འགོ་ཚུགས་མཛད་སྒོ་སྤེལ་ཡུལ་ཡིན་པ།
དཀར་མཛེས་ཉིན་རེའི་ཚགས་པར་ནས་གནས་ཚུལ་འབྱོར་གསལ། ཟླ་8ཚེས་15ཉིན། དཀར་མཛེས་རྫོང་གིས“རྒྱང་བསྐྱོད་ལམ་བུའི་ཐོག་ལོ་ངོ་70ཡི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཕུགས་འདུན”ཞེས་པའི་ཀྲུང་གོའི་དཀར་མཛེས་ཀྱི་སྐབས་གསུམ་པའི་འབྲུག་མོའི་སྟོན་བསུའི་དུས་ཆེན་དེ་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གེ་སར་མཁར་གྲོང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། བརྗིད་ཉམས་ལྡན་པའི་གེ་སར་མཁར་གྲོང་དེ་དགའ་སྤྲོ་འཁོལ་བའི་རྒྱ་མཚོ་བཞིན་དུ་སྣང་། དཀར་མཛེས་རྫོང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་གླུ་ལེན་གར་འཁྲབ་དང་དགའ་འཛོམས་ཀྱིས་མཉམ་དུ་སྟོན་བསུའི་དུས་ཆེན་འགོ་ཚུགས་པར་བསུ་བ་ཞུས་པ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་ཏེ། མི་རིགས་མཐུན་སྒྲིལ་ལ་དགའ་བ་དང་མཛེས་སྡུག་ལྡན་པའི་མ་འོངས་པར་ཡིད་སྨོན་བྱེད་ཚུལ་མཚོན་པར་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ཚོན་ཁྲ་ཅན་གྱི་ལྒང་བུ་མཁའ་དབྱིངས་སུ་འཕུར་ཞིང་ཤོག་སྦག་གི་སྒྲ་གང་སར་ཁྱབ། ལས་བྱེད་པ་དང་མང་ཚོགས་ཁྲི་ཕྲག་མང་པོས་ལག་གདང་སྦྲེལ་ནས་དུས་ཆེན་གྱི་ཡོལ་བ་ཆེན་པོ་ཕྱེས་ཏེ། ཐུན་མོང་ཐོག“རིག་གནས་དང་ཡུལ་སྐོར་མཉམ་འདྲེས”ཀྱི་ངོ་མཚར་ཆེ་བའི་དུས་སྐབས་སྤྱོད་པ་རེད།
དཀར་མཛེས་རྫོང་གི་སྟོན་བསུའི་དུས་ཆེན་དེ་གླིང་ག་བཏང་བ་ནས་རིམ་འགྱུར་བྱུང་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཉིན་8ཡིན་ལ། “རྒྱང་བསྐྱོད་ལམ་བུའི་ཐོག་ལོ་ངོ་70ཡི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཕུགས་འདུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“རྟ་རྒྱུག་འགྲན་བསྡུར་ལ་ལྟ་བ་དང་། གླུ་གར་ལ་རོལ་བ། རྩལ་འགྲན་འགྲན་བསྡུར་བྱེད་པ”སོགས་ཀྱི་་བྱེད་སྒོ་འདུས་ཡོད། དེའི་ནང་མི་རིགས་ཀྱི་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་དང་། ལྷ་མོའི་འཁྲབ་སྟོན། གཞོན་ནུ་གཞས་པའི་གླུ་གཞས་ཆེད་ཚོགས། རྟ་རྩལ་འཁྲབ་སྟོན། ཁྱད་ལྡན་ལུས་རྩལ་བྱེད་སྒོ། བརྗོད་བྱ་གཙོ་བོའི་མེ་ཏོག་འགྲེམས་སྟོན་སོགས་བྱེད་སྒོ་གཙོ་བོ་ཁག་15ཚུད་ཡོད་པ་རེད། བྱེད་སྒོ་ཧྲིལ་པོའི་ནང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། སྒྱུ་རྩལ་འགྲེམས་སྟོན། རྩལ་འགྲན་འགྲན་བསྡུར། རྒྱལ་གཅེས་ཀྱི་བྱ་སྤྱོད། དབུལ་སྐྱོར་ཟོག་འདྲེན་སོགས་གཞི་རྒྱུ་མང་པོ་འདུས་ཡོད། “རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། ལུས་རྩལ་དང་ཡུལ་སྐོར་མཉམ་སྐྱོད། སྒྱུ་རྩལ་དང་ཡུལ་སྐོར་མཉམ་འགུལ། ཞིང་ལས་དང་ཡུལ་སྐོར་མཉམ་སྐུལ། ཚོང་དོན་དང་ཡུལ་སྐོར་མཉམ་སྤྱོད”སོགས་ཕྱོགས་ལྔ་གཞི་གཅིག་གི་ཁྱད་ཆོས་མངོན་ཡོད། ད་ཐེངས་ཀྱི་བྱེད་སྒོ་ནི“ཁོངས་ཡངས་ཀྱི་དཀར་མཛེས་དང་། ཐོན་ལས་ཀྱི་དཀར་མཛེས། རིག་གནས་ཀྱི་དཀར་མཛེས། ཤེས་རབ་ཀྱི་དཀར་མཛེས། ཤེས་དཔལ་གྱི་དཀར་མཛེས། ལྗང་མདོག་གི་དཀར་མཛེས”བཅས་མངོན་པའི་མཛད་སྒོ་གཟབ་རྒྱས་ཤིག་རེད། བྱེད་སྒོའི་དམིགས་ཡུལ་ནི་ལྟ་ཕྱོགས་མང་པོ་དང་ཕྱོགས་ཡོངས་ནས་དཀར་མཛེས་རྫོང་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཏེ། དམངས་ཁྲོད་སྒྱུ་རྩལ་གྱི་ཉམས་འགྱུར་མངོན་པ་དང་། དམངས་སྲོལ་རིག་གནས་ཀྱི་སྙིང་བཅུད་བརྒྱུད་སྤེལ་བྱས་ནས། ས་གནས་ཀྱི་ཁྱད་ལྡན་རིག་གནས་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་དཀར་མཛེས་རྫོང་འདི་ཉིད་གེ་སར་རིག་གནས་ཀྱི་ཡུལ་སྐོར་བྱེད་ཡུལ་་དུ་གྱུར་བ་བྱེད་པ་དེ་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོ་ནས་བཟུང་དཀར་མཛེས་རྫོང་གིས་ཐོག་མཐའ་བར་གསུམ་དུ“རྫོང་གི་དབུལ་ཞྭ་ཕུད་པའི”དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་བླང་བྱར་དམིགས་ནས། དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་པས་ད་བར་རྫོང་དེ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་129དང་དུད་ཚང་3265ཡི་མི་འབོར་དབུལ་པོ་15269དབུལ་སྒྲོལ་ཐུབ་ནས་དབུལ་པོ་ཐོན་ཚད་0.64%བར་ཆག་ཡོད། ད་ལོའི་ཟླ་2ཚེས་14ཉིན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་ཏེ་དཀར་མཛེས་རྫོང་དེ་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱ་རྒྱུར་ཆོག་མཆན་སྤྲད་པ་རེད།
http://tibet.people.com.cn/15821128.html