྲིས་ཡོད་པས་བོད་ཀྱི་གཏོར་མའི་མཆོད་སྦྱིན་གྱི་རིག་གནས་ལ་ངེས་ཆ་གསལ་པོར་སྟེར་ཐུབ་སྙམ་མོ། །
        [གནད་ཚིག] གཏོར་མ། འབྱུང་ཁུངས། རིགས། ཕན་ཡོན།
དང་པོ། གཏོར་མའི་འབྱུང་ཁུངས།
        བོད་དུ་དམངས་ཁྲོད་དང་དགོན་སྡེ་ས་དགེ་བཀའ་རྙིང་གཡུང་དྲུང་བོན་སོགས་གྲུབ་མཐའ་གང་ཡིན་ཀྱང་གཏོར་བཅོས་ཀྱི་ཆོ་གའི་རྣམ་གཞག་ཆ་ཚང་བ་རེ་ཡོད་པས་གཏོར་མའི་མཆོད་པ་འདི་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་ལུགས་རིག་གནས(ཆོ་ག)ཤིག་དང་། མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྲས་སུ་བརྩི་ཆོག་པའི་ཆོས་ལུགས་ཀྱི་མཚོན་རྟགས་དམིགས་བསལ་ཉིད་དུ་གྲུབ་པས་ཡུལ་གྲུ་གཞན་ནས་བོད་གངས་ཅན་ན་གཡག་དང་གཏོར་མ་ཟེར་པ་གཉིས་ཐུན་མོང་མ་ཡིན་པ་ཞིག་ལ་ལྟ་རུ་འོང་བའི་ཟེར་སྒྲོས་ཡོད་པ་བཞིན་ནོ། །དགོན་སྡེ་ཁག་ཏུ་ཟན་ལས་བཅོས་པའི་གཟུགས་དབྱིབས་རྣམ་པ་སྣ་ཚོགས་ཅན་གྱི་གཏོར་མའི་རིགས་མང་པོ་མཐོང་རྒྱུ་ཡོད་ཅིང་འགའ་ཞིག་མར་ཚོན་གྱི་རྒྱན་རིས་དུ་མས་སྤུད་པ་མཐོང་པ་ཙམ་གྱིས་ཡིད་འཕྲོག་ལ་འབྲི་མོག་དང་དྲེག་པ། ཚོན་རྩི་སྔོན་པོ་སོགས་བྱུགས་ཤིང་འཇུར་མིག་དང་མེ་རིས་བརྒྱན་པའི་འཇིགས་རྔམ་ཅན་གྱི་གཏོར་མ་ཡོད། གཏོར་མ་ལ་ཆུང་བ་ཡུངས་འབྲུ་ཙམ་དང་ཆེ་བ་མི་ལུས་ལས་ཆེ་བར་གསུངས་ལ་འཕྲལ་མར་བཟོས་ཚར་པའི་གཏོར་མ་ཡོད་ཅིང་ཉིན་ཞག་དང་ཟླ་བ་ཁ་ཤས་དཀའ་ལས་བརྒྱབ་ནས་བཞེངས་དགོས་པའང་ཡོད། རང་རེ་བོད་ཀྱི་གདོད་མའི་རིག་གནས་ཏེ་སྔོན་བོན་ཆོས་སུ་གཏོར་འཕེན་གྱི་ཆོས་ལུགས་ཆོ་ག་ཡོད་དེ། གཡུང་དྲུང་ལྷའི་བོན་མདོ་འདུས་རིན་པོ་ཆེའི་རྒྱུད་ལས“མོ་མ་ཀུན་ཤེས་ཐང་པོ་དང་། །བོན་གྱི་འཁོར་ལོ་ཕྱོགས་བཞིར་བསྐོར། །གཏོ་སྤྱད་འབུམ་སྡེ་གཏན་ལ་ཕབ། །” [1]ཅེས་དང་ཡང་དེ་ཉིད་ལས“སྣང་གཤེན་ལྷ་ལ་ཡོན་འབུལ་ཞིང་། །བགེགས་ལ་ལན་ཆགས་གླུད་གཏོར་རེ། །དགེ་སྤྱོད་སྡིག་སྤོང་ཕན་པ་སྒྲུབ། །”[2]ཅེས་འབྱུང་བར་དཔགས་ན་གཏོར་མའི་མཆོད་སྦྱིན་གྱི་ཆོ་ག་སྔ་མོ་ནས་ཡོད་པ་ཤེས་སླ་ཞིང་། ཡང《སྣང་སྲིད་སྤྱི་མདོས》ལས། “བདུད་བོན་གྱི་དམར་ཐབས་ལ། །གཤེན་རབ་ནི་ཅི་དགྱེས་ཏེ། །ཁྱབ་པ་ནི་ཆམ་ལ་ཕབ། །འབྲུ་དཀར་གྱི་གཏོར་མས་མཆོད། །དམར་ཐབས་ཀྱི་འདྲེས་བྱུང་ན། །གཤེན་ལྷ་ལ་ནོངས་པ་མཐོལ། །” [3]ཞེས་བསྟན་པ་ལྟར་ན་སྟོན་པ་གཤེན་རབ་མི་བོ་ཆེ་ནས་སྲིད་པ་རྒྱུད་བོན་གྱི་དམར་མཆོད་ཀྱི་ཆོ་ག་ལ་བཅོས་པ་མཛད་དེ་གཏོར་མ། བསང་། བརྔན། གཡང་། མདོས། ཀླུ། གླུད། གཉན། འདུར། དཔྱད། མོ། རྩིས། གཏོ་སོགས་མཆོད་ནས་འཇིག་རྟེན་གྱི་བདེ་སྡུག་སྒྲུབ་པའི་སྲོལ་ནི་བོད་དམངས་ཁྲོད་དུ་དུས་སྔ་མོ་ནས་དར་ཁྱབ་ཆེ་བ་རྟོགས་ནུས་ཤིང་། དུས་རབས་བརྒྱད་པའི་སྐབས་ཀྱི་བོན་གཤེན་མཁས་པ་དམུ་བོན་དྲན་པ་ནམ་མཁའ [4]དང་བ་གོར་བེེ་རོ་ཙ་ན་གཉིས་ནས་བོན་གྱི་གཏེར་ཆོས་སྦས་པར་གྲགས་པའི་དཔེ་ཐོ་ནང《མཆོད་གཏོར་རྒྱ་ཆེར་འགྲེལ》[5] ཞེས་བྱ་བ་ཞིག་བྱུང་ལ་འདི་དག་ལས་ངེས་ཤེས་རྙེད་པ་ནི་གཏོར་མའི་མཆོད་སྦྱིན་གཏོང་ཚུལ་གྱི་གཞུང་དང་ཕྱག་ལེན་རྒྱུན་འཇགས་སུ་ཡོད་པ་ཤེས་སླ་བར་གྱུར་ཏོ། །དེ་བཞིན་དུ་ནང་པའི་གཞུང་ནས་གཏོར་མ་འདི་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་ཡི་དྭགས་མ་ཁ་ལ་མེ་འབར་དང་ཀུན་དགའ་བོའི་དོན་དུ་གསུངས་པ་ནི། 《གཏོར་མའི་དེ་ཉིད་བདུད་རྩིའི་དགའ་སྟོན》ལས། “དེ་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ། དབེན་པར་སྤྱོད་ཚེ་ཡི་དྭགས་མི་སྡུག་པ། །ཁ་ནས་མེ་འབར་ཅིག་གིས་འདི་སྐད་ཅེས། །ཁྱོད་ནི་ཉིན་ཞག་བདུན་ན་དུས་བྱས་ཏེ། །ཡི་དྭགས་གནས་སུ་སྐྱེ་བར་འགྱུར་ཞེས་གསུངས། །དེ་ལ་སྐྱོབ་ཕྱིར་སྟོན་པས་འདི་སྐད་ཅེས། །ང་སྔོན་བྲམ་ཟེ་ཞིག་ཏུ་གྱུར་པ་ན། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་དང་། །དེ་བཞིན་གཤེགས་པ་དབང་ཕྱུག་ཡོན་ཏན་ལ། །གཟི་བརྗིད་ཚད་མེད་དབང་དུ་གྱུར་པ་ཡི། །འོད་ཟེར་རྣམ་པར་རྒྱལ་བའི་ཤུགས་ཞེས་པ། །གཟུངས་སྔགས་ཟབ་མོ་འདི་ནི་ཐོས་གྱུར་ནས། །ཡི་དྭགས་རྣམས་ལ་གཏོར་མ་བྱིན་བྱས་པས། །ཐམས་ཅད་མཐོ་རིས་ལྷ་རུ་སྐྱེས་གྱུར་ཏོ། །དགའ་བོ་ཁྱོད་ཀྱིས་ཟས་གཙང་ཆུ་སྦྱར་བ། །སྔགས་ཀྱིས་བསྔོས་ནས་གཙང་བར་བླུགས་བྱས་ན། །ཚེ་དང་བསོད་ནམས་རྣམ་པར་འཕེལ་འགྱུར་ཞིང་། །ཁ་འབར་མས་གཙོས་ཡི་དྭགས་གངྒའི་ཀླུང་། །བྱེ་བ་ཁྲག་ཁྲིག་འབུམ་ཁྲག་དུ་མ་ཡིས། །བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ལ། །མ་ག་དྷ་ཡི་བྲེ་ཆེན་བདུན་བདུན་གྱི། །བཟའ་བཏུང་བྱིན་པར་འགྱུར་ཞིང་དེ་ཐོབ་ནས། ། ཚིམ་ཞིང་རངས་ཏེ་ལྷ་ཡུལ་སྐྱེ་བར་འགྱུར། །” [6] ཞེས་གསལ་བ་དང་། ཡང་མདོ་ལས། “པདྨ་ལྟ་བུའི་ཟན་གྱི་གཏོར་མ་བཞི་བཞག་པར་བྱའོ། །འབྲས་ཆན་དང་འོ་ཐུག་བསྲེས་པ་དང་། ཞོ་དང་འོ་མ་བཞག་པར་བྱའོ། །”[7]ཞེས་དང་ཡང་དེ་ཉིད་དུ། “སངས་རྒྱས་བཅོམ་ལྡན་འདས་དང་དྲང་སྲོང་ཆེན་པོ་རི་བྱི་དང་རྡོ་རྗེ་འཛིན་པ་བྲིས་ལ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ།གནས་མཐོན་པོར་གཟུགས་སོ། །གཏོར་མ་དང་མེ་ཏོག་དང་བདུག་པ་དག་ཀྱང་དབུལ་ལོ། །”[8]ཞེས་གསུངས་འདུག་ལ《བསྟན་འགྱུར།》གྱི་སྣ་ཚོགས་ལེའུ་པོད་པ་རུ་སློབ་དཔོན་བློ་བཟང་སེང་གེས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་དཱི་པ་ཀ་ར་དང་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲས་བསྒྱུར་པའི་གཏོར་མའི་ཕྲེང་བ་ཞེས་པའི་གཏོར་མའི་གཞུང་སྐོར་འདུག་པ་ཡང་གསུངས་སོ། ། [9]རྗེས་སུ་སློབ་དཔོན་པདྨའི་《རྒྱག་བརྔན་ལྷ་བསངས》དང་འགྲོ་མགོན་ཕག་མོ་གྲུ་པའི《གཏོར་མའི་དེ་ཉིད་བཞུགས་སོ》 ཞྭ་དམར་སྐུ་ཕྲེང་ལྔ་པའི《གཏོར་མའི་དེ་ཉིད་བདུད་རྩིའི་དགའ་སྟོན》རྒྱལ་བ་དབེན་ས་པའི《གཏོར་མ་བརྒྱ་རྩ་ཆ་ལག་ཚང་བ》 ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི《གཏོར་མའི་ལག་ལེན་ཚིག་ཉུང་དོན་གསལ་འཁྲུལ་སྤོང་ཉིན་བྱེད》ཞ་ལུ་དགོན་གྱི་དཔེ་རྙིང་ཁྲོད་དུ“སངས་རྒྱས་ཀུན་གྱི་དམ་ཚིག་གི་རབ་གནས་རྒྱུད་ཆེན་པོ་ལེའུ་ཉེར་གཅིག་པ་རྫོགས་སོ་བྱ་བ་དང་གཏོར་མའི་དེ་ཁོ་ན་ཉིད་ལ་སོགས་པ་བོད་ཡིག་ཁ་བྱང་མང་པོ་བཏབ།དཔེ་རིང་ལྡེབ་བཅུ་དྲུག་ཙམ་མཆིས་སོ། །”[10]ད་དུང་ཏུན་ཧོང་ཡིག་རྙིང་ན་གཏོར་མ་འབུལ་བའི་ཆོ་ག་དང་གཏོར་མ་བསྔོ་ཚུལ་དང་གཏོར་མའི་ཕན་ཡོན་བསྟན་པའི་ཡིག་ཆ་ཡོད་པ་བདག་གིས་དངོས་སུ་མཐོང་ལ་འདི་དག་ནི་གཏོར་མའི་སྐོར་ལ་ཞིབ་འཇུག་དཔྱད་གཞིར་འཛིན་པ་རིན་ཐང་གཞལ་དུ་མེད་པ་ཡིན་ནོ། །ཡང་རྒྱ་གར་པས“བ་ལིང”ཞེས་པ་གཏོར་མའི་མིང་གི་རྣམ་གྲངས་སུ་བཞེད་ཅིང་དོན་དམ་དུ་རྒྱ་གར་པའི་བ་ལིང་བཅའ་སྟངས་དང་རང་རེའི་བོད་ཀྱི་གཏོར་མ་གཉིས་ལ་ཁྱད་པར་ཆེ་བར་གསུངས་སྟེ། 《གཏོར་མའི་དེ་ཉིད་བདུད་རྩིའི་དགའ་སྟོན》ལས། “བ་ལིང་ཞེས་བྱ་སྟོབས་དང་ནུས་པ་ལ། །འཇུག་སྟེ་བྷོ་ཊའི་བརྡ་ལས་གྲངས་པའི་སྒྲ་བཤད་ལ། །ཆགས་མེད་ཡོངས་སུ་གཏོང་བས་གཏོར”[11]ཞེས་ཁྱད་པར་ཟུར་ཙམ་གླེང་ཡོད་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི《རྒྱལ་ཁམས་རིག་པའི་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》ལས། “མེ་ཏོག་དང་། ཏམྦུ་ར་དང་། འབྲས་སྐམ་པོ་རྣམས་མཆོད་རྫས་གཙོ་བོ་ཡིན། གཏོར་མ་ནི་འབྲས་དང་ཁུར་བ་སོགས་མིའི་ཟ་ལུགས་དེ་ལྟར་བྱས་ཏེ་ཕུལ་བ་ལས། རང་རེ་བཞིན་རྩེ་མོ་རིང་པོ་སོགས་དབྱིབས་སྣ་ཚོགས་པར་བྱེད་པ་མེད། དེ་འདྲ་བྱེད་པ་སྔོན་གྱི་ཆོ་ག་སོགས་ན་ཡང་མེད་ཟེར་པས་བོད་རང་གི་སྲོལ་ཡིན་པར་སེམས། བླ་མ་སོག་བཟློག་པས་རྒྱ་བྲིས་ཀྱི་ཐང་ཀ་ལ་གཏོར་མ་འདུག་བྱ་བ་མཆོད་རྫས་གཞན་ཞིག་ལ་ནོར་བའམ། ཐང་ཀ་དེ་བལ་བོ་ཞིག་གིས་བོད་དུ་བྲིས་པ་ཡིན་མཆི།བོད་ཀྱི་ཕ་མེས་རྣམས་གངས་རི་ལ་བརྩི་བསམ་ཞྭ་མོ་དང་གཏོར་མ།ལྷ་རྟེན་སོགས་ཀྱི་རྩེ་མོ་རྣོ་རྩེ་རེ་ཡོད་པ་ཞིག་ལ་དགའ་བ་ཡིན། ཡང་དག་པར་ན་འདི་དག་གཡུང་དྲུང་བོན་གྱི་ཕྱག་ལེན་དུ་སེམས།” [12]ཞེས་གསུངས་ལ། ཡང་དེ་ཉིད་ལས། “ཨག་བྷར་གྱི་རྒྱལ་པོས་བོད་དུ་སོང་བའི་རྒྱ་གར་གྱི་མི་ལ་དེ་ལ་ངོ་ལ་ཅི་མཐོང་གི་སྐད་ཆ་དྲིས་ཚེ།ཁོ་ན་རེ། ངོ་མཚར་མང་དུ་མཐོང་མོད་ཀྱང་། ཆེས་ངོ་མཚར་པ་ནི་གཉིས་མཐོང་སྟེ། གཅིག་ནི་བླ་མ་རྣམས་ཀྱིས་ཟན་དང་མར་ལས་བྱས་པའི་གཏོར་མ་བྱ་བ་ངོ་མཚར་ཅན་ཞིག་བྱེད་པར་མཐོང་།”[13]སོགས་མཚོན་གོང་གི་དཔྱད་གཞི་དག་གི་ཁུངས་དང་འབྲེལ་ནས་རིགས་པ་ཅིག་གཤིབ་ན་ད་རག་བར་དུ་བརྒྱུད་པའི་གཏོར་མའི་མཆོད་སྦྱིན་གྱི་རིག་གནས་འདི་ཕྱོགས་ཆེ་ས་གཅིག་ནི་བོད་ཀྱི་གདོད་མའི་གསོལ་མཆོད། གཉིས་གཡུང་དྲུང་བོན་གྱི་གྲུབ་མཐའ། ནང་པ་སངས་རྒྱས་པའི་ཆོས་ལུགས་དང་བ་ལིང་གི་ཆོ་ག་གསུམ་ནས་གྲུབ་པ་སུས་ཀྱང་བསྙོན་དུ་མེད་ལ། “ཆོས་ལུགས་ནི་སྤྱི་ཚོགས་ཀྱི་ལོ་རྒྱུས་སྣང་ཚུག་ཞིག་ཡིན། དེ་ནི་མི་རྣམས་ཀྱི་སྤྱི་ཚོགས་འདུ་ཤེས་ཀྱི་མངོན་ཚུལ་ཞིག་སྟེ། རང་ཉིད་ཀྱི་ལས་དབང་ལ་ཚོད་འཛིན་མི་ཐུབ་པའི་མི་རྣམས་རང་བྱུང་ཁམས་དང་སྤྱི་ཚོགས། མི་ཚེ་སོགས་ལ་གདོང་གཏོད་སྐབས་རང་རྟོགས་ཀྱི་འདུ་ཤེས་ཤིག་སྐྱེས་ནས་རང་ཉིད་དཀའ་ངལ་དང་འཇིགས་སྐྲག་ལས་ཐར་པའི་དོན་དེ་འཇིག་རྟེན་ལས་འགོངས་པའི་སྟོབས་ཤུགས་ལ་སྐྱབས་བཅོལ་པ་དང་། འཇིག་རྟེན་ལས་འགོངས་པའི་སྟོབས་ཤུགས་དེ་རང་གི་ལས་དབང་དང་བསམ་པའི་སྐྱབས་གནས་སུ་འཛིན་པ”[14]བཞིན་ཆོས་ལུགས་ནི་གདོད་མའི་དུས་སྐབས་སུ་བྱུང་བའི་མིའི་རིགས་ཀྱི་བསམ་པའི་འདུ་ཤེས་མཚོན་ཚུལ་ཞིག་ཀྱང་ཡིན་ཏེ། གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྣང་ཚུལ་རྣམས་རང་གི་བློ་ངོར་མི་ཤོང་བས་སྣང་སྲིད་ལྷ་ཀླུ་གཉན་གཞི་བདག་དང་བཅས་པ་ལ་མཆོད་སྤྲིན་ལ་གླུད་གཏོང་པ་སོགས་ལྟ་ཅི་མི་ཤ་དང་རྟ་ཤ མི་ཁྲག་དང་རྟ་ཁྲག་སོགས་མཆོད་པ་བཞིན“བོད་ཀྱི་གདོད་མའི་ཆོས་ལུགས་ལ་མི་གསོན་པོའི་སྲོག་ཚབ་ཏུ་ནོར་ཕྱུགས་སོགས་སེམས་ཅན་དེའི་འདྲ་གཟུགས་བཅོས་ནས་སྔགས་དང་སྨོན་ལམ་བཏབ་སྟེ་གཏོང་བའི་སྲོལ་ཆགས་པ་ཡིན་ལ།” [15] མི་རིགས་ཀྱི་ཤེས་རིག་དང་གོ་རྟོགས་འགྱུར་བ་བྱུང་ནས་ཆོས་ལུགས་ལའང་འགྱུར་བ་བྱུང་ངོ་། །གང་ཟག་དེས་མིའི་འདོད་བློ་དང་བློ་ཁ་ལ་བསྟུན་ནས་མི་ཕྱུགས་ཟོག་དམར་བཤས་ཀྱིས་མཆོད་པའི་ཚབ་ཏུ་ཟན་ལ་གཟུགས་གང་དགོས་བཅོས་ནས་གླུད་རྫོང་བ་དང་། ཤ་ཁྲག་གི་དོད་དུ་ཟན་དང་ཆབ་ལ་དྲེག་པ་དང་འབྲི་མོག་གི་རྩི་བྱུག་པ་བཅས་བརྔན་སྟེར་པའི་ཆོ་ག་ཚུགས་པ་ནི་གཏོར་མའི་འབྱུང་ཁུངས་ཡིན་པར་འདོད་ན་རིགས་པ་དང་འགལ་ཆེར་མེད་དོ་སྙམ།
གཉིས་པ། གཏོར་མའི་གོ་དོན་དང་གཏོར་མའི་རྒྱུ།
        1. གཏོར་མའི་གོ་དོན།
        སྤྱིར་གཏོར་མ་ཞེས་པའི་ཐ་སྙད་འདིའི་མིང་གི་ཐོགས་ཚུལ་དང་དོན་ཇི་ལྟར་འགྲེལ་ཚུལ་ཅུང་ཟད་གླེང་ན། 《གཏོར་མའི་དེ་ཉིད་བདུད་རྩིའི་དགའ་སྟོན》དུ། “ཆགས་མེད་ཡོངས་སུ་གཏོང་བས་གཏོར། །སྡང་མེད་བུ་ལྟར་བརྩེ་བས་མར་བརྗོད་དེ། །”[16]ཞེས་དང་། 《གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས》ལས། “གཏོར་མ་ཞེས་པའི་འཛིན་རྟོགས་མཚན་མ་གཏོར་བས་གཏོར་ཅེས་དང་། རིག་པའི་ཡེ་ཤེས་བསྐྱེད་པའི་མ”[17] ཞེས་བྱ་ལ། འགྲོ་མགོན་ཕག་གྲུ་པའི《གཏོར་མའི་དེ་ཉིད་བཞུགས་སོ》ཞེས་པ་ལས། “མ་ཆགས་ཤིང་ཆགས་པ་མེད་པར་གཏོང་བའོ། །མ་ཞེས་པ་ནི་མི་སྡང་ཞིང་སྡང་བ་མེད་པ་སྟེ། ཀུན་མཉམ་པར་གཏོང་བའོ། །”[18]ཞེས་པ་སོགས་ནི་དོན་དུ་དགོངས་པ་གཅིག་ཏུ་འབབ་སྟེ་གཏོར་མའི་ངེས་ཚིག་གི་གོ་དོན་ཡིན་ཅིང་། གཏོར་མའི་དོན་དངོས་དེ་འཇོག་ན་ངོ་བོའི་སྒོ་ནས་འཇོག་དགོས་ཏེ། གཏོར་མ་ཞེས་པ་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡིན་ལ། དོན་དངོས་ཐོག་ནས་བསམས་ན་གཏོར་མའི་ངོས་ལ་ཚོགས་གསག་རྒྱུ། གསོག་མཁན། བསག་ཐབས་ཀྱི་འཁོར་རམ་དོན་གསུམ་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་པས། དེ་འདྲ་ཡོད་པ་འཛིན་པའི་བློ་སྐྱོན་རྣམ་པར་དག་པ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་དོན་ཡིན་པར་གསུངས་པ་ཡོད་ལ། འཛིན་རྟོག་གཏོར་བས་གཏོར་དང་རིག་པ་ཡེ་ཤེས་བསྐྱེད་པས་མ་ཞེས་པ་བཞིན་ཐབས་དང་ཤེས་རབ་ཀྱི་སྒོ་ནས་ཚོགས་གཉིས་ཡ་མ་བྲལ་པར་གསོག་པའི་དོན་ལ་གཞོལ་པ་འདི་གོ་དོན་དངོས་ལ་འཇོག་གོ །གཏོར་མ་ལ་ཕྱི་ནང་གསང་བ་དོན་གྱི་གཏོར་མ་དང་། ཆོས་སྐྱོང་སྡེ་བརྒྱད་ཀྱི་གཏོར་མ་དང་སྤྱི་གཏོར་སོགས་རིགས་དབྱེ་མང་དུ་ཡོད་པ་འོག་ནས་བཤད་པར་བྱའོ། །
        2. གཏོར་མའི་རྒྱུ།
        གདོད་མའི་སྤྱི་ཚོགས་སུ་མཆོད་བཀུར་བྱེད་སྟངས་མང་ཆེ་ཤས་དམར་མཆོད་དུ་མངོན་མོད། རྗེས་སུ་གནག་ཕྱུགས་སོགས་དམར་མཆོད་འབུལ་བ་བསྒྱུར་ཏེ་ཤའི་དོད་དུ་ཟན་དང་ཁམ་པ། ཁྲག་གི་དོད་དུ་སྐྱེམས་དང་ཆབ་ཆུ་སོགས་མཆོད་པ་ནས་བཟུང་། ཡར་ལྷ་རྒན་ལ་མཆོད་བཀུར་དང་མར་ཀླུ་མོ་ལ་དད་གུས་བྱེད་པའི་ཆོ་ག་དེ་དམར་མཆོད་ནས་དཀར་མཆོད་དུ་ཁ་ཕྱོགས་སུ་འཕེལ་ལོ། ། དུས་ད་ལྟའང་གཏོར་མའི་རྒྱུ་གཙོ་བོ་རྩམ་ཕྱེས་བཟོས་པའི་ཟན་ཏེ་ལྷ་བཤོས་དང་གླུད་སོགས་སྣོད་བཅུད་ཀྱི་གཟུགས་དབྱིགས་སྣ་ཚོགས་པ་བཟོ་ཞིང་དཀར་རྒྱན་དང་དམར་རྒྱན། ནག་རྒྱན་སོགས་གང་ལ་ཅི་མཁོ་བཞིན་གཙང་མར་བརྒྱན་ནས་མཆོད་ཅིང་ཕུན་ཚོགས་སྡེའི་འདོད་པ་དང་ཞི་རྒྱས་དབང་དྲག་གི་ལས་སྣ་འགྲུབ་པར་མཐུ་གཏད་པ་ཡིན་ནོ། །གཏོར་མའི་རྒྱུ་གཙོ་བོ་ལ《གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས》ལས། “གཏོར་མའི་རྒྱུ་ནི་དཀྱིལ་འཁོར་གཙོ་བོ་ལ། །དཀར་གསུམ་མངར་གསུམ་ཤ་ཆེན་རྣམ་གསུམ་ལས། །ཕྱི་ཡི་དཀར་གསུམ་མར་ཁུ་འོ་མ་ཞོ། །དེ་བཞིན་མངར་གསུམ་རྩི་ཞག་ཀ་ར་དང་། །མེ་ཏོག་སྣ་ཚོགས་བུ་རམ་བཅས་པའོ། །ནང་གི་དཀར་གསུམ་རྩི་ཞག་རུས་པ་སྟེ། །མངར་གསུམ་དྲི་ཆེན་ཚིལ་ཆེན་གསུར་ཆེན་པོ། །དེ་དག་སྐྱོབས་ཀྱང་དྲི་ཆུ་ཨ་མྲྀ་སྟེ། །ཆང་སྦྱར་ཤ་ཆེན་ཞལ་ཟས་སྣ་ཚོགས་སོགས། །གསང་བའི་དཀར་གསུམ་རྐང་ཀླད་བྱང་སེམས་སོགས། །མངར་གསུམ་བུད་མེད་རྩི་ཆེན་མཚལ་ཆེན་དང་། །དྭངས་མ་དང་ནི་དེ་བཞིན་སྙིགས་མའོ། །”[19]ཞེས་གསུངས་པ་ལྟར། གཏོར་མ་ལ་མཁོ་བའི་རྒྱུ་འམ་རྫས་སྣ་ནི་ཕྱིའི་དཀར་གསུམ་ཞོ་འོ་མ་མར་དང་། མངར་གསུམ་ཀ་ར་བུ་རམ་སྦྲང་རྩི། ནང་གི་དཀར་གསུམ་རྩི་ཞག་རུས་པ་དང་། མངར་གསུམ་དྲི་ཆེན་ཚིལ་ཆེན་གསུར་ཆེན་པོ་བཅས། དེ་བཞིན་མེ་ཏོག་སྣ་ཚོགས་དང་ཆང་། ཤ་ཆེན། ཞལ་ཟས། ཤིང་ཏོག འབྲུ་རིགས། དར་གོས་སོགས་གཞུང་གི་གསུངས་དོན་ལྟར་གཏོར་མའི་རྫས་རྣམས་ཁ་ཚང་དུ་འཇུག་པ་དང་ནོར་འཕྱུག་སོགས་མི་ཡོང་བར་གཟབ་གཟབ་བྱེད་དགོས། གལ་ཏེ་འབུལ་ཡའི་རྫས་ཁ་མ་ཚང་བའམ་རྫས་ཁ་སྡེབ་སྒྲིག་གི་སྐབས་ནོར་འཛོལ་འདྲ་བྱུང་ན་མི་ཕྱུགས་ཀྱི་ཆག་སྒོ་གོད་ཁ་དང་ནད་ཡམས་སོགས་སེལ་རྒྱུ་ཕར་ཞོག་དེ་ལས་ལྡོག་ངན་པའི་རྒྱུ་རུ་གྱུར་ནས་གནོད་པ་མི་ཤོང་བ་ཡོང་ངེས་ཞེས་གཞུང་དང་གསུང་རྒྱུན་ལས་བྱུང་ངོ་། །གཏོར་མའི་སྣོད་ལ་གང་བྱུང་དུ་བཀོལ་མི་རུང་བར་གསུངས་ཏེ་ཡང་གོང་གི་བསྟན་བཅོས་ལས།“སྣོད་ནི། ཕྱི་གཏོར་སྣོད་ནི་རིན་པོ་ཆེའི་རྣམ་པ་ལྔ། ནང་གི་གཏོར་སྣོད་མཚན་ལྡན་ཀ་པཱ་ལ། གསང་བའི་གཏོར་སྣོད་རུས་སྦལ་ཁོག་པ་སྟེ། དོན་གྱི་གཏོར་མའི་སྣོད་ནི་ནམ་མཁའ་ཡང་དག་གི་གཏོར་སྣོད་ཕྱི་སྣོད་འཇིག་རྟེན་ནོ། །མཚན་མའི་གཏོར་སྣོད་གང་སྦྱོར་སྣོད་ལ་བྱ། །”[20]ཞེས་གསུངས་སོ། །འགྲོ་མགོན་ཕག་མོ་གྲུ་པའི《གཏོར་མའི་དེ་ཉིད་བཞུགས་སོ》ལས་བསྟན་པ་ལྟར་ན། སྣོད་ནི་ནང་ལ་ཀ་པྰ་ལ་ཤིས། ཕྱི་གཏོར་གྱི་སྣོད་ཀ་པཱ་ལ་མ་ཡིན་པ། ཏིང་མ་ཡིན་པ། ལྕགས་ཕོརདང་། ལྕགས་གཟེར་མེད་པ་གས་ཆག་མེད་པའི་སྣོད་ལ་བྱ་དགོས་པར་གསུངས་ཡོད་ལ། ཡི་དྭགས་ཕྲ་མོ་རྣམས་ཀ་པཱ་ལ་ནི་ལྷ་མ་ཡིན་གྱི་ཐོད་པ་དང་འདྲ་བས་དེ་ལ་འཇིགས་པས་མི་རུང་། ལྕགས་ནི་དྲག་པོའི་རྫས་མཚོན་ཆའི་རྒྱུ་ཡིན་པས་ཡི་དྭགས་ཐམས་ཅད་ལ་འཇིགས་སྣང་སྟེར་བས་མི་རུང་། གཏོར་མའི་རྒྱུ་ནི་ནང་གཏོར་ལ་ཤ་ལྔ་བདུད་རྩི་ལྔའམ། ཤ་ཆང་ལ་སོགས་པ་རྫས་བཟང་པོ་ལ་བྱ། ཐ་ན་དུག་དང་མཚོན་སྤངས་པ་གང་སྟབས་བདེ་ན་དེ་བྱེད་པར་འཚལ། ཕྱི་གཏོར་ནི་ཤ་ཆང་སྒོག་ཙོང་ལ་སོགས་པ་མ་ཡིན་པའི་མངར་གསུམ་དང་། དཀར་གསུམ་ལ་སོགས་པ་ཟན་དང་ཆུ་དང་རིན་པོ་ཆེ་དང་། འབྲུ་སྣའམ།ཤིང་ཐོག་གམ། མེ་ཏོག་ལ་སོགས་པ་ཐམས་ཅད་འཛོམས་ན་བཟང་མོད་མ་འཛོམ་ན་སྣ་རེ་བསྟེན་པས་ཀྱང་ཆོག གཏོར་ཟན་སླ་མོ་མི་བྱ་བར་རང་གི་ཁ་ཟས་སུ་ཉན་པ་ཡིས་བྱེད་དགོས། གཏོར་མ་ལ་མཐེབ་སྐྱུ་མི་བྱ། ཇོ་བོ་རྗེའི་ཞལ་ནས། བོད་ལ་ཕྱུག་པོར་མི་འོང་། གཏོར་ཟན་སླ་མོ་བྱེད། གཏོར་མ་ལ་མཐེབ་སྐྱུ་བྱེད་པར་འདུག་ཅེས་གསུང་བར་སྐད། སྣོད་དང་ཟན་དྲི་མ་ཅན་ལ་ཆོས་སྐྱོང་མི་འཁོར་བས་གཏོར་ཟན་དྲི་མས་མ་གོས་པར་བྱ་དགོས། དེ་ལྟར་མ་བྱས་པས་རང་ལ་འགོ་བའི་ནད་སྡང་། ཏིང་ངེ་འཛིན་མི་གསལ། དྲི་མ་ཅན་ནི་ཀུན་ནས་སྤང་དགོས་པར་བཤད་ལ་གཏོར་མ་བཤམ་སྐབས་ཀྱང་སྟེགས་བུ་མཐོན་པོར་བཤམས་པ་ལས་སྟེགས་མེད་པར་མི་བཤམ། དྲང་པོར་བཤམ་པ་ལས་ཡོན་པོར་མི་བཤམ་ལ་དྲང་པོར་མེད་པ་ཕྱིར་བཅོས་ན་བར་ཆད་ཀྱི་རྒྱུ་ཡིན་ལ་གཏོར་མའམ་དེའི་སྟེགས་བུའི་རྩར་སྣོད་སྟོང་པའང་འཇོག་མི་རུང་སྟེ་དེ་ལ་ཡང་མགྲོན་གང་རུང་དེས་རེ་བ་བྱེད་པར་གསུངས་སོ། །
གསུམ་པ། གཏོར་མའི་ཁ་དོག་དང་དབྱིབས། གཏོར་མའི་རིགས།
        1.གཏོར་མའི་ཁ་དོག་དང་དབྱིབས།
        སྤྱིར་གཏོར་མ་ལ་དཀར་དམར་གྱིས་བརྒྱན་པ་ཞེས་པ་འདི་ཆེས་སྔ་མོ་ནས་གསུངས་ཡོད་ལ། མཆོད་བཟོ་དཀར་རྒྱན་གྱི་སྤྲོས་པ་ནི་ཕྱིས་སུ་རིམ་པས་དར་རྒྱས་བྱུང་བ་ཞིག་ཡིན་པར་གསུངས་ཡོད། བོད་གྱི་གྲུབ་མཐའ་དང་དགོན་པ་གྲྭ་ཚང་ཁག་བར་ལ་མཆོད་རྒྱན་གྱི་བཀོད་པ་མི་འདྲ་བ་ཧ་ཅང་མང་བས་མར་བཟོའི་སྒྱུ་རྩལ་གྱི་ཚད་མཐོན་པོར་སོན་ཡོད། གཏོར་མ་ལ་ཡང་ཞི་དྲག་གི་དབང་གིས་རྩ་བའི་དབྱེ་བ་གཉིས་ཡོད་པ་བཞིན་གཏོར་རྒྱན་ལ་ཡང་གཉིས་སུ་འདུས་ཡོད། པ་ཏྲ་དང་མེ་ཏོག ཁང་བརྩེགས་རྣམས་ཀྱིས་ཞི་བ་དང་། ཐོད་ཁ། མགོ་ལིང་། མེ་རི་རྣམས་ཀྱིས་དྲག་པོ་ཡིན་པ་མཚོན་ཡོད་ལ། རྩེའི་ཐོག་ལྷ་ཡི་གཟུངས་དང་ས་བོན་བཀོད་པས་བརྟེན་གཏོར་ཡིན་པ་མཚོན་ཡོད། སྒོར་རྒྱན་ནི་གཏོར་རྒྱན་གྱི་དབྱིབས་སྒོར་མོ་ཡིན་པས་དེ་ལྟར་ཐོགས་པ་ཞིག་ཡིན། ཡང་འཇིག་རྟེན་ལས་བཞི་ལྟར་ཞི་རྒྱས་དབང་དྲག་གི་གཏོར་མའི་དབྱིབས་མདོག་མི་འདྲ་འབྱུང་སྟེ། 《གཏོར་མའི་གལ་བྱང》ལས། “ཞི་བ་ཟླུམ་པོ་ཕྱོགས་མེད་འབུར་དུ་རྒྱས། །ལྷུན་མཐུག་བྱིན་ཆེ་བརྗིད་དང་ལྡན། །ཤེས་རབ་ཀྱི་རྩེ་མོ་དོད་པ། །བྱང་ཆུབ་ཀྱི་སྐུ་ཤ་རྒྱས་པ། །བསམ་གཏན་གྱི་ཞབས་གཞི་བརྟན་པ། །ཚུལ་ཁྲིམས་ཀྱི་རྐེད་པ་སྤུངས་པར་བྱ། །རྒྱས་པ་རིན་ཆེན་ཚུལ་དུ་གྲུ་བཞི་བྱ། །དབང་ནི་ཟླ་གམ་ཚུལ་དུ་གུག་ཆགས་བྱ། །དྲག་པོ་ཟུར་གསུམ་ཚུལ་དུ་ཉམས་དཔལ་རྒྱས་པར་བྱ། །”ཞེས་པ་ལྟར་ཞི་བའི་གཏོར་མ་ནི་དབྱིབས་ཟླུམ་པོར་མངོན་པ་དང་རྩ་བ་བརྟན་པ་རྩེ་མོ་ཕྲ་བ་དང་། གཏོར་མའི་ཁ་དོག་མང་ཤོས་དཀར་པོ་རུ་སྣང་། རྒྱས་པའི་གཏོར་མ་ནི་དབྱིབས་གྲུ་བཞིར་མངོན་པ་དང་ཁ་དོག་གཙོར་སེར་པོ་རུ་སྣང་། དབང་གི་གཏོར་མ་ནི་དབྱིབས་ཟླ་གམ་དང་ཁ་དོག་དམར་པོ་རུ་སྣང་། དྲག་པོའི་གཏོར་མ་ནི་ཟུར་གསུམ་དུ་ངེས་པ་ཁ་དོག་ནག་པོའམ་མཐིང་ནག་ཏུ་སྣང་ངོ་། །མདོག་དང་དབྱིབས་ལ་བརྟེན་ནས་ཀྱང་མགྲོན་དུ་གཏོང་བ་སོགས་ཤེས་པར་བྱ་སྟེ་དེ་དང་རིགས་བསྒྲེ་བར་ཞི་དྲག་སྤེལ་མའི་ཚུལ་སྟོད་སྨད་གང་རུང་ཟླུམ་པོ་དང་ཟུར་གསུམ་བྱས་པ་སོགས་ཞི་རྒྱས་སྤེལ་མ། ཞི་བ་དང་དབང་ཟུང་དུ་འདྲེས་པ། དབང་དང་དྲག་པོ་ཟུང་དུ་འདྲེས་པ། ཞི་རྒྱས་དབང་དྲག་བཞི་པོ་འདྲེས་པ་གང་མང་དེའི་སྐབས་ཀྱི་གཏོར་མའི་དབྱིབས་ཡང་གྲུ་བཞི་ཟླུམ་པོ་ཟླ་གམ་ཟུར་གསུམ་སོགས་གཟུགས་སྣ་ཚོགས་འདྲེས་ནས་ཆགས་ཡོད། གཏོར་མར་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བྱེད་དེ། རྒྱན་ཡང་དཀར་གྱི་ཐིག་བྲན། དམར་གྱི་གུར་ཕུབ། དར་ཟབ་རཏྣ་ལ་སོགས་མཛེས་པར་རྒྱན་གྱིས་བརྒྱན་པར་བྱའོ། །ཞེས་པ་བཞིན་རྒྱན་ལ་ཡང་རིགས་མང་པོ་ཡོད་མོད། སྤྱིར་བཏང་དུ་དཀར་རྒྱན་དང་དམར་རྒྱན་གཏོང་པ་མང་སྟེ། དཀར་རྒྱན་ནི་འབྲི་མར་གྱིས་བརྒྱན་པ་དང་དམར་རྒྱན་ནི་འབྲི་མར་ལ་ཚོན་དམར་བསྲེས་ནས་ཁྲག་གི་དོད་དུ་འབུལ་པ་ཡོད། མར་རྒྱན་བཟོ་བ་ལ་དབྱིབས་རིགས་སྣ་ཚོགས་ཡོད་པ་གཞུང་གི་ལུགས་ལྟར། ཞི་བ་ལ་རྩེ་མོ་ཏོག་གི་ཚུལ་དུ་ནོར་བུ་འབར་བ་དང་། མདུན་ངོས་སུ་པད་འདབ་བཞི་ཅན་དང་། པད་འདབ་དྲུག་ཅན། པད་འདབ་བརྒྱད་ཅན་སོགས་དང་། རྒྱས་པ་ལ་རྩེ་མོར་ནོར་བུ་འབར་བ་དང་། མདུན་ངོས་ཐབས་ཤེས་ཉི་མ་ཟུང་འབྲེལ།དབང་གི་གཏོར་མ་ལ་ཕྱོགས་བཞིར་རིགས་རྟགས་དང་རྩེ་མོར་མི་ནུབ་རྒྱལ་མཚན་གྱི་ཏོག་འོད་འབར་བས་བརྒྱན་པ། དྲག་པའི་གཏོར་མ་ལ་རྩེ་མོར་འཁོར་ལོ་རྩིབས་ལ་མེ་རུ་འབར་བ་དང་། མདུན་ངོས་སུ་འཁོར་ལོ་རྩིབས་བཞི་དང་རྩིབས་བརྒྱད་གང་རུང་གི་བརྒྱན་སྲོལ་ཡོད། བླ་མ་དཀོན་མཆོག་དང་བཅས་པར་ཕུལ་བའི་གཏོར་མ་མང་ཆེ་བ་ཟླུམ་གཟུགས་བབ་ཆགས་ཤིང་བརྗིད་ཉམས་ལྡན་པ། ཡི་དམ་གྱི་གཏོར་མ་གཟུགས་དབྱིབས་སྣ་ཚོགས་སུ་ངེས་པ། མཁའ་འགྲོའི་གཏོར་མ་མཛེས་སྡུག་ཡིད་ལ་ཉམས་དགའ་བ། ཆོས་སྐྱོང་གི་གཏོར་མ་མདོག་དམར་ལ་གྲུ་ཟུར་གསུམ་ཅན་མང་བ། འཇུར་མིག་དང་ལྡན་པས་བྲེད་ཤ་སྦྱིན་པ། གླུད་གཏོར་ནི་ཟས་གང་འཛོམས་ཀྱིས་བསྐོར་ཅིང་གཟུགས་དབྱིབས་སྣ་ཚོགས་པ། ལྷ་བཤོས་དང་འཆང་བུ་སོགས་བཅའ་བའི་རིགས་སྣ་མང་དུ་སྣང། གཞན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོགས་མཚོན་པའི་མགྲོན་དུ་མཆོད་སྦྱིན་གཏོང་བ་སོགས་རིགས་མངས་སོ། །
        2. གཏོར་མའི་རིགས།
        གཏོར་མའི་རིགས་འདི་ལ་ངོ་བོ་དང་ངེས་ཚིག་གི་སྒོ་ནས་དབྱེ་ན་རིགས་མང་དུ་འབྱུང་སྟེ། འདིར་གསང་རྙིང་རྒྱན་ལས་བྱུང་བ་ལྟར་བཀོད་ན། གཏོར་མའི་གཟུངས་རྣམ་པ་གཉིས་སུ་གསུངས་ཀྱང་འདི་ངེས་པ་ཅན་ཏེ་རྣམ་པ་དྲུག་ལས། “བྱིན་རླབས་བླ་མའི་གཏོར་མ། དམ་ཅན་ཆོས་སྐྱོང་གཏོར་མ། ཕྲིན་ལས་མཁའ་འགྲོའི་གཏོར་མ། དམ་ཅན་ཆོས་སྐྱོང་གཏོར་མ། དྲེགས་པ་སྡེ་བརྒྱད་གཏོར་མ། ཐམས་ཅད་འདུས་པའི་གཏོར་མའོ། །དང་པོ་བླ་མའི་གཏོར་མ་ལ། །ཞི་རྒྱས་དབང་དྲག་བཞི་དང་ནི། །ཀུན་འདུལ་བྱིན་རླབས་གཏོར་མའོ། །ཞི་བའི་གཏོར་མ་དབྱིབས་ཟླུམ་པོ། །དཔེར་ན་ཟར་མའི་སྒང་བུ་བཞིན། །ཐེབས་ཀྱུའི་ཚུལ་ཡང་ཟླུམ་པོ་ལེབ། །དེ་ལ་རྩེ་མོ་དོད་པར་བྱ། །པདྨ་ཁ་གྱེས་ཚུལ་དུ་བཀོད། །རྒྱས་པའི་གཏོར་མ་འདི་ལྟ་སྟེ། །གྲུ་བཞི་བང་རིམ་གསུམ་གྱི་སྟེང་། །རི་རབ་བཞི་མཉམ་ཁ་བད་ཅན། །དེ་སྟེང་ཟླུམ་པོ་ཅོག་འདྲ་བར། །རིལ་བུ་རིན་ཆེན་ཕྲེང་འདྲས་བསྐོར། །བྲེ་མགུལ་ཅོག་བཅས་མཆོད་རྟེན་དབྱིབས། །ཐེབས་ཀྱུ་གླིང་བཞི་གླིང་ཕྲན་ལྟར། །ལྕགས་རི་འབར་བའི་དབྱིབས་ཀྱིས་བསྐོར། ། དབང་གི་གཏོར་མ་ཟླུམ་སྐོར་ཏེ། །སྙིང་པོ་ཅིག་ཟླུམ་རྩངས་གཞུགས་ཅན། །རྩ་བར་པདྨ་འདབ་ཕྲན་བཞི། །པདྨ་མཉེན་ལྕུགས་སྦྱོར་བའི་སྟེང་། །ཁ་བད་ཟླུམ་པོ་ཁ་སྦྱར་བར། །ནོར་བུའི་ཕྲེང་འདྲ་ཉེར་གཅིག་གམ། །གྲངས་ལ་ངེས་མེད་མཛེས་པར་བསྒྲིག །དེ་སྟེང་ཟན་རིལ་བཞི་སྒྲོམ་སྟེང་། །ཟར་གང་ལྟ་བུའི་ཅོག་ཟླུམ་བཤམས། །ཐེབས་ཀྱུའང་པདྨ་འདབ་བརྒྱད་ཚུལ། །ཅུང་ཟད་ནང་དུ་རུག་པར་བྱ། །དྲག་པོའི་ཅིག་ཟླུམ་སྟོད་ཟུར་ཅན། །ཟུར་སྨད་གསུམ་ལ་ནོར་བུ་གསུམ། །ལོང་ཅན་དེ་བཞིན་ནོར་བུ་གསུམ། །སྙིང་པོ་མཐའ་ལྕུག་འབར་བ་ཅན། །ནོར་བུ་དྲུག་པ་འབར་བའི་ཚུལ། །ཐེབས་ཀྱུའང་ཟུར་གསུམ་འབར་བ་འདྲ། །སྒེག་པར་བཤམས་ཏེ་དྲུག་གིས་བསྐོར། །ཀུན་འདུས་བྱིན་རླབས་གཏོར་མ་ནི། །ཅོག་འདྲ་སྟོད་ལྡེར་རྩེ་མོ་ཅན། །ཐེབས་ཀྱུ་པདྨ་འདབ་བརྒྱད་ལྟར། །ཟེའུ་འབྲུ་ཕྲུམ་ཕྲུམ་བཅས་པས་བསྐོར། །པདྨ་ཁ་འབུས་དབྱིབས་ལྟར་ལ། །དབུས་སུ་ཕྱུར་བུ་ཕྱུང་བའོ། །གཉིས་པ་ཡི་དམ་གཏོར་མ་ལ། །ཞི་དང་དྲག་དང་གཉིས་མེད་གསུམ། །ཞི་བའིི་གཏོར་མ་སྙིང་པོ་ཅན། །ཐེབ་ཀྱུ་བྱ་འདབས་ཚུལ་དུ་བྱ། །དཔེར་ན་བྲི་ཏའི་ཤིང་ཏོག་གམ། །འབྲས་བུའི་ཕུང་པོ་སྤུངས་པ་བཞིན། ། ཐེབས་ཀྱུ་ཅོག་ཟླུམ་བརྒྱད་ཀྱིས་བསྐོར། །ཡི་དམ་དྲག་པོའི་གཏོར་མ་ནི། ཅོག་ཟླུམ་ཟུར་གསུམ་ལྡིར་པོ་ལ། །དངོས་འདྲའི་ཟུར་ཅན་ཐེབ་ཀྱུས་བསྐོར། །ཞི་ཁྲོ་གཉིས་མེད་གཏོར་མ་ནི། །ཟླུམ་པོ་ཕྱེད་གཤགས་བཞི་པོ་ལ། །གཏོར་ཕྲན་ཟུར་གསུམ་ཟླུམ་པོ་བརྒྱད། །ཕྱོགས་དང་མཚམས་སུ་བསྐོར་བར་བྱ། །ཕྲིན་ལས་མཁའ་འགྲོའི་གཏོར་མ་ནི། །རྩ་བ་གཅིག་ལ་རྩེ་མོ་ལྔ། །རིན་ཆེན་རིགས་ལས་འབར་བའི་དབྱིབས། །པདྨའི་རིགས་ལ་པདྨའི་དབྱིབས། །ལས་ཀྱི་རིགས་ལ་རྒྱ་གྲམ་དབྱིབས། །ཡང་ན་ལས་བཞིའི་ཚུལ་དུ་སྟེ། །རྡོ་རྗེ་རིགས་ལ་ཞི་བ་ཡི། །གཏོར་མ་ཟླུམ་ལ་ལྡིར་བར་བྱ། །རིན་ཆེན་རིགས་ལ་གྲུ་བཞི་པ། །ཤིན་ཏུ་སྒེག་པའི་རྣམ་པ་ཅན། །པདྨའི་རིགས་ལ་དབང་གི་གཏེར། །ཟླུམ་པོ་ཕྱེད་གཤགས་ཟླ་གམ་ཅན། །ལས་ཀྱི་རིགས་ཀྱི་གཏོར་མ་ནི། །དྲག་པོ་ཟུར་གསུམ་དབལ་ཅན་ལ། །རིད་པ་མ་ཡིན་སྒེག་པའོ། །སྣ་ཚོགས་པ་ནི་སྣ་ཚོགས་ཏེ། །གྲུ་བཞིའི་སྟེང་དུ་ཟླུམ་པོ་བཞག །དེ་སྟེང་ཟླ་གམ་སྟེང་གྲུ་གསུམ། །བྲ་བོའི་དབྱིབས་ཅན་བཞག་པར་བྱ། །ཐེབ་ཀྱུ་དངོས་འདྲས་བསྐོར། །དམ་ཅན་ཆོས་སྐྱོངས་གཏོར་མ་ནི། །སོ་སོའི་གཞུང་ནས་འབྱུང་གྱུར་ཀྱང་། །ཁྱད་པར་སྙིང་ལ་ཟུར་བཏོད་བཞིན། །རྔམ་པར་བྱས་ཏེ་ཕོ་མོའི་ཚད། །ཕོ་བརྒྱུད་རྣམས་ལ་ཆེ་ཞིང་བརྗིད། །མོ་བརྒྱུད་རྣམས་ལ་ཕྲ་ཞིང་རིང་། །སོ་སོར་བཤོས་ཕྲན་དངོས་འདྲ་དང་། །ཐེབས་ཀྱུ་བཅད་ཁམ་ཕྱིར་བསྟན་བྱ། །དྲེགས་པ་སྡེ་བརྒྱད་གཏོར་མའི་གཟུགས། །གནད་ནས་བསྐུལ་ཕྱིར་རང་གཟུགས་སམ། །བཤོས་ཕྲན་སོ་སོའི་གཞུང་ལས་ཤེས། །བཀའ་སྲུང་རྣམས་ཀྱི་གཏོར་མ་ཡང་། །རིགས་མཐུན་རང་རང་བསྒྲུབ་པའི་གཞུང་། །ཕྲིན་ལས་རྣམས་ལས་འབྱུང་བར་འགྱུར། །ཐམས་ཅད་འདུས་པའི་གཏོར་མ་ནི། །སྤུངས་གཏོར་ཅོག་ཟླུམ་རྩེ་མོ་ཅན། །ཀྱུ་གུ་གྲངས་ངེས་མེད་པས་བསྐོར། །གཟུགས་ཀྱི་རྣམ་པ་དེ་ལྟར་ལས། །གྲངས་ལ་ངེས་མེད་རབ་ཀྱིས་ནི། །རྒྱས་པ་ལྷ་ཡི་གྲངས་མཉམ་ཞིང་། །འབྲིང་པོ་བདུན་ལྔ་གསུམ་ལ་སོགས། །ཐ་མ་གཅིག་ལ་བསྡུས་ཏེ་བྱས། །དེ་བཞིན་ཆེ་ཆུང་ཚད་དག་ཀྱང་། །བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར། །ཅི་འབྱོར་གཏོར་དཔུང་ཆེ་བར་བསྐྱེད། །མ་འབྱོར་གང་བཤམས་དམིགས་པས་བསྐྱེད། །” [21] ཅེས་གསུངས་བཞིན་གཏོར་མའི་སྣ་ཁ་དང་ཆེ་ཆུང་། གཟུགས་དབྱིབས་སོགས་རིགས་དབྱེ་ཞིབ་ཕྲ་དང་བཅས་པར་གསུངས་སོ། །འདིར་མིང་གི་རྣམ་གྲངས་ལ་ཅུང་སྟབས་བདེ་བོའི་ངང་ངོ་སྤྲོད་ཙམ་བྱས་ན།
        བླ་མའི་གཏོར་མ་ནི་བླ་མ་ནི་རང་ཉིད་ལ་བཀའ་དྲིན་ཆེ་བའི་རྩ་བ་དང་བརྒྱུད་པའི་བླ་མ་ལ་གོ་ལ། བླ་མ་སྒྲུབ་པ་དང་མཆོད་པའི་སྐབས་སུ་འབུལ་བའི་གཏོར་མ་ལ་གོ་དགོས་ལ། སྤྱི་ཡི་དབང་དུ་བྱས་ན་མཆོད་གཏོར་ལས་བླ་གཏོར་ཞེས་པ་གསང་སྔགས་གསར་མའི་རྒྱུད་དུ་མ་གྲགས་ཀྱང་། སྔགས་རྙིང་མའི་ཕྱག་བཞེས་ལ་ཡོད་པ་ཡིན། དེ་ཡང་རྟེན་གཏོར་དང་མཆོད་གཏོར་སོགས་ནི་བྱ་བ་དང་འབྲེལ་བས་གཅིག་ཏུ་མ་ངེས་ལ། བོད་ཀྱི་བླ་མའི་གཏོར་མ་སྤྱི་འགྲོ་ནི་ཟླུམ་པོ་པད་མ་འདབ་བཞི་ཅན་ཡིན་ལ། ཐུན་མིན་ཟབ་ལམ་བླ་མ་སྒྲུབ་པའི་ལམ་རིམ་དགོངས་པ་ལྟར་མཆོད་གཏོར་ཟར་གོང་ལྟ་བུ་ལ་པད་མ་འདབ་བརྒྱད་ཀྱིས་བསྐོར་བ་འདི་ཡིན།
        ཡི་དམ་གྱི་གཏོར་མ་ནི་རང་ཉིད་ཀྱི་ལྷག་པའི་ལྷའམ་ཡི་དམ་གྱི་མཆོད་གཏོར་གྱི་དོན་ཡིན་ལ། ཡི་དམ་ནི་རྒྱུད་སྡེའི་བཞིའི་ལྷ་ཚོགས་ཀུན་ཡིན་པས་རྒྱུད་སྡེ་དང་ཕྱག་བཞེས་ཀྱི་དབང་གིས་གཏོར་མ་ཡང་མི་འདྲ་བ་མང་། འདི་གཏོར་དབང་གི་དུས་གཏོར་མ་ལྷ་ཡིན་ལ། མཆོད་པའི་དུས་གཏོར་མ་མཆོད་རྫས་ཡིན། སྒྲུབ་པའི་དུས་གཏོར་མ་རྟེན་ཡིན་པས། སྐབས་ཐོབ་ཀྱི་ངོ་བོ་མི་འདྲ་བ་ཡོད་པ་ཤེས་དགོས། རང་རེའི་ཡི་དམ་བདེ་མཆོག་གི་གཏོར་མ་སྤྱི་འགྲོ་ནི་ཟར་གོང་ལྟ་བུ་ལ་པད་མ་བརྒྱད་ཀྱིས་བསྐོར་བའི་ཟེའུ་འབྲུ་ཅན་ཡིན་ལ། ཐུན་མིན་ནི་རྗེ་བཙུན་དཀོན་མཆོག་ཆོས་སྐྱབས་ཀྱི་དགོངས་པ་ལྟར་པད་མ་ཉིས་རྩེགས་ཅན་འདི་ཡིན། འདི་ནི་མཆོད་གཏོར་ཙམ་མ་ཟད་རྟེན་གཏོར་དང་། གཏོར་མ་ལྷར་དམིགས་པའི་དོན་དང་བསྟུན་པ་ཞིག་ཡིན་པ་ཤེས་དགོས། །
མཁའ་འགྲོའི་གཏོར་མ་ནི་སྤྱིར་མཁའ་འགྲོ་ནི་ནམ་མཁའ་ལ་འགྲོ་བའི་བྱ་རིགས་སོགས་ལ་གོ་དགོས་ཀྱང་། སྐབས་འདིར་ཆོས་ཉིད་ཀྱི་མཁའ་ལ་ཐོགས་མེད་དུ་འགྲོ་བའི་མི་རྒྱུད་ཀྱི་རྣམ་པར་ཤར་བའི་རིགས་ཀྱི་མིང་ཡིན་ལ། མོ་རྒྱུད་ཀྱི་རིགས་རྣལ་འབྱོར་བ་ལ་རྟོགས་པ་མ་སྐྱེས་པ་སྐྱེ་བ། སྐྱེས་པ་མི་ཉམས་པའི་གྲོགས་བྱེད་པས། འཕྲིན་ལས་ཀྱི་ལྷར་ཡང་གསུངས་པ་འདི་ཡིན། འདི་རྣམས་མཆོད་པའི་གཏོར་མ་ལ་གྲུབ་མཐའ་སོ་སོར་མི་འདྲ་བ་ཡོད། རང་རེའི་ལུགས་ཀྱི་མཁའ་འགྲོའི་སྤྱི་གཏོར་ནི་ཟུར་གསུམ་སྐེད་བསང་ཅན། རྒྱབ་ན་དབལ་མེད་པ་ཟླ་གམ་གྱི་དབྱིབས་སུ་ཡོད་པ་འདི་རེད། འདིས་དབང་དང་དྲག་པོའི་འཕྲིན་ལས་བསྒྲུབ་པར་མཚོན་ཡོད་པ་རེད།
        ཆོས་སྲུང་གི་གཏོར་མ་ནི་བླ་མ་གོང་མའི་དྲུང་དུ་དམ་པའི་ཆོས་དང་ཆོས་བྱེད་མི་སྣ་སྲུང་བར་ཁས་བླངས་དམ་བཅའ་བཞག་པར་བརྟེན། དངོས་སུ་སྲུང་མར་བསྐོས་པ་རྣམས་ལ་གཏོར་མ་འབུལ་དགོས་ལ། འབུལ་དོན་ནི་སྔར་བཅོལ་གྲུབ་པའི་ལེགས་སོའི་གཏིང་རག ད་བཅོལ་འགྲུབ་པའི་གཉེར་ཟས། ཕྱིས་བཅོལ་འགྲུབ་པའི་ཞུ་རྟེན་གྱི་སྟོན་མོ་མཚོན་བཞིན་ཡོད། ཆོས་སྲུང་འཇིག་རྟེན་འདས་མ་འདས་ཀྱི་ས་མཚམས་དང་། ཕོ་རྒྱུད་དང་མོ་རྒྱུད་དབྱེ་བའི་ཐོག་ནས། ལྷ་ཀླུ་གནོད་སྦྱིན་གཟའ་དམུ་རྒྱལ་བཙན་བདུད་སྨན་མ་མོ་ཐེ་རང་སོགས་རིགས་མི་འདྲ་བ་དང་། སྤྱོད་ཡུལ་དང་འཁོར་མི་འདྲ་བར་བརྟེན་གཏོར་མ་ཡང་མི་འདྲ་བ་ཡོང་གི་ཡོད།
སྤྱི་གཏོར་ནི་བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ་དང་ལྷག་པར་ཆོས་སྐྱོང་སྲུང་མ་ཀུན་ཐུན་མོང་གི་མཆོད་གཏོར་ལ་གོ་དགོས། སྤྱིར་བླ་མའི་གཏོར་མ་ནི་བླ་མའི་སྤྱི་གཏོར་དང་། ཡི་དམ་གྱི་གཏོར་མ་ནི་ཡི་དམ་སྤྱི་གཏོར་ཡིན། དེར་བརྟེན་རང་རེའི་བདེ་མཆོག་གི་གཏོར་མ་ནི་དབང་ལྔ་བཅུའི་སྤྱིའི་གཏོར་མ་དེ་ཡིན་པས་མཚོན་ཡོད། མཁའ་འགྲོའི་གཏོར་མ་ནི་མཁའ་འགྲོའི་སྤྱི་གཏོར་ཡིན་ལ། སྐབས་འདིར་དེ་བས་རྒྱ་ཆེ་བའི་སྤྱི་གཏོར་ཡིན་པ་ལ་གོ་དགོས། ལུགས་གཞན་ལ་ཡང་སྤྱི་གཏོར་དང་། དཔལ་གཏོར་ཞེས་བརྒྱ་གོ་གཅིག་ཆོད་ཀྱི་གཏོར་མ་ཡོད་པ་བཞིན་དུ་རང་རེའི་རྩ་གསུམ་ཆོས་སྲུང་དམ་ཅན་གྱི་སྤྱི་གཏོར་ནི་གཏོར་བསྔོས་ཀྱི་གཏོར་མ་དེ་ཡིན། 
        བསྐང་གཏོར་ནི་ཆོས་སྲུང་སོ་སོའི་ཐུགས་དམ་སྐོང་བྱེད་ཀྱི་གཏོར་མ་ལ་གོ་དགོས་ལ། དེ་ཡང་ཆོས་སྲུང་སོ་སོའི་བསྐང་གསོའི་སྐབས་ཀྱི་འབུལ་བའི་གཏོར་མ་དེ་ཡིན། ཆོས་སྲུང་གི་གསོལ་མཆོད་ལ་གསོལ་བསྐང་ཟེར་དོན་གསོལ་བ་འདེབས་པའི་ཆེད་དུ་མཆོད་པ་འབུལ་བ་དང་། ཐུགས་དམ་བསྐང་བའི་ཆེད་དུ་ཡིན་པས་རེད། དེར་བརྟེན་རང་རེའི་ཆོས་སྲུང་རྣམས་ཀྱི་གསོལ་ཀའི་གཏོར་མ་རྣམས་ནི་བསྐང་གཏོར་ཤ་སྟག་ཡིན་དམ་ཚིག་གི་དབང་གིས་དམ་རྫས་ཀྱི་གཏོར་མ་ཞེས་ཐོགས་པ་རེད།
        དབང་གཏོར་ནི་དབང་བསྐུར་བའི་སྐབས་སུ་དབང་བསྐུར་བྱེད་ཀྱི་གཏོར་མ་ལ་དབང་གཏོར་ཞེས་ཟེར་པ་ཡིན་ལ། གཏོར་མ་ལ་བརྟེན་ནས་དབང་རྣམས་བསྐུར་བ་ཡིན། དེ་ཡང་གཏོར་མ་ནི་སྤྱིར་བཏང་གི་གཏོར་མ་མ་ཡིན་པར་གཏོར་མ་དང་ལྷ་དབྱེར་མེད་པར་སྒོམ་པའི་སྒོ་ནས་དབང་བསྐུར་བ་ཡིན། འདི་ནི་གཏོར་མའི་དབང་བསྐུར་བ་ལ་བརྟེན་ནས་གཏོར་དབང་ཡང་ཟེར་གྱི་ཡོད། མཁས་པ་ལ་ལས་གཏོར་དབང་འདི་ནི་བོད་ལུགས་ཀྱི་དབང་བསྐུར་སྟངས་ཡིན་པ་ལས། རྒྱ་གར་གྱི་གསང་སྔགས་ཀྱི་ལུགས་ལ་མེད་ཅེས་གསུངས་ཡོད།
        ལོ་གཏོར་ནི་རྩ་བ་གསུམ་དང་ལྷག་པར་ཆོས་སྲུང་ཁག་གི་གཏོར་མ་ལོ་རེར་ཐེངས་རེ་བརྗེ་བའི་གཏོར་མ་ལ་གོ་དགོས། མར་དང་རྩམ་པས་བཞེངས་པའི་ཆོས་ལུགས་རང་རང་སོ་སོའི་ལྷ་དང་ཆོས་སྲུང་གི་གཏོར་མ་ལ་རྩེ་དྲ་དང་རྒྱན་བཀོད་གང་ལེགས་གང་གཟབ་ཀྱིས་བཟོས་པ་དང་། གཏོར་སྒྲོམ་ནང་དུ་བཅུག་ནས་མ་རུལ་མ་བསུང་བར་ཉར་འཇོག་བྱེད་ཀྱི་ཡོད། དེ་ནི་དོན་དངོས་ཐོག་བརྟེན་གཏོར་ཡིན་ཀྱང་ཉར་བའི་དུས་ཡུན་དང་འབྲེལ་བས་ལོ་གཏོར་ཞེས་གྲགས།
        ཕུག་གཏོར་ནི་རྩ་བ་གསུམ་དང་ལྷག་ཏུ་ཆོས་སྲུང་ཁག་གི་གཏོར་མ་ཕྱིར་མངོན་པ་མ་ཡིན་པར། གཏོར་སྒྲོམ་སོགས་ཀྱི་ཕུག་ཏུ་སྒྲིག་གཤོམ་ཀྱིས་འཇོག་པ་ལ་གོ་དགོས། འདི་ཡང་དོན་དངོས་ཐོག་བརྟེན་གཏོར་ཡིན་ན་ཡང་། སྒྲིག་གཤོམ་གྱི་ཐད་ཕུག་ཏུ་བཞག་པའི་དབང་གིས་ཕུག་གཏོར་དུ་གྲགས་ལ། ཕྱི་རོལ་དུ་མ་ཡིན་པར་གཏོར་སྒྲོམ་དུ་འཇོག་པ་དང་། ཕྱི་སྤྱོད་འཕྲལ་སེལ་ཙམ་མ་ཡིན་པར་ཡུན་རིང་ནང་དུ་འཇོག་པའི་དབང་གིས་ནང་གཏོར་ཞེས་སུ་ཡང་གྲགས་ཡོད།
        བརྟེན་གཏོར་ནི་རྟེན་གྱི་གཏོར་མ་དེ་ཉིད་ནི་གཏོར་མ་དེ་ལ་བརྟེན་པ་ཡི་ལྷ་དང་ཆོས་སྲུང་གང་དང་གང་ཡིན་པ་དེ་ཉིད་གཏོར་མ་རང་དང་དབྱེར་མེད་དུ་སྒྲུབ་པའི་དོན་ཡིན། རང་རེའི་སྒྲུབ་ཆེན་ཕལ་ཆེ་བ་འདི་འདྲ་ཡིན་ལ། སྒྲུབ་པ་སོ་སོའི་སྐབས་སུ་མགོ་ཚུགས་ནས་མཇུག་མ་ཐོན་བར་སྒུལ་བསྐྱོད་མི་གཏོང་བར་དཀྱིལ་འཁོར་མདུན་བཞག་པའི་གཏོར་མ་དེ་དག་རེད། བརྟེན་གཏོར་དང་རྟེན་གཏོར་ཞེས་འབྲི་སྟངས་མི་འདྲ་བ་གཉིས་ཡོང་གི་ཡོད།
        འཕངས་གཏོར་ནི་ལྷ་དང་ཆོས་སྲུང་སྒྲུབ་པའི་གཏོར་མ་དགྲ་བོའི་ཐོག་ཏུ་ཟོར་དུ་འཕངས་པའམ་འཕེན་པའི་གཏོར་མ་ཡིན་པས་དེ་ལྟར་གོ་དགོས་ལ། འདི་ནི་དྲག་པོའི་ལས་ཀ་མནན་སྲེག་འཕངས་གསུམ་གྱི་གྲས་ཡིན། ལ་ལས་གཏོར་མ་འཕེན་པའམ་གཏོར་ཟོར་འཕེན་པ་ཞེས་ཀྱང་གྲགས། དགྲ་བོའི་ཐོག་ཏུ་གཏོར་མའི་དམག་གིས་རྒྱག་གི་ཡོད་སྟབས་གཏོར་རྒྱག་ཅེས་ཕྱིས་སུ་ཡོངས་གྲགས་སུ་གྱུར་ལ། གཏོར་མ་དེ་ལྷ་དང་སྲུང་མའི་དམག་དཔུང་ལྟ་བ་མིག་གིས་མི་བཟོད། བསམ་པ་སེམས་ཀྱི་མི་ལངས། སྨྲ་བ་ངག་ལ་མི་ཐོན། འཇིགས་སུ་རུང་བའི་དམག་དཔུང་དགྲ་བོའི་ཕྱོགས་སུ་སོང་ནས་དེ་རྣམས་ཚར་བཅད་པར་བསམས་ནས་གཏོར་མ་དགྲ་ཕྱོགས་སུ་འཕེན་དགོས་པ་ཡིན།
        གཏའ་གཏོར་ནི་ལྷ་དང་ཆོས་སྲུང་ལ་བརྔན་པའམ་བྱ་དགའི་གཏོར་མ་ཡིན་ཅིང་། དེ་ཡང་དུས་ཚོད་འདིའི་ནང་ཚུད་བཅོལ་བའི་བྱ་བ་དེ་གྲུབ་ན། བྱ་དགར་འབུལ་རྒྱུའི་གཏའ་མར་བཞག་པའི་གཏོར་མ་ཡིན། གཏོར་མ་འདི་ནི་ཞི་དྲག་གི་སྒྲུབ་པ་ཕལ་ཆེ་བ་ལ་ཡོད་ལ།ལྷག་ཏུ་ཆོས་སྲུང་གི་སྐོར་རྣམས་སུ་གཏའ་གཏོར་འདི་འབྱུང་ཞིང་། ཆོས་སྲུང་བསྒྲུབས་ནས་ལས་འདྲ་མིན་བྱེད་པའི་སྐབས་སུ་གཙོ་ཆེར་འབྱུང་བ་ཞིག་ཡིན།
རྟགས་གཏོར་ནི་ལྷ་དང་ཆོས་སྲུང་བསྒྲུབ་དུས་འགྲུབ་པའམ་མ་འགྲུབ་པའི་རྟགས་གསལ་བའི་གཏོར་མ་ལ་གོ་དགོས་ལ། འདི་ནི་གཏོར་མ་ལ་བརྟེན་ནས་རང་ཉིད་ཀྱི་སྒྲུབ་པ་དེ་ཚད་ལྡན་དུ་སོང་མིན་རྟོགས་ཐུབ་པའི་ཚད་ཅིག་ཡིན། བླ་མ་མང་པོའི་རྣམ་ཐར་ནང་དུ་གཏོར་མ་ལས་མེ་འབར་བ་དང་། དུད་པ་འཐུལ་བ། འཕར་བ་སོགས་ཀྱི་རྟགས་བྱུང་ཚུལ་འཁོད་པའང་རྟགས་གཏོར་གྱི་སྐབས་ལ་གསུངས་པ་ཡིན།
རྒྱུན་གཏོར་ནི་དུས་རྒྱུན་དུ་ལྷ་དང་ཆོས་སྲུང་ལ་འབུལ་བའི་མཆོད་གཏོར་ལ་གོ་དགོས། དགོན་པ་ཁག་གི་མགོན་ཁང་ན་ཉིན་ལྟར་གཏོར་མ་གསར་པ་འབུལ་ཞིང་། རྙིང་པ་བརྗེས་ནས་རྒྱུན་དུ་བསྐང་བ་གསོ་ནས་གཏོར་མས་ཐུགས་དམ་བསྐངས་ཞེས་པ་ལྟར་རེད།
འཕྲལ་གཏོར་ནི་རྒྱུན་ལྡན་མ་ཡིན་པར་སྐབས་རེ་སྐབས་རེའམ། འཕྲལ་གྱི་དགོས་པའི་དབང་གིས་འབུལ་བའི་གཏོར་མ་ལ་གོ་དགོས། དཔེར་ན་མི་ཞིག་གམ། མི་ཚང་ཞིག་ལ་མོ་རྩིས་ཀྱི་ལུང་ལས་ལྷ་ཆོས་སྲུང་སོགས་གསོལ་དགོས་པའི་ལུང་བབ་ཚེ། འཕྲལ་སེལ་གྱི་ལུང་དོན་བསྒྲུབ་ཕྱིར་ཉིན་གཅིག་རང་བསྐང་གསོ་འདོན་པ་ལྟ་བུ་ལ་ཟེར་བ་ཡིན།
ཐུན་གཏོར་ནི་ལྷ་དང་ཆོས་སྲུང་སྒྲུབ་མཁན་གྱིས་ཐུན་མཚམས་རྣམས་སུ་འབུལ་བའི་གཏོར་མ་ལ་གོ་དགོས། ཉིན་གཅིག་ལ་ཐུན་དྲུག་དང་། ཐུན་བཞིར་བྱེད་སྲོལ་ཡོད་པ་རེད། དེ་འདྲའི་ཐུན་གཏོར་ཡང་འབུལ་བའི་དུས་ནི་ཐུན་རྣམས་ཀྱི་མཚམས་ཏེ། ཐུན་གྲོལ་ཁར་རམ་མཚམས་བཞག་ཁར་འབུལ་བའི་གཏོར་མ་ལ་ཟེར།
ཆུ་གཏོར་ནི་གཙོ་བོ་ཆུ་སྦྱིན་པ་དང་། ཆུ་དང་མཉམ་དུ་གཏོར་མ་འབུལ་བ་ལ་གོ་དགོས་ཤིང་གཏོར་མ་གཞན་ལ་བདུདརྩི་སོགས་བྲན་པ་ལས་ཆུ་དང་མཉམ་དུ་འབུལ་གྱི་མེད་ལ། འདི་ནི་ཆུ་དང་མཉམ་དུ་འབུལ་བ་ཡིན་པས་དེ་ལྟར་ཐོགས་ལ། ལ་ལས་ཆབ་གཏོར་ཡང་ཟེར། གཏོར་རིལ་བརྒྱ་དང་བཅུ་ཡོད་པས་གཏོར་མ་བརྒྱ་རྩ་ཡང་ཟེར་གྱི་ཡོད། ནོར་གྱི་ལྷ་རྣམས་དང་ཡི་དྭགས་འཇུར་གེགས་ཅན་ལྟ་བུ་ནི་ཆུ་ཙམ་མ་གཏོགས་མི་ཐོབ་ལ། དེ་ཡང་མ་སྦྱིན་ན་མི་ཐོབ་པས་ཆུ་ཡི་སྦྱིན་པ་གསུངས་ཡོད། བརྒྱ་རྩའི་ནང་དུ་མགྲོན་རིགས་ཀུན་ཚང་ཡོད་པས་ཆུ་གཏོར་སྤྱི་འདུས་ལྟ་བུ་ཡིན་པས་གྲུབ་མཐའ་ཚང་མའི་ནང་དུ་ལག་ལེན་བྱ་སྲོལ་ཡོད།
        ཀླུ་གཏོར་ནི་འགྲོ་བ་ཀླུ་ཡི་རིགས་ལ་གཏོར་མ་འབུལ་བའི་དོན་ཡིན་ལ། དེ་ནི་ཆུ་ལ་གནས་པའི་འགྲོ་བའི་རིགས་ཤིག་ཡིན་ལ། བརླན་གཤེར་གྱིས་བསྐྱེད་པའི་ནད་གཞི་བད་ཀན་དང་གྲང་བ་ཆུ་སེར་སོགས་ཆུ་ཁམས་དང་འབྲེལ་བའི་ནད་ཀུན་དང་འབྲེལ་བ་ཡོད་ལ། ཀླུ་ཡི་གནོད་པ་དེ་དག་སེལ་ཞིང་ཀླུ་དང་མི་གཉིས་ཀ་བདེ་བའི་ཐབས་ལ་ཆུ་གཏོར་གཏོང་བ་ཡིན། ཤ་ཆང་སྒོག་ཙོང་མི་ཟ་བ་ཡང་དེ་དག་གིས་ཀླུ་ལ་གནོད་པས་ཡིན་ལ། དཀར་གསུམ་མངར་གསུམ་དང་ཀླུ་སྨན་གྱིས་དེ་དག་ལ་ཕན་པས་ཡིན་ཞིང་དེ་དག་ལ་ཕན་ལ་རང་ཉིད་ལ་ཡང་ཕན་པ་ནི་ལྟོས་བཅས་ཡིན་པས་རེད།
        བགེགས་གཏོར་ནི་ཆོས་ཀྱི་བྱ་བ་སྒྲུབ་དུས་དེ་ལ་གེགས་བྱས་ནས་བར་གཅོད་ཀྱིས་བགེགས་པའི་གཟུགས་མེད་ཀྱི་འགྲོ་བའི་རིགས་ལ་བརྔན་པ་སྤྲད་རྒྱུའི་གཏོར་མ་ལ་གོ་དགོས། འདྲེ་གདོན་དེ་དག་ལས་ངན་གྱི་དབང་གིས་རང་བཞིན་གྱིས་གཞན་ལ་གནོད་སྐྱེལ་རྒྱུར་དགའ་བ་དང་། ལྷག་ཏུ་དམ་པའི་ཆོས་བྱེད་པ་ལ་གནོད་བྱེད་རྒྱུར་དགའ་བས་དེ་དག་ལ་ཐབས་མཁས་ཀྱིས་ལས་འདི་ལ་བར་ཆད་མི་བྱེད་པར་ས་ཆ་གཞན་དུ་སོང་ཞིག དེའི་བརྔན་པ་ལ་གཏོར་མ་འདི་སྤྲད་ཆོག་ཅེས་པ་ཡིན་ལ། འདི་ནི་བྱ་བའི་གང་བརྩམས་ཀྱི་སྔོན་དུ་འགྲོ་བས་ན་སྔོན་འགྲོའི་གཏོར་མ་ཡང་ཟེར།
བཞི་པ། གཏོར་མའི་མཆོད་སྦྱིན་གྱི་ཕན་ཡོན།
        སྤྱིར་གཏོར་མའི་འབུལ་ཡུལ་མི་འདྲ་བ་ལ་བརྟེན་ནས་གཏོར་མའི་བསྒོམ་བྱ་མི་འདྲ་བ་ཡོད་དེ། བླ་མ་དང་ཡི་དམ། མཁའ་འགྲོ།ཆོས་སྐྱོང་སོགས་འཁོར་སའི་གནས་སམ་རྟེན་གཞི་རུ་བསྒོམས་ནས་གཏོར་མ་ལ་ཡང་ཕྱག་མཚན་དང་གདན་ཁྲི། ཆ་ལུགས་རྫོགས་པ་བསྒོམས་ནས་མཆོད་ཅིང་བསྟོད་ནས་འབུལ། ཡང་མིའམ་སྒོ་ཕྱུགས་ཚབ་ཏུ་བསྒོམས་ནས་མིའམ་སྒོ་ཕྱུགས་ཀྱི་སྲོག་བླུ་བར་བྱེད་པ་གླུད་གཏོར་འཕེན་པ་ལྟ་བུ། ཡང་དྲག་པོའི་ལྷའམ་ཁྲོ་བོ་སོགས་སུ་བསྒོམས་ནས་གཏོར་མ་དེ་ཕ་རོལ་གྱི་དགྲ་བོ་ནད་གདོན་འདྲེ་བགེགས་བར་ཆད་སོགས་གནས་པར་འཕངས་ནས་གནོད་པ་ཞི་བར་བྱེད་པ། ཡང་ཡི་དྭགས་དང་འབྱུང་པོ། དྲི་ཟ་སོགས་ཀྱི་ཟན་དུ་བསྒོམས་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་བར་བྱེད་པ། གཞན་ཡང་དབེན་པའི་རྣལ་འབྱོར་པས་སྣོད་ཀྱི་འཇིག་རྟེན་གཏོར་མར་བསྐྱེད་པ། བཅུད་ཀྱི་སེམས་ཅན་མཆོད་རྫས་སུ་དམིགས་པ། རང་ལུས་ཀྱི་ཤ་རུས་གཏོར་མ། ནང་ཁྲོལ་མཆོད་རྫས། ཁྲག་ཆུ་སེར་བདུད་རྩིར་དམིགས་པ་སོགས་ཡིད་སྤྲུལ་གྱི་གཏོར་མའི་བསྒོམ་བྱ་ཡང་ཡོད་པར་གསལ།གཏོར་མའི་ཕན་ཡོན་ལ་ཕྱོགས་གསུམ་དུ་དྲིལ་ན། གཅིག་འཇིག་རྟེན་ཕུན་ཚོགས་ཀྱི་འདོད་པ་འགྲུབ་སྟེ། ཡར་གྱི་ལྷ་དགྱེས་པར་བྱས་ནས་རང་གི་སྡོང་གྲོགས་སུ་གྱུར་པས་སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང་ལྷ་རྣམས་ཀྱིས་བསྲུངས་ཤིང་སྐྱོབ། འཕྲིན་ལས་རྣམ་བཞི་འགྲུབ་པར་འགྱུར་ཞིང་ནོར་ལོངས་སྤྱོད་འཕེལ་ཞིང་འགྲོ་དོན་ཡིད་བཞིན་འགྲུབ་པ། བསོད་ནམས་དར་ཞིང་ཚེ་རིང་ནད་མེད། རླུང་རྟ་འཕེལ་བ། མི་དང་མི་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནད་གདོན་བགེགས་བར་ཆད། དུས་མ་ཡིན་པའི་འཆི་བ་སོགས་ཀྱིས་མི་འཚུག་པར་བྱེད་ལ། མི་མཐུན་ཕྱོགས་ལས་གྲོལ་ཞིང་དབང་དུ་བསྡུ་བ། མཐུ་སྟོབས་ཆེན་པོ་དང་གཟི་བརྗིད་ཆེན་པོ་དང་ལྡན་པར་འགྱུར་བ། དགྲ་བགེགས་སྒྲོལ་བ་སོགས་འགྲུབ་པར་བཤད་དོ། །གཉིས་གནས་སྐབས་བདེ་འགྲོ་འཐོབ་པ་ནི། དེས་ལྷ་མིའི་གོ་འཕང་འཐོབ་སྟེ། 《གཟུངས》ལས། ཡི་དྭགས་ཀྱི་ཁམས་ཏེ་མཐོ་རིས་ཀྱི་ལྷར་སྐྱེའོ། །ཞེས་ལྷར་སྐྱེ་བ་དངོས་སུ་བསྟན་པས་མིར་སྐྱེ་བ་ཤུགས་ལ་བསྟན་ཏོ། །གསུམ་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་ཐོབ་པར་འདོད་དེ། “གཏོར་མའི་མཆོད་སྦྱིན་ལ་ལམ་གྱི་གནད་ཀུན་ཚང་བ་ནི་སྦྱིན་པ་ལ་སོགས་ཀྱིས་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། འཁོར་གསུམ་རྣམ་པར་དག་པའི་ཟིན་པས་ཤེས་རབ་ཀྱིས་ཡེ་ཤེས་ཀྱི་ཚོགས་རྫོགས། དེ་ལ་བརྟེན་ནས་སྒྲིབ་གཉིས་ཟད་པར་སྤངས་ཏེ་བླ་ན་མེད་པའི་བྱང་ཆུབ་མྱུར་ཏུ་མངོན་པར་འགྱུར་རོ། །” [22] ཞེས་གསུངས་སོ། །མདོར་ན་གཏོར་མའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཕུན་ཚོགས་བདེ་བཞིའམ་འཕྲལ་ཕུགས་ལེགས་ཚོགས་ཀུན་གྱི་རྒྱུར་གྱུར་ཡོད། ཞིབ་མོར་རྒྱལ་བ་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི《གཏོར་མའི་ལག་ལེན་ཚིག་ཉུང་དོན་གསལ་འཁྲུལ་སྤོང་ཉིན་བྱེད》དང་གཞུང་འདི་ཁུངས་བྱས་ནས་བརྩམས་པའི་རོང་བོ་བློ་བཟང་དགེ་འདུན་གྱི་གཏོར་མའི་ཕན་ཡོན་ལ་མཇལ་བར་ཞུ། །
        ཟུར་བལྟའི་དཔྱད་གཞི། 
        [1] [2] བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2012:70.71.
        [3] ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2012:130.
        [4] བོད་ཀྱི་ལོ་རྒྱུས་སྟེང་དྲན་པ་ནམ་མཁའི་མིང་ཅན་གསུམ་ཡོད་དེ། སྟག་གཟིག་གི་དྲན་པ་ནམ་མཁའ་དང་ཞང་ཞུང་གི་གྱེར་སྤུངས་དྲན་པ་ནམ་མཁའ། དྭགས་པོའི་དམུ་བོན་དྲན་པ་ནམ་མཁའ། ད་དུང་རྗེ་གྲི་གུམ་སྐབས་སུའང་དྲན་པ་ནམ་མཁའ་ཞིག་ཡོད་པར་གྲགས། འདིར་དམུ་བོན་དྲན་པ་ནམ་མཁའ་ཡིན་ལ་བན་བོན་གཉིས་ཀྱི་ཆོས་མཁས་པར་བཞེད།
        [5] སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར། མི་རིགས་དཔེ་སྐྲུན་ཁང་།2010:349.
        [6] [11] [16] ཞྭ་དམར་སྐུ་ཕྲེང་ལྔ་པ། གཏོར་མའི་དེ་ཉིད་བདུད་རྩིའི་དགའ་སྟོན། ཤིང་དཔར་སྣ་རིང་། .3.1.1.
        [7] [8] མཆུ་སྡེ་ལྔ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1997:188.
        [9] དུང་རྡོ་རྗེ། བསྟན་འགྱུར་དཀར་ཆག་བོད་རྒྱ་ཤན་སྦྱར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 19890:617.
        [10] [12] [13] དགེ་འདུན་ཆོས་འཕེལ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས། དེབ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990:64.19.169.
        [14] 陈麟书著 宗教伦理学概论[ M ] 北京宗教文化出版社,2006:8.
        [15] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002:583.
        [17] [19] [20] [21] བཀྲ་ཤིས་རྒྱ་མཚོ་སོགས་ཀྱིས་མཛད།གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990:69.61.61.69.
        [18] འགྲོ་མགོན་ཕག་གྲུ་པ། གཏོར་མའི་དེ་ཉིད་བཞུགས་སོ། ། [M] སྣ་རིང་ལག་བྲིས་མ། ཤོག་ངོས3སྲིབ་ཤོག
        [22] རྒྱལ་བ་རྒྱ་མཚོས་བསྒྲིགས། ལྷ་ཚོགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2001:298.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1