རྡོ་རྗེ་མཚོ་མོ་མཇུག་གནས་སུ་འབྱོར་ལ་ཉེ་བ།
ཤིན་ཧྭ་དྲ་བ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། “ཨང་དང་པོར་དམིགས་ནས་འགྲན་བསྡུར་ནང་ཞུགས་མོད། འོན་ཀྱང་མཐར་ཨང་གཉིས་པ་མིན་མ་ལོན། ཡིན་ནའང་མི་སྐྱོན་ཀི་ཨང་དང་པོ་ཡང་ངའི་རུ་གྲོགས་ཤིག་རེད། མོ་རང་གིས་རྒྱུན་ཆད་མེད་པར་འབད་པ་དོན་གཉེར་བྱེད་པའི་རེ་བ་ཡོད”ཅེས་རྡོ་རྗེ་མཚོ་མོས་འཛུམ་མདངས་སྟོན་བཞིན་བཤད། འགྲན་བསྡུར་ཁྲོད་གློ་བུར་དུ་དབུགས་འཚང་བའི་རྐྱེན་གྱིས་ཁོ་མོས་ཨང་དང་པོ་ཤོར་བ་རེད།
ཟླ་8ཚེས་15ཉིན། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་གསུམ་པའི་གོམ་བགྲོད་རྣམ་གྲངས་ཀྱི་སྤྱིའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ལུས་རྩལ་པ་རྡོ་རྗེ་མཚོ་མོས་ཨམ་གཙིགས་བསྡམས་ནས་རྒྱང་རྒྱུག་འབྲིང་མའི་རྣམ་གྲངས་ཀྱི་སྨི་10000ཡི་འགྲན་བསྡུར་ལེགས་སྒྲུབ་བྱས་པ་རེད། “ཇི་ལྟར་བྱས་ཀྱང་ངས་བློས་གཏོང་མི་སྲིད། ན་ཟུག་བྱུང་ནའང་རྒྱུན་འཁྱོངས་བྱས། བཟོད་བསྲན་བྱས་ན་མཐའ་སྣེ་དང་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར” འགྲན་བསྡུར་བྱས་རྗེས། གྲོད་གཟེར་གྱིས་རྡོ་རྗེ་མཚོ་མོ་ལ་མིག་ཆུ་ཤོར་དུ་བཅུག་མོད། འོན་ཀྱང་ཁོ་མོའི་གཞོན་མདོག་རྒྱས་པའི་ངོ་གདོང་ནས་ནམ་ཡང་འཛུམ་མདངས་མངོན།
ལོ་17ལ་སླེབས་པའི་རྡོ་རྗེ་མཚོ་མོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ནས་ཡིན་ཞིང་། 2019ལོའི་ཟླ་5པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་རྒྱང་རྒྱུག་རུ་ཁག་ཏུ་ཞུགས་ནས་སློབ་སྦྱོང་དང་སྦྱོང་བརྡར་བྱས་པ་རེད། སློབ་གྲྭར་འབྱོར་མ་ཐག་རྒྱལ་ཡོངས་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་རྒྱང་རྒྱུག་འདེམས་སྒྲུག་འགྲན་བསྡུར་ལ་ཞུགས། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་གཞོན་ནུ་ཚོགས་པའི་རྒྱང་རྒྱུག་འབྲིང་མའི་རྣམ་གྲངས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཏེ་ཨང་བཅུ་པ་བླངས། འདི་ནི་ཁོ་མོ་ཐེངས་དང་པོར་རྒྱལ་ཡོངས་ཀྱི་འགྲན་བསྡུར་ལ་ཞུགས་པ་ནས་མདུན་གྱི་ཨང་བཅུ་པར་སླེབས་པ་དེ་རེད།
གྲུབ་འབྲས་དེར་རྡོ་རྗེ་མཚོ་མོ་ཡི་རྩལ་ཁྲིད་པ་ངག་དབང་བསོད་ནམས་ཀྱིས་དགའ་ཞིང་བློ་བདེ་བའི་ངང“ཁོ་མོ་ཐེངས་དང་པོར་རྒྱལ་ཡོངས་ཀྱི་འགྲན་བསྡུར་ཆེན་མོར་ཞུགས་པར་མདུན་གྱི་ཨང་བཅུ་པར་སླེབས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། མཚོ་བོད་མཐོ་སྒང་གི་ཕྲུ་གུ་ཚོ་ཐེག་ཤུགས་ཆེ་ཞིང་ལུས་སྟོབས་ཆེ་བས་གསོ་སྐྱོང་ཡག་པོ་བྱས་ན་མ་འོངས་པར་གར་སྟེགས་དེ་བས་ཆེན་པོར་སླེབས་ཐུབ་ངེས་རེད”ཅེས་བརྗོད།
ཟླ་8ཚེས་15ཉིན་གྱི་འགྲན་སྡུར་ལ་ཞུགས་ཆེད། རྡོ་རྗེ་མཚོ་མོ་དང་མོ་རང་གི་རུ་གྲོགས་ཚོས་དབྱར་ཁའི་གུང་གསེང་རིང་རྨ་ལྷོ་ཁུལ་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་མཐུན་ཚོགས་ཀྱི་མཛུབ་ཁྲིད་དང་སྣེ་ཁྲིད་འོག རྩལ་སློབ་དགེ་རྒན་གྱིས་བློ་རྩེ་གཅིག་སྒྲིམ་གྱིས་སྦྱོང་བརྡར་བྱས་པ་བརྒྱུད། ཉིན་ལྟར་དཀའ་སྤྱད་ཀྱིས་སྦྱོང་བརྡར་བྱས་པ་ལ། དེ་སྔོན་གྱི་གྲ་སྒྲིག་འགྲན་བསྡུར་ནང་ཁོང་ཚོ་ཐེངས་གསུམ་ཞུགས་ཡོད།
མཐར་རྡོ་རྗེ་མཚོ་མོའི་བསམ་དོན་དེ་ཙམ་འགྲུབ་མ་ཐུབ་ཀྱང་། ཉིན་དེར་འགྲན་བསྡུར་མཇུག་བསྒྲིལ་རྗེས། རྩལ་ཁྲིད་པ་ངག་དབང་བསོད་ནམས་ཀྱིས་རྡོ་རྗེ་མཚོ་མོ་ལ་སེམས་གསོ་བྱས་པ་དང་། རུ་གྲོགས་ཚོས་ཀྱང་ཁོ་མོར“དེ་ནི་འགྲན་བསྡུར་ཁྲོད་དབུགས་འབྱིན་རྔུབ་དང་གོམ་སྟབས་སོགས་ཀྱི་ཐད་གཞོགས་འདེགས་ཡག་པོ་བྱས་མེད་པ་ལས་བྱུང་བ་ཞིག་རེད། ན་གཞོན་ལུས་རྩལ་པར་ཉམས་མྱོང་མི་འདང་ལ། འདི་ནི་རྒྱུན་ལྡན་གྱི་དོན་དག་ཞིག་རེད། ཁྱོད་ཀྱིས་ད་ཐེངས་ཀྱི་འགྲན་བསྡུར་ནང་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱས་ན་བཟང”ཞེས་ཁ་ཏ་དང་སྐུལ་སློང་བཏང་བ་རེད།
རྩལ་ཁྲིད་པ་དང་རུ་གྲོགས་ཚོའི་སེམས་གསོར་བརྟེན་ནས་རྡོ་རྗེ་མཚོ་མོའི་ཁམས་ཇེ་དྭངས་སུ་གྱུར་བ་དང་ན་ཟུག་ཡང་ཇེ་འཇམ་དུ་གྱུར། རྡོ་རྗེ་མཚོ་མོས“ང་ཆུང་དུས་ལུག་འཚོ་རྒྱུར་ཧ་ཅང་དགའ་པོ་ཡོད། ཁྱིམ་ནས་རི་འགོའི་བར་ཕར་འགྲོ་ཚུར་འོང་ཐེངས་གཅིག་ལ་སྤྱི་ལེ་7ཙམ་ཡོད་ཀྱང་ནམ་ཡང་ཐང་ཆད་མ་མྱོང་། སྐབས་དེར་ངས་ཀྱང་འདི་ལྟར་བརྒྱུགས་ན་དོན་སྙིང་ཅི་ཞིག་ཡོད་པ་མ་ཤེས། འོན་ཀྱང་ཐེངས་རེར་རྒྱུགས་ཚར་རྗེས་ང་རང་ཧ་ཅང་དགའ་པོ་བྱུང་། རྗེས་སུ་ང་ལུས་རྩལ་སློབ་གྲྭར་སོང་ནས་ཆེད་ལས་སྦྱོང་བརྡར་དང་ལེན་བྱེད་སྐབས་ངས་ད་གཟོད་ཅིའི་ཕྱིར་རྒྱུག་དགོས་པ་དང་གང་ལ་རྒྱུག་དགོས་པ་སོགས་ཤེས་སོང”ཞེས་བཤད་པ་དང་། ལུས་རྩལ་སློབ་གྲྭ་ནས་ཐོན་རྗེས་ཤེས་བྱ་མི་ཉུང་བ་ཞིག་བསླབས་ལ། ཆེད་ལས་རྩལ་ཁྲིད་པས་ཁོང་ཚོའི་སྣེ་ཁྲིད་དེ་སྦྱོང་བརྡར་བྱས་ཤིང་། ཉིན་ལྟར་ལས་འགན་སྒྲུབ་རྒྱུ་ཡོད་པས་རང་ཉིད་ཀྱང་མགྱོགས་པོར་འཚར་ལོངས་བྱུང་སོང་ཟེར།
རྡོ་རྗེ་མཚོ་མོས་གསར་འགོད་པར་མོ་རང་གི་སེམས་ལ་དགའ་མོས་བྱ་ས་ཞིག་ཡོད་པ་དེ་ནི་ཆོས་གཡང་སྐྱིད་ཡིན་ཟེར། “ང་ཨ་ཅེ་ཆོས་གཡང་ལགས་ལ་དགའ་པོ་ཡོད། མོས་འབད་བརྩོན་བྱས་པའི་རྣམ་པ་ཧ་ཅང་མཛེས་ལ། ཉིན་ཞིག་ང་ཡང་མོ་རང་དང་འདྲ་བར་རྒྱལ་སྤྱིའི་འགྲན་རར་ཞུགས་ནས་འཛུམ་མདངས་སྟོན་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད། ཅུང་མ་འགོར་བར། རྡོ་རྗེ་མཚོ་མོ་དང་རུ་གྲོགས་ཚོ་བྱ་དགའ་ལེན་སའི་སྟེགས་བུའི་ཐོག་ལངས་ལ། ཁོ་མོའི་གདོང་ལ་སླར་ཡང་འཛུམ་མདངས་ཤར་བྱུང་། མོ་རང་གིས་བཤད་པ་ནང་བཞིན། སྙིང་རུས་ཆེན་པོས་སྦྱོང་བརྡར་བྱས་ཏེ་རང་ཉིད་དེ་བས་ཕུལ་བྱུང་དུ་འགྱུར་བར་བཅུག་ན། ནམ་ཞིག་རྒྱལ་སྤྱིའི་འགྲན་རར་བསྐྱོད་ཐུབ་རྒྱུ་རེད།
རྡོ་རྗེ་མཚོ་མོ(མདུན་གྲལ་གཡོན་གྱི་གཉིས་པ)རྩལ་ཁྲིད་པ་དང་རུ་གྲོགས་དང་མཉམ་དུ་པར་བརྒྱབ་པ།