གོམ་སྟབས་བརྟན་པོས་མདུན་དུ་སྐྱོད།

དབང་འདུས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-18


—དཀར་མཛེས་རྫོང་གི་དབུལ་སྒྲོལ་ཕྱུག་འགྱུར་འཕེལ་རྒྱས་སྐོར་གྱི་དངོས་བྲིས།


 མཁར་གྲོང་གཅིག

        སྤྱི་ལོ་2014ལོར་ཀྲུང་དབྱང་གིས་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་མོར་གནང་བའི་སྐབས་དང་བསྟུན་ནས་དཀར་མཛེས་རྫོང་ཏང་སྲིད་གཉིས་ནས་དབུལ་ཕོངས་གྲོང་པ་128ཡི་ཡོང་འབབ་ལ་དམིགས་ཤིང་ཁུངས་ལྡན་ལོ་རྒྱུས་དང་བསྟུན་ནས་དཀར་མཛེས་རྫོང་གྲོང་གི་ཤར་ལྷོའི་མཚམས་སུ་གེ་སར་མཁར་གྲོང་བསྐྲུན། གེ་སར་མཁར་གྲོང་ནི་དཀར་མཛེས་རྫོང་གྲོང་གི་ཤར་ལྷོའི་མཚམས་སུ་ཆགས་ཤིང་འཛུགས་སྐྲུན་རྒྱ་ཁྱོན་གྱིས་མུའུ་1455ཟིན་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་6.3བཏང་ཡོད། དེ་ནི་རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་ཚོ་128ཡི་མང་ཚོགས་ཀྱི་བསམ་འཆར་དང་ལེན་མཛད་ཅིང་འབངས་མི་ཚང་མ་མཉམ་ཞུགས་གནང་བའི་ལས་གཞི་ཆེན་པོ་ཞིག་ཡིན་པ་མ་ཟད། སྲིད་གཞུང་དང་ཁེ་ལས། ཐུན་མོང་། ཡུལ་དམངས་བཅས་མཉམ་འབྲེལ་གྱི་རྣམ་པས་གྲུབ་པའི་ལས་གཞི་ཞིག་ཀྱང་ཡིན། 2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ལས་གཞི་འདི་ལ་ཆོག་མཆན་ཐོབ་པ་དང་། 2017ལོའི་ཟླ་དང་པོར་རྨང་འཛུགས་མཛད་སྒོ་སྤེལ། 2017ལོའི་ཟླ་དྲུག་པར་དངོས་སུ་མགོ་བརྩམས། 2018ལོའི་ཟླ་བཅུ་གཉིས་པར་འཛུགས་སྐྲུན་གྲུབ། 2019ལོའི་ཟླ་བ་9པར་གེ་སར་གནམ་གྲུ་ཐང་ལེགས་གྲུབ་བྱུང་བ་དང་མཉམ་དུ་དངོས་སུ་བཀོལ་སྤྱོད་འཁོར་རྒྱུག་བྱས། གེ་སར་མཁར་གྲོང་ནི་གླིང་རྗེ་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེ་དབུས་སུ་བསྐྲུན་ཏེ་གླིང་གི་དཔའ་རྟུལ་སུམ་ཅུ་སོ་སོའི་བཙན་རྫོང་གིས་མཐའ་ནས་བསྐོར་ཞིང་། ཕོ་བྲང་སེང་འབྲུག་སྟག་རྩེའི་རྒྱབ་ཏུ་འབྲུག་མོའི་བླ་མཚོ་དྭངས་ཤིང་གསལ་བ་ཞིག་ཀྱང་ཡོད། ཕོ་བྲང་བཞེངས་སྐྲུན་ཐད་གནའ་དེང་རིག་གནས་ཀྱི་ཉིང་བཅུད་བླངས་ནས་གཞི་སྒྲོམ་ཨར་འདམ་དང་ངར་ལྕགས་ཀྱིས་བསྐྲུན་ཞིང་། བཟོ་བཀོད་བོད་ཀྱི་གནའ་བོའི་ཁྱད་ཆོས་འབུར་དུ་བཏོན་ཡོད། མཁར་གྲོང་འཁོར་སྐྱོད་བྱེད་སྟངས་ཐད། དམངས་ཕན་གྱི་ལས་གཞི་ཡིན་ཐོག་རང་སྐྱོང་ཁུལ་གྱིས་ལྔ་འཆར་བཅུ་གསུམ་པའི་དགོངས་དོན་ལྟར་ཁུལ་ཡོངས་ལྗོངས་རྒྱུ་ཡི་གནས་མཆོག་ཅིག་ཏུ་འཛུགས་སྐྲུན་དགོས་པའི་སྐོར་གྱི་དགོངས་པ་བླངས་ནས་ཡུལ་སྐོར་གྱི་གྲོང་ཁྱེར་ཁྱད་དུ་འཕགས་པ་ཞིག་བསྐྲུན་ཡོད་དེ། སྤྱི་ཡི་རྣམ་པར་གནའ་ཉམས་དོད་ལ་ནང་གི་འཚོ་བ་གནའ་དེང་ཟུང་འབྲེལ་བྱས་ཡོད་དེ། རང་བྱུང་ཚ་ཆུའི་མགྲོན་ཁང་དང་གནའ་དེང་གི་ཟས་རིགས་སྣ་ཚོགས་ལོངས་སུ་སྤྱོད་ཆོག་པའི་གསོལ་ཁང་། སྤྲོ་སྐྱིད་ཁང་། ཚོང་ཁང་། ཇ་ཁང་། རོལ་རྩེད་ཁང་སོགས་མདོར་ན་ཡུལ་སྐོར་བ་ལ་དམིགས་ནས་མགྲོན་པོ་བློ་ཚིམ་ཞིང་བདག་པོར་ཡོང་འབབ་ཡོད་པའི་གཉིས་ཕན་གྱི་ཐབས་ཇུས་གང་ལེགས་བཀོད་འདུག །

 འགྲུལ་ལམ་གཉིས།
        སྐམ་ལམ། འགྲུལ་བཞུད་ཀྱི་ལམ་གཅིག་ནི་སྐམ་སའི་ཐོག་གི་གཞུང་ལམ་སྟེ་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་གནའ་བོའི་ཇ་རྟའི་ཚོང་ལམ་ལ་གཞིགས་ནས་1954ལོར་མི་དམངས་བཅིངས་འགྲོལ་དམག་གི་ཨར་ལས་དམག་དང་མི་དམངས་བཟོ་པའི་དཀའ་སྤྱད་སྙིང་སྟོབས་དར་སྤེལ་བཏང་ནས་ཁྲོན་བོད་གཞུང་ལམ་སྐྲུན་པ་དེ་ཡིན། རྒྱལ་ཁབ་རིམ་པའི་གཞུང་ལམ་317ནི་ཤར་སི་ཁྲོན་ནས་ནུབ་བོད་ལྗོངས་བར་བསྲིངས་པའི་གཞུང་ལམ་དྲ་བ་ཞིག་ཡིན་པས། དཀར་མཛེས་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒོ་མོ་འབྱེད་ཅིང་། མི་རིགས་ཁག་གི་འགྲིམ་འགྲུལ་མི་བདེ་བའི་དཀའ་སྡུག་སེལ། ཅ་ལག་དབོར་འདྲེན་བྱ་བར་མི་དང་རྟ་ཟོག་གི་ཤུགས་ལ་བརྟེན་དགོས་པའི་ལོ་རྒྱུས་ཀྱི་མཇུག་སྒྲིལ། ཐོག་མ་རྒྱལ་ཁབ་གཞུང་ལམ་དང་དེ་ནས་ཞིང་ཆེན་གཞུང་ལམ། མཐའ་མར་རྫོང་དང་ཡུལ་ཚོའི་གཞུང་ལམ། གྲོང་པ་དང་ཐ་ན་དུད་ཚང་འགྲོ་ལམ་བཅས་རིམ་པས་སྐྲུན་ཞིང་། གཞུང་ལམ་གྱི་སྤུས་ཚད་དང་རྒྱ་ཁྱོན། རིང་ཚད་ཀྱང་ལོ་ལྟར་ཇེ་ལེགས་དང་ཇེ་ཆེ། ཇེ་རིང་དུ་སོང་སྟེ། ཐོག་མའི་ས་རྡོའི་ལམ་སྐྱ་སྐྱ་ནས་སྲ་ཞིང་མཁྲེགས་པའི་ཨར་འདམ་གྱི་ལམ་ལ་བསྒྱུར་ཞིང་དེ་ནས་ཡངས་ཤིང་ཁོད་སྙོམས་ལ། གནག་ཅིང་འོད་འཕྲོ་བའི་སྣུམ་ལམ་དུ་བསྒྱུར། རྟ་པའི་ཟླ་ལམ་དེ་རླངས་འཁོར་གྱི་ཉིན་ལམ་དུ་གྱུར། གཞུང་ལམ་ལོགས་གཉིས་སུ་རྒྱ་བོད་དབྱིན་གསུམ་བྲིས་པའི་བརྡ་དང་རྟགས་མཚོན་ཇི་སྙེད་བཙུགས་ཡོད་པ་དེས་འགྲུལ་བཞུད་པ་ལ་ཕྱོགས་སྟོན་གྱི་སྟབས་བདེ་བསྐྲུན། སྤྱི་ལོ་2018ལོར་ཞིང་ཆེན་གྱི་དཔེ་སྟོན་གྲོང་གསེབ་གཞུང་ལམ་ཡོངས་ཁེབས་ཀྱི་ཡུལ་དངོས་ཚོགས་འདུ་དེ་དཀར་མཛེས་རྫོང་དུ་ཚོགས་ཤིང་གྲོང་གསེབ་གཞུང་ལམ་གྱི་བཞི་བཟང་བྱ་དགའ་ཡང་དཀར་མཛེས་རྫོང་འགྲིམ་འགྲུལ་ཅུས་ལ་གནང་། དེས་དཀར་མཛེས་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་འགྲིམ་འགྲུལ་སྐོར་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གང་ལེགས་བྱས་ཏེ་དམངས་ཕན་གྱི་ལས་གཞི་ཡག་པོ་བསྒྲུབས་ཡོད་པ་མཚོན་ནོ།
        མཁའ་ལམ། འགྲུལ་བཞུད་ཀྱི་ལམ་གཞན་ཞིག་སྟེ་མཁའ་ལམ་མམ་གནམ་གྲུ་ཡིན་ཏེ། མཚོ་འཕགས་4068ཅན་གྱི་དཀར་མཛེས་གེ་སར་གནམ་ཐང་ནི། སྤྱི་ལོ་2017ལོའི་ཟླ་6པར་ལས་མགོ་བརྩམས་ཤིང་། 2019ལོའི་ཟླ་9པའི་ཚེས་16ཉིན་ལ་དངོས་སུ་འཕུར་སྐྱོད་ཐུབ། དེ་ནི་དཀར་མཛེས་ཁུལ་གྱི་དམངས་སྤྱོད་གནམ་ཐང་གསུམ་པ་དེ་ཡིན། དཀར་མཛེས་ནས་ཁྲེན་ཏུའུ་ཡི་མཁའ་ལམ་འབྱེད་པ་དེས་ད་ལོར་ཡུལ་སྐོར་བའི་གྲངས་འབོར་མང་དུ་འཕར། ཡུལ་སྐོར་བས་རྒྱལ་མཚམས་བརྒལ་བའི་ཚད་ཀྱང་མཐོ་རླབས་སུ་ཕྱིན། དངོས་སུ་ཁམས་བྱང་ལ་ཡུལ་སྐོར་དང་དཀར་མཛེས་སུ་ཞག་སྡོད་ཅེས་པ་དེ་མངོན་དུ་གྱུར། དེ་དང་ཆབས་ཅིག་དོན་དངོས་ཐོག་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་དེ་ཕྱི་རོལ་གྱི་མི་ལ་སྟོན་ཐུབ་ཅིང་ཕྱི་རོལ་གྱི་མི་རྣམས་དང་འབྲེལ་འདྲིས་ཀྱི་ཟམ་པ་བཙུགས་ཐུབ་སོང་། གེ་སར་གནམ་ཐང་འཛུགས་པ་ནི་རྒྱལ་ཁབ་ཀྱི་ནུབ་ཁུལ་ཐོན་འབྱེད་འཐབ་ཇུས་དང་དཀར་མཛེས་འགྲིམ་འགྲུལ་མཐུན་རྐྱེན་ཇེ་ལེགས་གཏོང་བའི་དགོས་མཁོ་དང་བསྟུན་ཡོད་པས། གནམ་ཐང་འབྱེད་པ་དེས་དཀར་མཛེས་རྫོང་གི་འཕེལ་རྒྱས་ལ་བར་སྣང་གི་འགྲོ་ལམ་ཞིག་གཏོད་སོང་། དེས་ས་གནས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་སྐུལ་བ་མ་ཟད། ཕྱོགས་བཞིའི་ཡུལ་སྐོར་སྐུ་མགྲོན་རྣམས་ཀྱི་འགྲོ་འདུག་དཀའ་ངལ་ཡང་སེལ་ཐུབ་པ་བྱུང་། །

 མཐོར་འདེགས་གསུམ།
        འགྲིམ་འགྲུལ་སྐྱེལ་འདྲེན་ནུས་པ་མཐོར་འདེགས། དཀར་མཛེས་རྫོང་འདིའི་ས་བབ་ཆགས་ཚུལ་དང་ས་མཚམས་འབྲེལ་ཚུལ་ལ་གཞིགས་ཏེ་སྐྱེལ་འདྲེན་ལས་རིགས་ཀྱི་ནུས་པ་མཐོ་རུ་བཏེགས། བཅིངས་འགྲོལ་མ་གཏོང་སྔོན་ནས་ཏྲེ་ཤོད་གངས་ཀྱི་ར་བའམ་ཏྲེ་བོ་ཁམས་པའི་ཡུལ་དུ་ཚོང་འདུས་བྱེད་གནས་མང་ཙམ་ཡོད་དེ། ལོ་རྒྱུས་ཐོག་གྲགས་པའི་ཚོང་དཔོན་ནོར་བུ་བཟང་པོ་ཡང་ཁམས་དཀར་མཛེས་བརྒྱུད་དེ་སྟོད་ཀྱི་ལྷ་ས་དང་སྨད་ཀྱི་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ཚོང་འགྲིམ་མཛད་པའི་ལོ་རྒྱུས་ཡོད། དེ་བཞིན་གནའ་བོའི་དགོན་སྡེ་ཁག་དང་བླ་བྲང་ཁག་གི་གཉེར་པ། ས་གནས་དཔོན་པོའམ་ས་བདག་ཁག་གི་ཚོང་པ་རྣམས་ཀྱིས་ཀྱང་ཡུལ་འདི་ལ་ཚོང་འདུས་ཀྱི་གནས་བཙུགས་ཏེ་ཚོང་ལས་གཉེར་བའི་ལོ་རྒྱུས་མང་། བཅིངས་འགྲོལ་བཏང་རྗེས་རིམ་པས་སྐྱེལ་འདྲེན་ནུས་པ་མཐོ་རུ་བཏེགས་པས། དེང་སང་ཁམས་བྱང་ཅ་དངོས་བསྡུ་འགྲེམ་ལྟེ་གནས་ཀྱི་མིང་བྱང་འགེལ་ཞིང་། ཁྱིམ་མཚེས་རྫོང་ཁག་སྟེ་ཉག་རོང་རྫོང་དང་སྡེ་དགེ་རྫོང་། སེར་ཤུལ་རྫོང་དང་གསེར་རྟ་རྫོང་། བྲག་མགོ་རྫོང་དང་རྟའུ་རྫོང་། དཔལ་ཡུལ་རྫོང་བཅས་ཀྱི་སྐྱེལ་འདྲེན་འདུས་མདོ་ཡིན་པ་མ་ཚད། ཞིང་ཆེན་གཞན་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྒ་སྐྱེ་རྒུ་མདོ་དང་པད་མ་རྫོང་། བོད་ལྗོངས་ཆབ་མདོ་ས་ཁུལ་སོགས་ཀྱི་ཚོང་ཟོག་དབོར་འདྲེན་དང་ཉོ་ཚོང་གི་ལྟེ་གནས་ལྟ་བུར་ཆགས་ཡོད་དེ། སྐྱེལ་འདྲེན་དཔུང་སྡེ་ལ་སྦྲགས་ཁང་སྐྱེལ་འདྲེན། ཟོག་འཁོར་སྐྱེལ་འདྲེན། སྤྱི་འཁོར་འབབ་ཚུགས། རླངས་འཁོར་འབབ་ཚུགས། མྱུར་སྐྱེལ་སོགས་རྩ་འཛུགས་དང་སྤྱི་གཉེར་ཁང་ཇི་སྙེད་མཆིས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་ལོ་ལྟར་སྙན་ཞུ་བྱས་པའི་ལས་ཀའི་ཕྱོགས་བསྡོམས་ལྟར་ན། སྐྱེལ་འདྲེན་ལས་རིགས་ཀྱི་ནུས་པ་རྒྱ་བསྐྱེད་ཇི་ཙམ་གཏོང་ཡང་དེ་ཙམ་སྐྱེལ་འདྲེན་མང་པོ་ཡོད་པའི་གནས་ཚུལ་གསལ་བཤད་བྱས་འདུག །དེར་བརྟེན་དཀར་མཛེས་རྫོང་གིས་ཉེ་བའི་ལོ་ཤས་ནང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ནུས་མཐུ་རྒྱ་བསྐྱེད་མཐོར་འདེགས་ཆེན་པོ་བྱས་པས་འགྲིམ་འགྲུལ་བདེ་འཇགས་ཁག་ཐེག་ཐུབ་ལ་སྐྱེལ་འདྲེན་དཀའ་ངལ་ཇི་སྙེད་སེལ། འབྱུང་འགྱུར་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་ཡོང་ཕྱིར་ལྕགས་ལམ་འཛུགས་སྐྲུན་དང་མཁའ་ལམ་སྐྱེལ་འདྲེན་གྱི་རེ་འདུན་བཏོན།
        གསོ་རིག་སྨན་བཅོས་མཐོར་འདེགས། བོད་མདོ་དབུས་ཁམས་གསུམ་དུ་ངོ་ལོ་ཉིས་སྟོང་ལྷག་གི་སྔོན་ནས་བོད་ལུགས་གསོ་རིག་གིས་བོད་ཁུལ་ཡོངས་ལ་ནད་འགོག་སྨན་བཅོས་ཀྱི་ཞབས་འདེགས་ཞུས་ཤིང་།
        ཁྱད་པར་དུ་བོད་སྨན་གྱིས་ནད་རིགས་གང་དག་བཅོས་ཐུབ་པ་དང་གང་དག་བཅོས་མི་ཐུབ་པ། ནད་རིགས་གང་དག་ལ་བོད་སྨན་སྤྱོད་མི་རུང་བ། དུས་རྒྱུན་འཚོ་བའི་ཁྲོད་དུ་བཟའ་བཏུང་ལོངས་སྤྱོད་དང་འགྲོ་འདུག་ཉལ་འཆག་གི་སྤྱོད་ལམ་ཐད་དོ་སྣང་གང་འདྲ་བྱེད་དགོས་པའི་སྐོར་ཚང་མ་ནོར་འཁྲུལ་མེད་པའི་སྒོས། རླུང་མཁྲིས་བད་ཀན་གསུམ་གྱི་ངོ་བོ་ལ་གཞིགས་ནས་གསོ་བྱ་གསོ་བྱེད་གསོ་ཚུལ་གྱི་རིག་གཞུང་རྨད་དུ་བྱུང་བ་གྲུབ་ཅིང་འཚོ་བྱེད་ལྷ་རྗེ་རྣམས་ཀྱིས་ཀྱང་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོས་བོད་ཁམས་གང་དུ་ནད་པ་སུ་ཡིན་ཀུན་ལ་ཉེ་རིང་མེད་པར་སྨན་བཅོས་ཀྱི་ཕྱག་རྗེས་གང་ལེགས་བཞག །འོན་ཀྱང་སྒེར་གཉེར་སྨན་ཁང་ཙམ་ལས་ཐུན་མོང་གི་རྩ་འཛུགས་དང་ཚོགས་པ་སོགས་མེད་པས་གཞི་རྒྱ་ཆེ་བའི་སྨན་བཅོས་ཞབས་ཞུ་ལྟེ་གནས་གྲུབ་མ་ཐུབ་པས་ཡུན་རིང་རང་བཞིན་དང་གཏན་འཁེལ་རང་བཞིན་མི་ལྡན། བཅིངས་འགྲོལ་བཏང་རྗེས་བོད་ལུགས་གསོ་རིག་ནི་མེས་རྒྱལ་གྱི་གསོ་རིག་གཏེར་མཛོད་ནང་འོད་སྟོང་འབར་བའི་ནོར་བུའི་ཆ་ཤས་ཤིག་ཏུ་གྱུར། དམག་སྡེ་18པ་དཀར་མཛེས་སུ་སླེབས་པ་ནས་རྒྱ་ལུགས་གསོ་རིག་དང་ནུབ་ལུགས་གསོ་རིག་ཀྱང་རིམ་བཞིན་ཡུལ་གྲུ་འདི་ལ་དར་ཁྱབ་བྱུང་ཞིང་ཞོར་དུ་མང་ཚོགས་ལ་ནད་བཅོས་ཀྱང་བྱས། སྤྱི་ལོ་1951ལོའི་ཟླ་5པར་དཀར་མཛེས་རྫོང་འཕྲོད་བསྟེན་ཁང་བཙུགས་ཤིང་སྤྱི་ལོ་1957ལོར་ཞིང་ཆེན་འཕྲོད་བསྟེན་ཐིང་གི་ཆོག་མཆན་བཀོད་སྒྲིག་འོག་དཀར་མཛེས་རྫོང་མི་དམངས་སྨན་ཁང་བཙུགས། དེ་ནས་བཟུང་རིམ་པའི་སྨན་བཅོས་མཐུན་རྐྱེན་དང་གཞི་རྒྱ་ཇེ་ཆེ་ནས་ཇེ་ཆེ་བཏང་ནས་དེང་སང་དཀར་མཛེས་རྫོང་གྲོང་དུ་ཁམས་བྱང་སྨན་བཅོས་ལྟེ་གནས་བཙུགས་ཡོད་ལ་ཁྱིམ་མཚེས་རྫོང་ཁག་སོ་སོའི་ནད་པ་འབོར་ཆེན་ལ་ཞབས་ཞུ་སྒྲུབ་བཞིན་མཆིས། དེ་བཞིན་ཀྲུང་བོད་སྨན་ཁང་དང་མ་བུ་བདེ་སྲུང་ཁང་། རིམས་འགོག་ལྟེ་གནས་བཅས་གཞུང་འཛུགས་འཕྲོད་བསྟེན་ལས་རིགས་དང་དབུལ་སྐྱོར་སྨན་ཁང་སོགས་སྒེར་གཉེར་སྨན་ཁང་། གཞན་ཡུལ་ཚོ་སོ་སོ་ལ་འཕྲོད་བསྟེན་ཁང་རེ་རེ་བཙུགས་ཤིང་སྨན་བཅོས་སྒྲིག་ཆས་དང་སྨན་པ། སྨན་རྫས་བཅས་མཐུན་རྐྱེན་གང་ལེགས་བསྐྲུན་པ་མ་ཟད། གནད་སྨིན་དབུལ་སྐྱོར་གྱི་དགོས་འདུན་ལྟར་ན་ཚ་ཆུང་གྲས་ཐད་ཀར་གྲོང་པའི་ནང་ནས་སྨན་བཅོས་ཆོག་པ་བྱས། མདོར་ན། ནད་བརྟག་སྒྲིག་ཆས་དང་སྨན་བཅོས་རྣམ་གྲངས། བཤགས་བཅོས་ལག་རྩལ། སྨན་བཅོས་དཔུང་སྡེ། ཞབས་ཕྱི་རྣམ་འགྱུར་བཅས་ཕྱོགས་གང་ཐད་ནས་སྨན་བཅོས་ལས་རིགས་ཀྱི་རིམ་པ་ངེས་ཅན་མཐོ་རུ་བཏེགས།
        གྲོང་ཁྱེར་གྱི་ཞབས་འདེགས་ནུས་པ་མཐོར་འདེགས། གནའ་བོའི་དཀར་མཛེས་ནི་ཁང་གསར་དང་མ་ཟུར་གཉིས་ཀྱི་སྡེ་ཡིན་ཞིང་བཅིངས་འགྲོལ་བཏང་རྗེས་ས་བདག་ལམ་ལུགས་རྩ་མེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ཤིང་ས་ཞིང་བསྒྱུར་བཀོད་སྲིད་ཇུས་ལག་བསྟར་བྱས། རྫོང་དང་ཡུལ་ཚོ། གྲོང་པ་བཅས་ཀྱི་ཁོངས་གཏོགས་མངའ་ཁོངས་དང་ས་མཚམས་ཆུ་མཚམས་ཀྱི་དབྱེ་བ་འབྱེད། རྫོང་གྲོང་འཛུགས་བསྐྲུན་གྱི་མགོ་བརྩམས་ཏེ་འཆར་འགོད་ཇུས་འདོན་གྱི་རྨང་གཞི་བཏིང་། ཐོག་མར་སྐུ་འབུམ་ཞབས་ནས་རྟ་ཆུ་འདབས་བར་ཆུ་རགས་བསྐྲུན། དེ་ནས་རིམ་པས་ཁྲོན་བོད་ལམ། བཅིངས་འགྲོལ་ཁྲོམ། ཆུ་འགྲམ་ཁྲོམ། ཤར་གྱི་ཁྲོམ་ཆེན། གནམ་ཐང་ལམ་ཆེན། མགྲོན་བསུ་ལམ་ཆེན། བདེ་སྐྱིད་ལམ་ཆེན། ཁམས་པའི་ལམ་ཆེན་སོགས་ཁྲོམ་གཞུང་བསྐྲུན་ཞིང་ལོགས་གཉིས་སུ་ཐོག་རྩེག་གཉིས་ནས་དགུ་བར་གྱི་ཐོག་ཁང་གི་ཕྲེང་བས་བརྒྱན། རྫོང་གྲོང་གི་བཀོད་པ་ནི་བྱང་ངོས་རིག་གནས་ཁུལ་ཏེ། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དང་ཆ་ཚང་སློབ་ཆུང་གཉིས་པ། མཐའ་མཚམས་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སློབ་གྲྭ་སོགས་རིག་པའི་གནས་ལ་འཆད་ཉན་གནང་སའི་སློབ་གླིང་ཁག་དང་། ནུབ་ཏུ་ཤ་མར་ཐུད་སོགས་འབྲོག་ལས་ཐོན་རྫས། གྲོ་ནས་སྲན་གྱི་ཞིང་ལས་ཐོན་རྫས། གསེར་དངུལ་ཟངས་ལྕགས་ཀྱི་འཚོ་བའི་ཡོ་བྱད། བཟའ་བཅའ་བཏུང་བའི་ཟས་སྣ་ཆུ་སྣ། ཕྲུག་དང་ཚ་རུའི་ལུས་ཀྱི་གྱོན་ཆས་སོགས་མདོར་ན་ཐོན་སྐྱེད་འཚོ་བའི་དགོས་མཁོ་ཐམས་ཅད་བཙོང་སའི་ཁྲོམ་ར་མཆིས། ཤར་ལྷོ་གཉིས་སུ་གེ་སར་མཁར་གྲོང་གཙོ་བོར་བྱས་པའི་ཕྱོགས་ཀྱི་སྐུ་མགྲོན་བཞུགས་སའི་མགྲོན་ཁང་དང་གསོལ་སྟོན་ཁང་། བདུད་རྩིའི་ཆང་དང་ཞིམ་མངར་ཇ་ལ་རོལ་བའི་སྤྲོ་གསེང་ཁང་། མེ་ཏོག་ལྡུམ་ར་སོགས་གླིང་ཁ་གཏོང་སའི་གནས་ཡོད། གྲོང་ཁྱེར་གྱི་འཛུགས་སྐྲུན་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་4ལ་ཉེ་བ་ཟིན་ཞིང་ཞབས་ཕྱིའི་ནུས་པ་འཐུས་སྒོ་ཚང་ལ་སྟབས་བདེ་ཡིན་ཏེ། འགྲོ་འོང་སྐྱེལ་འདྲེན་གྱི་འཕྲུལ་རིགས་མང་ཞིང་བདེ་འཇགས་ཡིན་པ། ཚོང་ཟོག་ཉོ་ཚོང་གི་རྣམ་གྲངས་མང་ཞིང་རིན་གོང་འཚམ་པ། བཟའ་བཏུང་ལོངས་སྤྱོད་ཀྱི་སྣ་ཁ་འབེལ་ཞིང་ལུས་ལ་འཕྲོད་པ། སློབ་གྲྭ་ཆུང་འབྲིང་གི་སློབ་གླིང་མང་ཞིང་དགེ་སློབ་མང་བ། སྨན་བཅོས་འཕྲོད་བསྟེན་གྱི་མཐུན་རྐྱེན་ཚང་ཞིང་ཁོར་ཡུག་བཟང་བ། མི་སྣ་འགྲོ་འོང་གི་འགྲིམ་འགྲུལ་བདེ་ཞིང་ཚོང་ཁ་དར་བ། རང་བྱུང་གནོད་འཚེ་ཡི་འཇིགས་པ་ཉུང་ཞིང་འོས་བསྟུན་བདེ་བ། སྲིད་འབྱོར་རིག་གསུམ་གྱི་འཕོ་འགྱུར་ཆེ་ཞིང་ཕུགས་ཕན་ཆེ་བ་སོགས་གྲོང་ཁྱེར་གྱི་ཞབས་ཕྱིའི་ནུས་པ་ལོ་རེ་ནས་ལོ་རེ་མཐོ་རུ་འདེགས་བཞིན་པ་མིག་མཐོང་ལག་ཟིན་གྱི་གནས་བབ་འདིའོ། །

 ཐོན་ལས་བཞི།

        ཞིང་ལས། དཀར་མཛེས་ནི་བོད་མདོ་དབུས་ཁམས་གསུམ་དུ་དབྱེ་བའི་ཁམས་པ་དང་ཆུ་བཞི་སྒང་དྲུག་ཏུ་ཕྱེ་བའི་འབྲི་ཟླ་ཟལ་མོ་སྒང་གི་ཁོངས་སུ་གཏོགས་ཤིང་ཡུལ་སྤྱིའི་མཚོ་འཕགས་3400ཡན་མན་མཆིས། དཔྱིད་ཟླ་འབྲིང་པོ་ནས་སྟོན་ཟླ་འབྲིང་པོའི་བར་ནམ་ཟླའི་དྲོད་ཚད་མཐོ་བས་སོ་ནམ་འདེབས་འཛུགས་ཀྱི་དུས་སྐབས་ཧ་ཅང་བཟང་། ལྟོས་བཅས་ཀྱི་ས་ཁོད་སྙོམས་ཤིང་ཡར་ཀླུང་གཙང་པོའམ་རྫ་ཆུའི་ལོགས་གཉིས་ཀྱི་ས་ཞིང་མུ་འབྲེལ་དུ་མཆིས། ས་རྒྱུའི་རིམ་པ་ཟབ་ཅིང་ས་གཤིས་ཀྱི་དྲོད་གཤེར་བཟང་། སྐྱུར་བུལ་འོས་ཤིང་འཚམས་ལ་སྐྱེ་ལྡན་ལུད་རྫས་འདྲེས་ཚད་འབྲིང་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་འབྲུ་རིགས་འདེབས་གསོའི་ཁོར་ཡུག་ཤིན་ཏུ་ལེགས། དེར་བརྟེན་རྫོང་འདིའི་སྨད་ཀྱི་མཐིང་ཁ་ཡུལ་ཚོ་ནས་སྟོད་ཀྱི་རྫ་ཁོག་ཡུལ་ཚོ་སོགས་གྲོང་རྡལ་ཡུལ་ཚོ་བཅུ་བདུན་གྱིས་ཞིང་ལས་ཐོན་སྐྱེད་ལ་འབད་བརྩོན་བྱེད་བཞིན་མཆིས། རྨོ་འདེབས་བྱེད་པའི་འབྲུ་རིགས་ལ་ནས་དང་གྲོ །སྲན་མ་དང་རྒྱ་གྲོ་མ་སོགས་ཡོད་པ་དང་སྣུམ་རྒྱུའི་འབྲུ་རིགས་ལ་པད་ཁ་དང་མངར་ཚལ་གཙོ་བོ་ཡིན། ལྡུམ་བུ་སྔོ་ཚལ་གྱི་རིགས་ལ་ཙོང་དང་སྒོག་པ། ཚོད་དཀར་ཚོད་ནག །ལ་ཕུག་སོགས་འདེབས་གསོ་བྱེད་བཞིན་ཡོད། རྫོང་གི་ཞིང་འབྲོག་ལག་རྩལ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2020ལོ་ལ་ས་ཞིང་མུའུ་ཁྲི་ཚོ་16.8འདེབས་ཡོད་པ་བཤད། སོ་ནམ་ལག་རྩལ་དང་སོན་བཟང་འདེམས་སྒྲུག་ཐད་ལོ་ལྟར་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་། གནས་འདིར་འཚོ་གནས་ཡུན་རིང་བྱས་པའི་མང་ཚོགས་ཀྱི་ངག་སྒྲོས་ལྟར་ན། གནའ་བོའི་ནས་དཀར་ནག་གཉིས་དང་དེང་སང་གི་ནས་དཀར་ནག་གཉིས་ཀྱི་ཐོན་འབབ་ཡོང་སྒོ་ལ་འགྱུར་བ་སོང་ཡོད་ཀྱང་འཚོ་བ་དངོས་ཀྱི་ཐོག་ལ་བེད་སྤྱོད་བྱེད་སྐབས་ཀྱི་བྲོ་བ་དང་ལུས་ཕུང་ལ་ཕན་གནོད་བསྡུར་ན། གནའ་བོའི་ནས་དཀར་ནག་གི་བྲོ་བ་ཞིམ་ཞིང་ལུས་ཟུངས་ལ་ཕན་ཐོགས་ཆེ་བ་འདུག་ཅེས་བགྲོ་གླེང་གནང་བཞིན་མཆིས་པས། དེང་རབས་ཀྱི་མྱུར་མགྱོགས་ཆེ་བའི་ཐོན་སྐྱེད་ལག་རྩལ་གལ་ཆེ་ཡང་། སོན་བཟང་འདེམས་སྒྲུག་དང་ལུད་རྫས་བེད་སྤྱོད་ཐད་ངེས་པར་དོ་སྣང་བྱ་རྒྱུ་གལ་ཆེ། ཡུལ་འདིའི་ཞིང་ལས་ཐོན་རྫས་ཀྱི་གྲས་ལས་ནས་ཀྱི་ཐོན་འབོར་ཧ་ཅང་ཆེན་པོ་ཡིན་པས་བོད་ལྗོངས་ཆབ་མདོ་ས་ཁུལ་དང་ས་མཚམས་ཁྱིམ་མཚེས་རྫོང་ཁག་སོ་སོར་ཕྱིར་ཚོང་བྱེད་བཞིན་ཡོད་ལ་ཞིང་པ་མང་ཚོགས་ཀྱི་ལོ་རེའི་དཔལ་འབྱོར་ཡོང་བབས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན། སྤྱི་ལོ་2012ལོར་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ཞིང་ལས་གྲོང་གསེབ་སྐོར་གྱི་ཡུལ་དངོས་ཚོགས་འདུ་དཀར་མཛེས་རྫོང་དུ་ཚོགས་ཤིང་སོ་ནམ་ལས་རིགས་ཐད་དུ་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། །
        འབྲོག་ལས། དཀར་མཛེས་རྫོང་ནི་གནའ་སྔ་མོ་ནས་ཞིང་འབྲོག་ལས་རིགས་གཉིས་ཀ་གཉེར་བའི་ཡུལ་གྲུ་ཞིག་ཡིན་པའི་ལོ་རྒྱུས་ཁུངས་ལྡན་ཇི་སྙེད་མཆིས་ལ། ཞིང་འབྲོག་ལས་རིགས་ཀྱི་ཐོན་རྫས་ཕན་ཚུན་བརྗེ་བའི་སྲོལ་ཡུན་རིང་གནས། དེང་གི་ཆར་རྫོང་ཡོངས་སུ་འབྲོག་ལས་ཆེད་དུ་གཉེར་བའི་གྲོང་རྡལ་གཅིག་དང་ཡུལ་ཚོ་བཞི་ཡོད་པས། རྫོང་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱི་ཐོན་ཁུངས་གལ་ཆེ་ཞིག་ཏུ་གྱུར་ཡོད། ཞིང་ལས་གཙོ་བོར་གཉེར་བའི་ཞིང་པ་དུད་ཚང་མང་པོས་སོ་སོའི་ས་གཞིའི་གནས་བབ་ལ་བསྟུན་ནས་ཞོར་དུ་འབྲོག་ལས་གཉེར་བའི་རིགས་ཀྱང་ཧ་ཅང་མང་། དེ་རིགས་ལ་ང་ཚོའི་ཕྱོགས་ནས་རོང་མ་འབྲོག་ཟེར་བ་དང་། ཕྱུགས་ཟོག་འཚོ་སྐྱོང་བྱེད་སྐབས་རི་ལ་གནས་སྡོད་བྱེད་དགོས་པས་ཡུལ་མི་རྣམས་ཀྱིས་དེ་ལ་ཁ་འབྲོག་ཟེར། གཞན་སོ་ནམ་ཞིང་ལས་གཙོ་བོ་གཉེར་ཞིང་ཁྱིམ་དུ་སྒོ་ཕྱུགས་འགའ་གསོ་བའི་རིགས་ལ་ཁ་བཞོ་ཟེར། ཁ་བཞོ་ཡིས་དུད་ཚང་དེའི་འོ་ཞོ་དང་མར་ཕྱུར་གྱི་གནད་དོན་ཐག་གཅོད་ཐུབ་ལ། ཁྱད་པར་དུ་ཁྱིམ་དུ་རྒན་རྒོན་དང་བྱིས་པ་གཉོར་སྐྱོང་བྱ་རྒྱུ་ཡོད་ན་ཕན་ཐོགས་ཧ་ཅང་ཆེ། དེང་སང་གནད་སྨིན་དབུལ་སྐྱོར་གྱི་ལས་གྲྭར་གཏོགས་པའི་འབྲོག་ལས་ཀྱང་མང་དུ་སོང་ལ་ཞིང་འབྲོག་མང་ཚོགས་ཐུན་མོང་གི་དཔལ་འབྱོར་ཡོང་ཁུངས་ཤིག་ཏུ་གྱུར་ཡོད། དཀར་མཛེས་རྫོང་དུ་གསོ་སྐྱོང་བྱེད་པའི་སྒོ་ཟོག་ལ་ཟོག་དང་རྟ། བོང་བུ། དྲེལ། ར་ལུག །ཕག་བཅས་ཡོད་ལ། ཟོག་ལ་ཡང་འབྲི་གཡག་དང་རྟོལ་ལེ། བ་གླང་། རྒྱ་ཡུལ་ནས་དྲངས་པའི་བ་གླང་སོགས་ཡོད། དེ་དག་ནི་ཞོ་དང་འོ་མ། མར་དང་ཆུར་བ། ཤ་དང་རུས་པ་སོགས་ཀྱི་འབྱུང་ཁུངས་ཡིན། རྟ་དང་བོང་བུ། དྲེལ་བཅས་ནི་ས་གནས་འདི་ཡི་ཁལ་འགེལ་སྐྱེལ་འདྲེན་དང་བཞོན་རྟ་བྱེད་པ་སོགས་ཀྱི་ཐད་ལ་བཀོལ་སྤྱོད་བྱེད་ཀྱིན་ཡོད། ར་ལུག་གི་འོ་ཞོ་དང་ཤ་རུས། ཕག་ཤ་བཅས་ཀྱང་བཟའ་བཏུང་ལོངས་སྤྱོད་ཀྱི་དགོས་མཁོ་སྐོང་བའི་གྲུབ་ཆ་ཞིག་གོ །འགྲིམ་འགྲུལ་སྟབས་བདེ་ཞིང་བརྡ་འཕྲིན་མྱུར་མགྱོགས་ཆེ་བའི་དུས་རབས་འདིར་དཀར་མཛེས་ཡུལ་དུ་ཕྱོགས་ཀྱི་མགྲོན་པོ་བུ་ཡུག་འཚུབ་འཚུབ་དང་། འགྲོས་རྟའི་ཉོ་ཚོང་ཆར་རླུང་བརྡབ་བརྡབ་བྱེད། གཡང་གི་འཕེལ་ཁ་ཤ་མོ་རྡོལ་རྡོལ་དང་། བསམ་འཆར་བརྗེ་རེས་འོ་ཆུ་འདྲེས་འདྲེས་ཡིན། གཞན་རྟ་ཟོག་གསོ་ཚགས་བྱེད་སྟངས་དང་རྩྭ་ཆུ་སྲུང་སྐྱོབ་བྱ་ཐབས། ཐོན་རྫས་ལས་སྣོན་ཉོ་ཚོང་། དམངས་འཚོ་ཡར་རྒྱས་སྐུལ་འདེད་སོགས་ཀྱི་ཐད་དམིགས་བསལ་ཁྱད་ཆོས་ཡོད་ཀྱང་འདིར་མི་སྤྲོའོ། །
        ལག་ཤེས་བཟོ་ལས། སྤྱིར་དཀར་མཛེས་ཡུལ་དུ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་གྱོན་ཆས་འཚེམ་བཟོ་དང་སྡོད་ཁང་འཛུགས་སྐྲུན། གསེར་དངུལ་མགར་རྡུང་། བཟའ་བཏུང་གཡོས་སྦྱོར། སྣམ་བུ་འཁེལ་འཐག །སྦྲ་གུར་འཚེམ་དྲུབ། ཤིང་ཆ་གཅོད་གཞོགས། ས་ཞིང་རྨོ་འདེབས། སྔོ་ལྡུམ་འདེབས་འཛུགས། སྡོང་འཛུགས་ནགས་སྐྲུན། རྐང་ལམ་འཛུགས་སྐྲུན། འཐུང་ཆུ་སྦུག་འདྲེན། ལྷ་ཁང་བཞེངས་སྐྲུན། པགས་སྤུའི་ཐོན་ལས། རྫ་ཆས་བཅའ་བསྲེགས། འཕྲུལ་རིགས་ཉམས་གསོ། བརྐོས་རྐོ་བཅའ་བཟོ། ལག་ཁྲ་ཚོན་གཏོང་། རི་མོ་འབྲི་བཞེངས་སོགས་རང་ས་རང་ཡུལ་ནས་རང་མགོ་ཐོན་པ་ཡོད་ཀྱང་། བཟོ་སྐྲུན་དང་ལས་གྲྭ་ཆེ་གྲས་ཏེ་དཔེར་ན་ཟམ་ཆེན་འཛུགས་སྐྲུན་དང་གློག་ཚུགས་གསར་བརྒྱབ། སྣུམ་ལམ་ལེགས་བཀོད། ཨར་ལས་བཟོ་སྐྲུན། ནུས་ཁུངས་ཐོན་འབྱེད་སོགས་ཀྱི་ལག་རྩལ་མེད་པས་རྫོང་ཁོངས་ཡོངས་ཀྱི་ལས་གཞི་གང་ཆེ་ཕྱི་ལོགས་ཤེས་ཡོན་ཅན་ནམ་ལག་རྩལ་པ་གདན་འདྲེན་ཞུས་ནས་འཛུགས་སྐྲུན་བགྱིས་པ་ཤ་སྟག་གོ །ཉེ་བའི་ལོ་ཤས་རིང་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ་ཟ་གྱོན་གཉིས་ལ་སེམས་ཁྲལ་མི་དགོས་ཤིང་སྡོད་ཁང་དང་སློབ་ཞུགས། སྨན་བཅོས་བཅས་ཁག་ཐེག་ཡོད་པ་བྱས། དེ་བཞིན་འགྲོ་ལམ་ཨར་འདམ་དང་སྣུམ་ལམ། འཐུང་ཆུ་ཁྲོན་པ་དང་རང་འབབ། གློག་སྤྱོད་ཉི་གློག་དང་ཆུ་གློག །གྱོན་གོས་དབྱར་གོས་དང་དགུན་གོས། ཡོང་བབ་ཐོབ་ཆ་དང་རང་བརྩོན། ཆ་འཕྲིན་བརྙན་འཕྲིན་དང་དྲ་བ། འཕྲིན་བརྡ་གློག་འཕྲིན་དང་སྤོ་སྤྱོད་སོགས་ཡོངས་ཁྱབ་རང་བཞིན་དང་ཁག་ཐེག་རང་བཞིན་ལྡན་པས་གཞི་རྩའི་འཚོ་གནས་དཀའ་ངལ་རྨང་ནས་སེལ། འོན་ཀྱང་འཇིག་རྟེན་གཏམ་དཔེ་ལ་ཕོ་རང་ལ་མེད་ན་མེད་ངེས་ཡིན། སྲོག་ནག་པོ་ཆད་ན་ཆད་ངེས་ཡིན། ཞེས་པ་ལྟར་དུས་རབས་ཉེར་གཅིག་པ་འདི་ལ་ཤེས་ཡོན་གྱི་མཚོ་རླབས་ཉིན་རེ་ལས་ཉིན་རེ་ཆེ་ཞིང་དཔལ་འབྱོར་འཕེལ་ཁ་དབྱར་ཆུ་ལྟར་རྒྱས་པའི་དུས་འདིར་དཀར་མཛེས་ཡུལ་དམངས་ནས་འཛམ་གླིང་གི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་འགྲོ་བའི་ཕྱོགས་སུ་ཁ་མིག་ཡར་ལྟ་མཛད་དེ་ལག་ཤེས་བཟོ་ལས་ལ་བརྩོན་གལ་ཆེ། གཞན་བརྟེན་གྱི་འཚོ་བ་དང་ལག་པ་གཞན་ལ་བསྲིངས་པའི་གོམས་གཤིས་ངན་པ་གཙང་སེལ་བྱས་ཏེ་རང་ཁ་རང་གསོ་དང་བསམ་བློ་བཅོས་བསྒྱུར་ངང་དུས་རབས་གསར་པའི་རྗེས་སུ་བསྙེགས་དགོས། ཡིན་ན་ཡང་རྒན་བཀུར་གཞོན་སྐྱོང་དང་བསམ་ཤེས་གུ་ཡངས། གཞན་སེམས་མི་དཀྲུགས་པ་སོགས་ཡ་རབས་སྤྱོད་བཟང་ནམ་ཡང་བརླག་མི་རུང་། །
        ཞབས་ཕྱིའི་ལས་རིགས། གནའ་བོའི་ས་ཞིང་བོགས་གཏོང་དང་ཚེ་གཡོག་ཞབས་ཕྱིའི་སྲོལ་ངན་རྩ་མེད་བཏང་ཞིང་གཉའ་གནོན་བཤུ་གཞོག་གི་དཀའ་སྡུག་མྱོང་མཚམས་བཞག་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཞབས་ཕྱིའི་ལས་རིགས་གསར་གཏོད་བྱས། དཀར་མཛེས་རྫོང་དུ་ད་ཡོད་ཀྱི་ཞབས་ཕྱི་ལས་རིགས་སུ་གཏོགས་པ་མང་སྟེ། གཅིག་ནས་མགྲོན་ཁང་གི་ཞབས་ཞུ། བཅོས་བསྒྱུར་སྒོ་འབྱེད་དང་ཚོང་རའི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། དཀར་མཛེས་ནོར་བུ་གླིང་ཞེས་གྲགས་པའི་གནས་འདིར་ཕྱོགས་ཀྱི་མགྲོན་པོ་ཟམ་མི་ཆད་པར་ཇེ་མང་ནས་ཇེ་མང་དུ་འགྲོ་བར་བརྟེན། མགྲོན་པོར་སྣེ་ལེན་བྱ་ཡུལ་ལམ་ཞབས་ཕྱི་ལྟེ་གནས་སུ་གྱུར་པའི་མགྲོན་ཁང་རབ་འབྲིང་ཐ་གསུམ་རིམ་པས་འཕར་བ་མ་ཟད། སྣེ་ལེན་ནུས་པ་དང་ཞབས་ཕྱིའི་རྣམ་འགྱུར། གཙང་སྦྲ་འཕྲོད་བསྟེན། སྐུ་མགྲོན་བདེ་སྲུང་། ཉེར་མཁོ་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་ཡར་རྒྱས་ཕུན་སུམ་ཚོགས་པ་བྱུང་། གཉིས་ནས་ཟས་ཁང་གི་ཞབས་ཕྱིའི་ལས་རིགས། དཀར་མཛེས་རྫོང་གྲོང་དུ་ཚད་ལྡན་ཁྲོམ་གཞུང་བཅུ་ཕྲག་ཡོད་པའི་ལོགས་གཉིས་སུ་ཚོང་ཁང་ཆེ་འབྲིང་ཆུང་གསུམ་བསྟར་ཕྲེང་བསྒྲིགས་ནས་ཡོད། དེ་དག་སོ་སོའི་སྒོ་ཡི་ཡ་ཐོད་དུ་རྣམ་གྲངས་མི་གཅིག་པའི་མཚན་བྱང་བཀོད་ཡོད་ལ་གཅིག་ལས་གཅིག་གིས་མིག་དབང་འཕྲོག་ཐབས་དང་ཡིད་དབང་འགུག་ཐབས་བཀོལ་ཡོད། དེའི་ཁྲོད་ཟས་རིགས་མི་གཅིག་པ་དང་གཡོས་སྦྱོར་མི་འདྲ་བ། གསོལ་སྟངས་མི་མཚུངས་པ། ཞབས་ཞུ་སྒྲུབ་ཚུལ་མི་འདྲ་སོགས་ཀྱི་ཟས་ཁང་རྣམ་པ་སྣ་ཚོགས་ཧ་ཅང་མང་ཞིང་སོ་སོའི་ཁམས་དང་མོས་པ་ལ་བསྟུན་ནས་འཛད་སྤྱོད་གང་བདེ་བྱ་ཆོག་ཆོག །གསུམ་ནས་ལས་ཚབ་ཞབས་ཕྱི། ཚོང་ར་དཔལ་འབྱོར་ལག་བསྟར་དོན་འཁྱོལ་བྱས་པ་ནས་ཚབ་ཉོ་ཚབ་ཚོང་དང་། བུ་རྫི་གཡོག་བྱེད། སྒོ་བཀག་ལམ་སྲུང་། རི་རྒྱ་ནགས་སྲུང་། ཁོར་ཡུག་གཙང་ཕྱགས། བདེ་འཇགས་ཁག་ཐེག་སོགས་ཀྱི་ལས་རིགས་ཀྱང་ཚད་མཐོན་པོར་དར་ཞིང་རྒྱས། དེས་ལས་ཞུགས་མི་སྣའི་གྲངས་འབོར་འཕར་ཞིང་ལས་སྒྲུབ་མི་སྣའི་ཡོང་བབ་སྤར། དེས་ཁེ་ལས་དཔལ་འབྱོར་དང་སྒེར་གཉེར་དཔལ་འབྱོར་གྱི་དགོས་མཁོ་བསྐངས་ཤིང་སྤྱི་ཚོགས་མི་སྣའི་ལས་ཞུགས་སྙོམས་པར་བསྒྲིགས། དེས་ལས་ཤོར་མི་སྣའི་གནད་དོན་ཐག་གཅོད་བྱས་ཤིང་དུད་ཁྱིམ་མང་པོའི་འཚོ་བའི་དཀའ་ངལ་སེལ། དེས་ལས་ཁུངས་དུ་མའི་འགྲོ་གྲོན་བསྲི་ཚགས་ཐུབ་ལ་སྡེ་ཁག་མང་པོའི་བྱ་བ་འཐུས་ཚང་འགྲུབ། བཞི་ནས་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུ། ཁུལ་ཡོངས་ལྗོངས་རྒྱུ་ཐོན་འབྱེད་ཀྱི་སྲིད་ཇུས་སྤེལ་བ་ནས་དཀར་མཛེས་རྫོང་གི་རིག་གནས་ཡུལ་སྐོར་ལས་ཁུངས་གཙོས་སྤྱི་གཉེར་ཁང་དུ་མས་རྒྱལ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་འགྲུལ་བཞུད་རླངས་འཁོར་གྱི་ཞབས་ཕྱི་དང་། རྒྱ་བོད་དབྱིན་སོགས་སྐད་བསྒྱུར་ལོ་ཙཱ་ཡི་ཞབས་ཕྱི། ཡུལ་ལྗོངས་ངོ་སྤྲོད་ཀྱི་ཞབས་ཕྱི། ཐོན་རྫས་མཚམས་སྦྱོར་གྱི་ཞབས་ཕྱི། སྒྱུ་རྩལ་མྱོང་རོལ་གྱི་ཞབས་ཕྱི། རིག་གནས་ངོ་སྤྲོད་ཀྱི་ཞབས་ཕྱི་སོགས་སྒོ་ཀུན་ནས་འཐུས་ཚང་ལ་ཚུལ་ལྡན་ལུགས་མཐུན་གྱིས་ཞབས་ཕྱི་སྒྲུབ་བཞིན་མཆིས། ལྔ་ནས་ཞབས་ཕྱིའི་རྣམ་གྲངས་གཞན་སྟེ། ཚོང་རྫས་སྤུངས་སའི་མཛོད་ཁང་དང་། །ཉོ་ཚོང་བྱེད་སའི་ཚོང་ཁང་དང་། །གླུ་གར་ཁང་དང་རོལ་རྩེད་ཁང་། །ཇ་ཁང་ཆང་ཁང་འཚིག་ཇ་ཁང་། །དཔེ་ཚོང་དཔེ་མཛོད་དཔེ་ལྟ་ཁང་། །ཤིང་བཟོ་མགར་བ་འཚེམ་བཟོ་ཁང་། །

        ཁྲུས་ཁང་ཉལ་ཁང་འཕུར་མཉེད་ཁང་། །སོགས་ཁང་པ་གླ་གཏོང་གི་ཞབས་ཕྱི་དང་། སྐྲ་བཞར་མཛེས་བཟོའི་ཞབས་ཕྱི། འཕྲུལ་རིགས་ཉམས་གསོའི་ཞབས་ཕྱི། སྨན་བཅོས་ནད་གཡོག་གི་ཞབས་ཕྱི། རིག་གནས་ཟུར་ཁྲིད་ཀྱི་ཞབས་ཕྱི། འགྲུལ་པ་སྐྱེལ་འདྲེན་གྱི་ཞབས་ཕྱིའི་ལས་རིགས་སོགས་ཧ་ཅང་མང་ལ་འབྲེལ་ཡོད་སྡེ་ཁག་གིས་དོ་དམ་ལྟ་སྐུལ་ཡང་ནན་མོ་ཡིན། །



 མཆོང་བརྒལ་ལྔ།
        སློབ་གསོ་ལས་རིགས་ཀྱི་མཆོང་བརྒལ། དུས་རབས་ཉི་ཤུ་པའི་དུས་དཀྱིལ་གྱི་ཡར་སྔོན་ལ་དཀར་མཛེས་ཡུལ་དུ་དགོན་པའི་སློབ་གསོ་སྤུས་ལེགས་ཡོད་ཅིང་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་ལ་བརྩོན་པ་ཤུགས་དྲག་གནང་བའི་མཁས་དབང་དུ་མ་བྱུང་འོན་ཀྱང་རིག་གསར་སོགས་དུས་འགྱུར་དབང་གིས་དགོན་སྡེ་དང་བླ་ཁག་རྨང་ནས་བཤིག་པས། རིག་གནས་སློབ་པའི་གཞི་བརླག ། བཅིངས་འགྲོལ་བཏང་ཡང་སློབ་གསོའི་ལས་དོན་དེ་ཙམ་འཕེལ་རྒྱས་མ་བྱུང་། སྤྱི་ལོ་1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པས་དཀར་མཛེས་རྫོང་གི་སློབ་གསོའི་ལས་རིགས་ལ་འཕེལ་རྒྱས་གསར་པ་བྱུང་ཞིང་བྱིས་སློབ་ཁང་ནས་སློབ་ཆུང་། སློབ་འབྲིང་། མཐོ་འབྲིང་བཅས་ཀྱི་རིམ་པ་འཐུས་ཚང་བཙུགས། རྒྱ་ཡིག་དང་གྲངས་རིག །བོད་ཡིག །གླུ་དབྱངས། ལུས་རྩལ། རི་མོ། བསམ་བློ་ཀུན་སྤྱོད། ངལ་རྩོལ་བཅས་ཀྱི་བསླབ་ཚན་བཀོད། བསླབ་གཞིའི་སློབ་དེབ་ཡོད་ལ་དགེ་རྒན་གྱི་དཔུང་སྡེ་སྐྱོང་། སློབ་རན་བྱིས་པ་སློབ་ཞུགས་དགོས་པའི་ཁྲིམས་སྒྲིག་ལག་ལེན་བསྟར་ཞིང་ཡུལ་ཚོ་སོ་སོར་སློབ་ཆུང་བཙུགས། རྫོང་གྲོང་དུ་ཆ་ཚང་སློབ་ཆུང་དང་པོ་དང་གཉིས་པ། གསུམ་པ་བཅས་རིམ་པས་སྐྲུན། ཁྱད་པར་དུ་སྤྱི་ལོ་2019ལོའི་ཟླ་བ་9པར་མཐའ་མཚམས་འབྲོག་ཁུལ་གྱི་ཤེས་ཡོན་མི་སྣ་གསོ་སྐྱོང་སློབ་གྲྭ་སྒོ་འབྱེད་མཛད། དེ་ནི་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་ཆེན་པོ་ཞིག་ཡིན། གཞན་རྒྱལ་ཁབ་ཀྱི་སློབ་གསོའི་ལས་དོན་སྲིད་ཇུས་ཇེ་ལེགས་སོང་བའི་རྐྱེན་གྱིས་རྫོང་ཏང་སྲིད་གཉིས་གཙོས་ལས་ཁུངས་ཆེན་པོ་བཞི་དང་སློབ་གསོ་ལུས་རྩལ་ཅུས། དགེ་རྒན་ལས་བཟོ་དང་བཅས་པས་ཐུན་མོང་འབད་བརྩོན་འོག །སློབ་གྲྭ་ཁག་སོ་སོའི་སློབ་ཁང་དང་ཉལ་ཁང་། གསོལ་ཁང་། ལུས་རྩལ་ར་བ་སོགས་ཕྱི་ཡི་མཐུན་རྐྱེན་འཐུས་སྒོ་ཚང་ཞིང་། ཁྲིད་ཐབས་རིགས་དང་པོ་དང་གཉིས་པ། ལག་ཤེས་ཟབ་སྦྱོང་། དགེ་རྒན་གྱི་ཡོན་ཚད། སློབ་མའི་གྲངས་འབོར། ཁྱིམ་བདག་གི་རྒྱབ་སྐྱོར། སྤྱི་ཚོགས་ཀྱི་འདུ་ཤེས་སོགས་ནང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པས་ཉེ་བའི་ལོ་ཤས་ནང་སློབ་གསོའི་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སེལ་འགག་སྒྲོལ་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་དཀར་མཛེས་རྫོང་གི་སློབ་གསོ་ལ་ཤུགས་སྣོན་རྒྱ་ཆེན་པོ་བྱས་ལ་ཡིག་ཚོགས་ཀྱི་དབང་གིས་འདིར་མ་བཀོད། ཉེ་བའི་ལོ་ཤས་རིང་དཀར་མཛེས་རང་ནས་འཚར་ལོངས་བྱུང་ཞིང་སློབ་གྲྭ་ཆུང་འབྲིང་འགྲིམ་རྗེས་རྒྱལ་ནང་སློབ་ཆེན་ལ་ཞུགས་ནས་རིམ་བཞིན་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་ཡོན་ཚད་བླངས་བའི་ཤེས་ཡོན་མི་སྣ་ཡང་བཅུ་ཕྲག་བྱུང་ཞིང་འབྱུང་འགྱུར་སློབ་མ་ཡང་མང་།
        ཁྱད་པར་དུ་ཡུལ་ཚོ་དང་གྲོང་རྡལ། རྫོང་གི་ལས་ཁུངས་ཁག་སོ་སོ། ཁུལ་དང་ཞིང་ཆེན་རིམ་པའི་ལས་ཁུངས་སུ་བོད་རྒྱ་དབྱིན་གསུམ་སྐད་ལ་བྱང་ཞིང་ལས་སྒྲུབ་བྱེད་བཞིན་པའི་གཞུང་ཞབས་པ་དང་དགེ་རྒན། ཉེན་རྟོག་པ། སྨན་པ། ཞིང་ལས་ལག་རྩལ་པ་སོགས་ལས་བཟོ་འབོར་ཆེན་གསོ་སྐྱོང་ཐུབ་འདུག །དེའི་མ་ཟད་ལོ་དགུའི་འོས་བབས་སློབ་གསོ་ལག་ལེན་བསྟར་བ་དེས་སྤྱི་ཚོགས་ཡོངས་ཀྱི་མི་ཡི་བྱང་ཚད་མཐོ་རུ་བཏེགས་ཤིང་ཤེས་ཡོན་མི་སྣ་མང་དུ་སོང་བས་སྤྱི་པའི་སྒྲིག་ལམ་དང་ཕྱོགས་བསྡུས་ནུས་པ་ཡང་མཐོ་རུ་སོང་ངོ་། །
        གློག་སྤྱོད་མཆོང་བརྒལ། གནའ་བོའི་མི་རྣམས་ཀྱིས་ཐོན་སྐྱེད་འཚོ་བའི་ཁྲོད་མཚན་མོ་མུན་པ་གསལ་བར་གཙོ་བོ་མར་གྱི་སྒྲོན་མེ་དང་ས་སྣུམ་གྱི་སྒྲོན་མེ། ཤིང་ཐང་གི་སྒྲོན་མེ་ཡིན་ཞིང་ཆུ་བེད་གློག་ཤུགས་དང་ཉི་ནུས་གློག་ཤུགས་སོགས་མེད། སྤྱི་ལོ་1951ལོར་དཀར་མཛེས་རྫོང་མི་དམངས་སྲིད་གཞུང་གི་མངའ་འོག་ཏུ་ཆུ་གློག་ལས་དོན་འཛུགས་སྐྲུན་ལས་ཁུངས་བཙུགས། དམག་དམངས་གཞུང་གསུམ་གྱིས་སྤྱོད་པར་རིམ་པས་ཀ་བྲག་གློག་ཚུགས་དང་མཐིང་མཁར་གློག་ཚུགས། བྱང་མཁར་གློག་ཚུགས། རྟ་ཁོག་གློག་ཚུགས་སོགས་བཙུགས། སྤྱི་ལོ་1990ལོར་བར་སྔ་ཕྱིར་རིམ་པས་གློག་ཚུགས་ཆུང་གྲས་11འཛུགས་སྐྲུན་བྱས་ཀྱང་དེའི་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་70%ཙམ་གྱི་འཚོ་བའི་གློག་སྤྱོད་གནད་དོན་ཙམ་ལས་ཐག་གཅོད་བྱེད་མ་ཐུབ། གློག་སྤྱོད་འདོད་བློ་ཚིམ་པ་མེད་ཅིང་བརྟན་པོ་མེད་ཐོག །ཡོངས་ཁྱབ་མིན་པའི་གནས་ཚུལ་དང་དཀའ་ངལ་མང་། སི་ཁྲོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་ཐེངས་བཅུ་གཉིས་པའི་ཇུས་འགོད་དུ། སི་ཁྲོན་བོད་ཁུལ་གྱི་གློག་སྤྱོད་གནད་དོན་ཡོངས་སུ་ཐག་གཅོད་བྱ་འཆར་ཡོད་པ་བཞིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་གི་ར་རྔ་ཁ་ནས་དཀར་མཛེས་རྫོང་། དེ་ནས་སེར་ཤུལ་རྫོང་བར་གློག་དྲ་ལས་གཞི་དངོས་སུ་ལག་བསྟར་བྱས་ཏེ། ས་ཕྱོགས་ཡོངས་ཀྱི་གློག་ཤུགས་ནུས་པ་གཅིག་ཏུ་བསྡུས་ཤིང་རྫོང་ཁག་སོ་སོར་གློག་སྒྱུར་ས་ཚིགས་བསྐྲུན་ནས་གློག་ཤུགས་འགྲེམས། ར་རྔ་ཁ་ནས་སེར་ཤུལ་རྫོང་བར་གློག་སྐུད་ཆ་ཚང་དང་དེའི་གྲུབ་ཆ་གློག་ཀ་སོགས་གསར་དུ་བཙུགས། རྫོང་གྲོང་དང་གྲོང་གསེབ་ཀྱི་གློག་སྐུད་གསར་པར་བསྒྱུར། གློག་ཤུགས་དོ་དམ་ནུས་པ་མཐོ་རུ་བཏེགས། གློག་སྤྱོད་ཚད་ལྡན་དང་གློག་ཤུགས་བརྟན་པོར་བྱས་པས་སྤྱི་ལོ་2012ལོའི་ཟླ་9པར་དངོས་སུ་གློག་སྤྱོད་དཀའ་ངལ་སེལ་བའི་མཆོང་བརྒལ་དུས་རབས་ལ་སླེབས། དུས་དེ་ནས་ད་བར་གཞུང་དམངས་གཉིས་ཀར་གློག་སྤྱོད་ཐད་སེམས་ཁྲལ་ཡེ་ནས་མེད་པར་གྱུར་རོ། ཁྱད་པར་དུ་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་དཀར་མཛེས་རྫོང་ཁོངས་ཡུལ་གྲུ་ཀུན་ཏུ་དམངས་སྤྱོད་གློག་ནུས་ཡོངས་སུ་ཁྱབ་གདལ་བཏང་བས་ལོ་རྒྱུས་རང་བཞིན་གྱི་ཟིན་ཐོ་གསར་པ་ཞིག་བཀོད་ཅིང་། རྫོང་ཡོངས་ཀྱི་གྲོང་པ་219ཡི་གློག་དཀོན་པ་དང་གློག་མེད་པའི་ལོ་རྒྱུས་མཇུག་སྒྲིལ།
        འཐུང་ཆུའི་མཆོང་བརྒལ། སྤྱིར་བཏང་བོད་མདོ་དབུས་ཁམས་གསུམ་ནི་འཛམ་གླིང་གི་མཐོ་སྒང་དུ་ཆགས་ཤིང་ཆུ་མགོ་གངས་ལ་གཏུགས་ཞེས་པ་ནང་བཞིན་འཛམ་གླིང་གི་ཆུ་ཡི་འབྱུང་ཁུངས་ལྟ་བུར་ཆགས་ཡོད་པས་འཐུང་ཆུ་ཡི་དཀའ་ངལ་མེད་པ་མ་ཟད། གངས་ཆུ། རྫ་ཆུ། ཆུ་མིག་སོགས་གཙོ་བོར་བྱས་པའི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཡོད་སའི་གནས་ཁྱད་འཕགས་ཤིག་ཡིན། དཀར་མཛེས་རྫོང་དུ་ཡང་བོད་ཁམས་སྤྱི་དང་འདྲ་བར་དྭངས་ཤིང་གཙང་བའི་འཐུང་ཆུ་ཡོད། དཀའ་ངལ་གཅིག་ཡོད་པ་ནི་འཐུང་ཆུ་ལེན་དུ་འགྲོ་རྒྱུ་དེ་ཡིན་ལ། འཐུང་ཆུ་སྦུག་ཏུ་འདྲེན་པ་དང་ཁྲོན་པ་གསར་བརྒྱབ་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ་དཀའ་ངལ་དེ་དག་སེལ་བའི་མཆོང་བརྒལ་རང་བཞིན་གྱི་ལོ་རྒྱུས་དེ་ཡིན། ཐོག་མར་དཀར་མཛེས་རྫོང་གྲོང་དུ་གཞིས་སྡོད་ཡུལ་མི་དང་ལས་ཁུངས། སློབ་གྲྭ་ཁག་སོ་སོ་ཡིས་རྟ་ཆུ་ལེན་ནས་འཐུང་སྲོལ་ཡོད། (རྟ་ཆུ་ནི་དཀར་མཛེས་གྲོང་ཁྱེར་གྱི་བྱང་ནས་ལྷོ་ལ་བཞུར་ཞིང་གཡང་ཀླུང་གཙང་པོར་འབབ་པའི་རྒྱུག་ཆུ་ཞིག་གི་མིང་།) གཞུང་གིས་ཆུ་བེད་ལས་ཁུངས་བཙུགས་ཏེ་སྦུག་ཆུ་དྲངས་ཀྱང་གནད་དོན་འདོད་བློ་ཚིམ་པ་ཞིག་ཐག་གཅོད་མ་བྱུང་། སྐབས་རེར་ཆུ་ཡོད་ཀྱང་མཚམས་རེར་མེད་པར་གྱུར། སྔ་དྲོ་ཆུ་དྭངས་ཀྱང་ཕྱི་དྲོ་ཆུ་རྙོག་པ། དབྱར་ཀར་ཆུ་བབས་ཀྱང་དགུན་ཁར་ཆུ་སྐམ་པ་སོགས་ཀྱི་དཀའ་ངལ་འཕྲད། ཕྱིས་སུ་སྦུག་ཆུ་འདྲེན་ལས་ཁུངས་ཀྱིས་དཀར་མཛེས་རྫོང་གྲོང་གི་བདེ་འཇགས་འཐུང་ཆུ་ཁག་ཐེག་བྱས། སྤྱི་ལོ་1988ལོར་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་ཀྱིས་གྲོས་མགོ་བཏོན་ཞིང་སྐུ་ཉིད་དངོས་སུ་ལས་ཞུགས་གནང་ནས་དཀར་མཛེས་དགོན་པ་དང་ཡུལ་ཁག་སོགས་ཡུལ་དགོན་དུ་མའི་འཐུང་ཆུ་སྦུག་འདྲེན་གྱི་ལས་ཀ་བསྒྲུབས། ད་ལྟའི་ཆར་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་འོག་མི་ཕྱུགས་གཉིས་ཀྱི་བདེ་འཇགས་འཐུང་ཆུ་ཐག་གཅོད་བྱ་བ་ནི་དབུལ་སྒྲོལ་ལས་ཀའི་རྣམ་གྲངས་ཤིག་ཏུ་འགྱུར་པས་རང་འབབ་ཆུ་འདྲེན་སྤྱི་གཉེར་ཁང་དང་ཆུ་བེད་ལས་ཁུངས་སོ་སོ་ནས་ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུགས་ནས་དཀར་མཛེས་རྫོང་གི་རོང་འབྲོག་དབུལ་ཕོངས་གྲོང་ཚོ་128ཀྱི་མི་ཕྱུགས་གཉིས་ཀྱི་འཐུང་ཆུ་སྦུ་གུར་དྲངས་ནས་ཁྱིམ་དུད་སོ་སོའི་སྒོ་ཁ་ལ་འཐེན་ཟིན། མི་གྲངས་འདུས་སྡོད་ཆེ་ས་དང་དུད་གྲངས་མང་སར་སྦུག་ཆུ་འདྲེན་ཞིང་། དུད་ཁག་ཐ་ཐོར་དང་དགུན་ཁར་གྲང་ལྷགས་ཆེ་སའི་གྲོང་ཚོ་ལ་ཁྲོན་པ་བྲུས་ཤིང་གློག་ཤུགས་ལ་བརྟེན་ནས་ཆུ་འཐེན་ཆོག་པར་བྱས། བདེ་འཇགས་འཐུང་ཆུ་སྦུག་འདྲེན་གྱི་ལས་གཞི་རྒྱ་ཆེ་ཞིང་གྲངས་མང་ལ། རྙོག་འཛིང་ཆེ་ཡང་དཀར་མཛེས་རྫོང་ཏང་སྲིད་གཉིས་དང་གྲོང་རྡལ་ཡུལ་ཚོ། ཆུ་བེད་ཆུ་འདྲེན་ལས་ཁུངས། རྒྱ་ཆེ་མང་ཚོགས་བཅས་ཀྱི་ཞུམ་མེད་སྙིང་སྟོབས་དང་ངལ་རྩོལ་ནུས་ཤུགས་ལ་བརྟེན་ནས་དུད་ཚང་སོ་སོའི་སྒོ་ར་དང་ཇ་ཁང་ནང་དུ་ཐད་ཀར་སྦུག་ཆུ་དྲངས་ནས་ལོངས་སུ་སྤྱོད་ཆོག་པའི་མཆོང་བརྒལ་ཐུབ། ལས་གྲྭ་དེས་ཆུ་ལེན་ལམ་ཐག་རིང་བ་དང་དུས་ཡུན་རིང་པོ་འགོར་འགྱངས་འགྲོ་བའི་གནས་ཚུལ་ཐག་གཅོད་བྱུང་ལ། ཁ་ཆར་བུ་ཡུག་དང་རླུང་རྒོད་ཐལ་རྡུལ་གྱི་ཁྲོད་དུ་ཆུ་ལེན་འགྲོ་བའི་ལོ་རྒྱུས་ལ་རྫོགས་ཚིག་བྲིས།
        འཕྲིན་གཏོང་ལས་རིགས་མཆོང་བརྒལ། འཕྲིན་གཏོང་ལས་རིགས་ནི་མི་དང་མི་བར་རམ་ཡང་ན་མི་དང་རང་བྱུང་ཁམས་བར་གྱི་བྱ་སྤྱོད་གང་རུང་ཞིག་གམ་ཡང་ན་སྨྱན་སྦྱོར་བརྒྱུད་ནས་ཆ་འཕྲིན་སྤེལ་རེས་དང་ཕན་ཚུན་བརྒྱུད་སྤྲོད་ཀྱི་ལས་རིགས་ཤིག་ཡིན། དཀར་མཛེས་ཡུལ་དུ་སྔོན་ཆད་ས་ཕྱོགས་སྟོད་སྨད་བར་གསུམ་ལ་ཕྱོགས་ཕན་ཚུན་འཕྲིན་ཡིག་སྤྲིངས་བ་དང་ངག་ཆ་བསྐུར་བ་སོགས་ཀྱི་བྱ་ཐབས་སྤྱོད་ཀྱིན་ཡོད། ས་གནས་དཔོན་རིགས་བར་དང་དགོན་སྡེ་ཕན་ཚུན་བར་བང་ཆེན་མངགས་སྲོལ་མཆིས། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སྦྲགས་སྲིད་ཏར་གཏོང་དང་འཕྲིན་ཡིག་སྐྱེལ་འདྲེན་སོགས་གོ་རིམ་ལྡན་པའི་ངང་རྩ་འཛུགས་བྱས་ཏེ། ས་མཚམས་ཁྱིམ་མཚེས་རྫོང་ཁག་བར་འཕྲིན་སྐྱེལ་བྱ་བ་བསྒྲུབས། དེ་ནས་རིམ་བཞིན་རོང་པ་ཚ་དང་ལྷོ་པ། གསེར་མཁར་བཅས་ལ་སྦྲགས་ཁང་བཙུགས། དངུལ་འགྲུལ་གཏོང་ལེན་དང་སྦྲག་སྲིད་དངུལ་གསོག་ལས་ཀ་སྤེལ། རིམ་བཞིན་གློག་འཕྲིན་ཁང་ལོགས་སུ་བཙུགས། སྦྲགས་སྲིད་ཀྱིས་ཚགས་དེབ་འགྲེམས་སྤེལ་དང་འཕྲིན་སྐྱེལ་ལས་ཀ་བསྒྲུབས། འཕྲིན་སྐྱེལ་ལམ་བང་ཆེན་རྣམས་ཐོག་མ་གོམ་བགྲོད་དང་དེ་ནས་རྟ་བཞོན་པ། དེ་རྗེས་རྐང་འཁོར། དེ་རྗེས་རླངས་འཁོར་སོགས་ལ་བརྟེན་ནས་ཡིག་འཕྲིན་སྐྱེལ་བའི་ལས་ཀ་སྐྱོང་། གློག་འཕྲིན་ཁང་ནས་ཀྱང་ཐོག་མར་རྫོང་གྲོང་ཁ་པར། དེ་ནས་གྲོང་གསེབ་ཀྱི་ཁ་པར། དེ་རྗེས་རྒྱང་རིང་ཁ་པར་སོགས་སུ་འཕེལ་རྒྱས་བཏང་། དེང་སང་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱུང་བས་ས་ཁོངས་ཡོངས་སུ་བརྡ་འཕྲིན་ཁེབས་དགོས་པའི་དགོས་འདུན་བཏོན་པས། དཀར་མཛེས་རྫོང་ཁོངས་རོང་འབྲོག་ས་ཁུལ་ཐམས་ཅད་ལ་ཁ་པར་གྱི་འཕྲིན་བརྡ་དང་དྲ་བས་ཡོངས་སུ་ཁྱབ། གློག་འཕྲིན་མ་ཟད་སྤོ་འཕྲིན་དང་སྦྲེལ་འཕྲིན་ཡང་དར་བས་འཕྲིན་གཏོང་ལས་ཁུངས་ཁག་བཞི་ཡིས་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་འཕྲིན་གཏོང་ལས་ཀའི་ཞབས་ཕྱི་གང་ལེགས་བརྩོན་བཞིན་མཆིས་ལ། ད་ལྟར་ཐམས་ཅད་ཀྱིས་བརྙན་འཕྲིན་དྲ་ལམ་བརྒྱུད་ནས་འཛམ་གླིང་གི་ལྟད་མོ་ལྟ་བ་དང་ཁ་པར་གྱི་གཟུགས་མཐོང་འཕྲིན་ལམ་བརྒྱུད་ནས་ཕ་མ་བུ་རྒྱུད་བར་དང་གཉེན་ཉེ་གྲོགས་པོ། དཔོན་གཡོག་བར་ཁ་བརྡ་དང་གླེང་མོལ་བྱེད་ཀྱིན་དགའ་བདེའི་འཚོ་བར་རོལ་བཞིན་གདའ། ད་ནི་དོན་དག་གང་ཞིག་ཡོད་ཀྱང་ལ་འབོད་ལུང་འབོད་མི་དགོས་པར་ཐད་ཀར་ཁ་པར་དང་སྐད་འཕྲིན་བརྒྱུད་ནས་བཤད་ཆོག་ཅིང་། སྟབས་བདེ་ཚོགས་འདུ་དང་ཛ་དྲག་ཚོགས་འདུ་དག་ཀྱང་བརྙན་ལམ་ནས་ཐད་ཀར་སྐོང་འཚོགས་བྱེད་ཆོག་པའི་དུས་རབས་གསར་པ་ཞིག་ཏུ་སླེབས། འཕྲིན་གཏོང་ལས་རིགས་ཀྱི་མཆོང་བརྒལ་གསར་པ་དེས་སྤྱི་ཚོགས་བདེ་འཇགས་དང་ཉེན་རྟོག་ལས་རིགས་ལ་སྟབས་བདེ་བཟོས་ཤིང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལ་ཡང་ཕྱོགས་གང་ཐད་ཀྱི་ཕན་ཐོགས་བསྐྲུན། མི་ལ་ལས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་དེ། ཉིན་རེའི་ཟ་མ་ཐེངས་གསུམ་མ་ཟ་ཡང་ཆོག་ཀྱང་། ལག་ཏུ་ཁ་པར་མེད་ན་སྟོང་ལྷོང་ལྷོང་གི་ཚོར་བ་ཞིག་འདུག་ཅེས་ཟེར་བ་ཡང་མི་བདེན་རྒྱུ་མི་འདུག །
        འཕེལ་རྒྱས་འདུ་ཤེས་མཆོང་བརྒལ། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་འདི་ཡི་འཛམ་གླིང་གི་བརྗོད་གཞི་ཡིན། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན། སྤྱི་ཚོགས་ཆ་འཕྲིན་ཅན། རིག་གནས་སྣ་མང་བཅས་སུ་ཕྱོགས་པའི་དུས་རབས་ཉེར་གཅིག་འདིར། ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཅིག་ཡིན་པས། ཆབ་དཔལ་རིག་གསུམ་དང་དམག་དོན་ཕྱི་འབྲེལ་ཐམས་ཅད་འཐུས་སྒོ་ཚང་ཞིང་སྟོབས་ལྡན་ཅན་གྱི་ཕྱོགས་སུ་འབད་བརྩོན་བྱེད་མུས་ཡིན། དཀར་མཛེས་མི་དམངས་ཀྱང་དེ་ལས་མ་འདས་པར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། རིག་གནས་དར་རྒྱས་སོགས་ཀྱི་ཆེད་དུ་འབད་པ་ལྷོད་མེད་བྱེད་བཞིན་མཆིས་ཏེ། རྫོང་ཏང་སྲིད་གཉིས་གཙོས་པའི་འབྲེལ་ཡོད་ལས་ཁུངས་དང་ལས་བྱེད་མང་ཚོགས་ནི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཆེད་དུ་ལོ་ཟླ་ཞག་གསུམ་གྱི་འཕེལ་རྒྱས་འཆར་འགོད་ལ་བྲེལ་ཞིང་རྨང་གཞིའི་འཛུགས་སྐྲུན་བརྟན་པོ་སྤེལ། རོང་འབྲོག་མང་ཚོགས་ནི་དབྱར་དགུན་སྟོན་དཔྱིད་མེད་པར་ཞིང་འབྲོག་ཐོན་ལས་དང་ལག་ཤེས་བཟོ་ལས། ཞོར་ལས་ཡོང་འཕར་བཅས་ཀྱི་ལས་ལ་བྲེལ། སློབ་རན་བྱིས་པ་རྣམས་ནི་ཆུང་འབྲིང་སློབ་གླིང་འགྲིམ་ནས་རྒྱ་བོད་དབྱིན་གསུམ་གྱི་རིག་པའི་གནས་ལ་བརྩོན། ཁྲོམ་གཞུང་མི་ཚོགས་འདི་དག་ཉོ་ཚོང་བརྗེ་རེས་དང་ཚོང་དོན་ལས་རིགས་འཕེལ་རྒྱས་གཏོང་ལ་བྲེལ། དགོན་སྡེ་གྲྭ་བཙུན་ཐམས་ཅད་ཐོས་བསམ་སློབ་གཉེར་ལ་བྲེལ། མདོར་ན་མ་འོངས་མདུན་ལམ་ཞིག་གི་ཆེད་དུ་མི་རྣམས་ཐམས་ཅད་བྲེལ་བྲེལ་ཚུབ་ཚུབ་ཀྱི་གནས་སུ་ཡོད་པ་དང་མདོར་ན་ཁྲིམས་བརྟེན་རྒྱལ་སྐྱོང་དང་ཁྲིམས་བརྟེན་རྫོང་སྐྱོང་གི་འདུ་ཤེས་ཤུགས་ཆེ་ལྡན། དེ་ལྟ་བུའི་ཤེས་ཡོན་ལ་བརྟེན་ནས་མི་ཚེའི་ལས་དབང་བསྒྱུར་དགོས་པའི་འདུ་ཤེས་དང་སྤྱི་པའི་སྒྲིག་ལམ་བརྩི་སྲུང་གི་འདུ་ཤེས། ཁྲིམས་མཐུན་ཁེ་དབང་ལོངས་སུ་སྤྱོད་པའི་འདུ་ཤེས་བཅས་མཆོང་བརྒལ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། །

 ཁྱད་ཆོས་དྲུག

        བོད་ཀྱི་ཡིག་གཟུགས་ཀྱི་ཁྱད་ཆོས། དཀར་མཛེས་ཡུལ་གྲུ་འདིར་བོད་ཡིག་ཇི་ལྟར་དར་མིན་གྱི་སྐོར་བོད་གངས་ཅན་ལྗོངས་སྤྱི་དང་མཚུངས། འོན་ཀྱང་བོད་ཡིག་འབྲི་ཀློག་གཉིས་ཀྱི་ཐད་ཡུལ་ལུང་མི་འདྲ་བར་ཀློག་སྟངས་མི་འདྲ་བ་དང་བྲིས་གཟུགས་མི་འདྲ་བའི་ཁྱད་པར་ཅུང་ཙམ་རེ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེས་ན་དཀར་མཛེས་ཡུལ་དུ་བྲིས་གཟུགས་ཐད་འབུར་ཐོན་གྱི་ཁྱད་ཆོས་གང་ཡོད་ཅེ་ན། གཅིག་ནས་ཆུ་མགོ་གངས་ལ་གཏུགས་པར་ལྟར་བོད་ཀྱི་ཡིག་གཟུགས་ནི་དབུས་ནས་ཁམས་ལ་དར་བ་བཤད་ཅི་དགོས། དབུས་སུ་ཐོག་མར་དབུ་མེད་ཚུགས་རིང་ནས་མགོ་བརྩམས་ཏེ་ཡིག་གཟུགས་སྦྱོང་བ་དང་། ཁམས་སུ་ཐོག་མར་དབུ་ཅན་གཟབ་ཡིག་ནས་མགོ་བརྩམས་ཏེ་ཡིག་གཟུགས་སྦྱོང་བའི་ཁྱད་ཆོས་ཡོད། གཉིས་ནས་ཡིག་གཟུགས་ནི་བོད་ཡིག་བཀས་བཅད་ཐེངས་གསུམ་དང་འབྲེལ་ནས་བྲིས་གཟུགས་ལ་ཡང་འགྱུར་བ་ཆེན་པོ་བྱུང་བ་གདོན་མི་ཟ། གསུམ་ནས་བསྟན་པ་ཕྱི་དར་ནས་བཟུང་ཡིག་གཟུགས་ནི་བྲིས་ལ་དད་འདུན་མོས་པ་ཡོད་པའི་མཁས་དབང་རྣམ་པས་ཕྱག་རྒྱུན་ལས་བྱུང་ཞིང་གཅིག་ལས་གཅིག་རྒྱུད་དེ་ད་བར་རྒྱུན་བསྲིངས་ཐུབ་པར་བྱུང་བས་རྒྱུན་འཛིན་དང་རྒྱུད་འཛིན་གྱི་ཐ་སྙད་དར། དེས་ན་དཀར་མཛེས་ཡུལ་གྱི་བྲིས་པ་རྣམས་ཀྱང་སྔོན་བྱོན་བྲིས་མཁན་རྣམ་པས་གསོ་སྐྱོང་ལ་བརྟེན་ནས་བྱུང་བ་ཤ་སྟག་གོ །
        གཡག་འཆམ་གྱི་ཁྱད་ཆོས། སྤྱིར་བོད་ཆོལ་ཁ་གསུམ་ལ་གཡག་འཆམ་བྱེད་སྲོལ་ཡོད་ཀྱང་། དཀར་མཛེས་ཡུལ་གྱི་གཡག་འཆམ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཡོད་པ་འདི་ལྟར། དང་པོ། གཡག་འཆམ་ལོ་རྒྱུས། དཀར་མཛེས་ཡུལ་མི་རྣམས་ཀྱི་སྙིང་སྟོབས་དང་འགན་ལེན་གྱི་བསམ་པར་བསྟོད་དུ་རུང་ཞིག་ནི། གནའ་སྔ་མོར་གཡག་འཆམ་སྦྱོང་བརྡར་ལེགས་པོར་འོང་བའི་ཕྱིར་དུ་གཡག་འཆམ་མཁན་གྱི་མི་སྣ་རྩ་འཛུགས་བྱས་ཏེ་ཆེད་དུ་བྱང་ཁའམ་བྱང་འབྲོག་ས་ཁུལ་དུ་སོང་ནས་དུས་ཡུན་རིང་པོར་གཡག་དང་འབྲོང་གི་ལུས་པོའི་ཆགས་ཚུལ། རྭ་རྩེད་བྱེད་སྟངས། རྡུང་འཛིང་རྒོལ་སྟངས། འཇིགས་ཉམས་སྟོན་སྟངས། གོམ་ཁ་བསྒྱུར་ལུགས་སོགས་ལ་ཡུལ་དངོས་ནས་ཉམས་སུ་བླངས་ཤིང་ཉིན་རེ་བཞིན་སྦྱོང་བརྡར་གནང་བ་དེའོ། གཉིས་ནས་འཆམ་འབག་བཟོ་རྩལ། བྱང་འབྲོག་ས་ཁུལ་དུ་སོང་ནས་གཡག་གི་ལུས་ཀྱི་གྲུབ་ཚུལ་དང་ལུས་ཕུང་ཆེ་ཆུང་། རྭ་ཡི་རིང་ཐུང་། སྤུ་དང་གྲ་ཡི་སྲབ་མཐུག །
        རྔ་མའི་སྦོམ་ཕྲ་སོགས་ལ་བརྟག་དཔྱད་ཞིབ་འཇུག་ཕྲ་ཞིང་ཕྲ་བ་བྱས་ཏེ། རྣམ་པ་དང་བཟོ་སྟབས་དེ་བཞིན་ཨེ་ཡོང་བལྟས་ཏེ་གཡག་གི་འབག་དང་ལུས་པོ་འཚེམ་བཟོ་བྱས་པས་དཀར་མཛེས་ཡུལ་གྱི་གཡག་འབག་ནི་ཆེ་ཞིང་ལྕི་ལ་ལུས་ཁོག་སྦོམ་ཞིང་རྩིད་པ་རིང་བའི་ཁྱད་ཆོས་ལྡན། གསུམ་ནས་སྦྱོང་བརྡར་གྱི་ཁྱད་ཆོས། གཡག་རེ་ལ་འཆམ་མཁན་གཉིས་རེ་དགོས་ཤིང་སྔོན་མ་དེས་ལག་ཏུ་ལྗི་ཚད་རྒྱ་མ་ཉི་ཤུ་ཡན་མན་ཡོད་པའི་རྡོ་ནར་མོ་ཞིག་ལག་པས་གནམ་ལ་བཏེགས་ནས་སྦྱོང་དགོས། དེ་ནི་གཡག་གི་མགོ་འབག་ཧ་ཅང་ལྕི་བ་མཚོན། ཕྱི་མ་དེས་ལག་གཡས་པ་གཡག་གི་རྔ་མ་གཡུགས་ཚུལ་མཚོན་པའི་དབྱུག་པ་ཞིག་བཟུང་བ་དང་ལག་གཡོན་པས་མགོ་འཆམ་གྱི་སྐེད་པར་དམ་པོར་འཛིན་དགོས། ཁོང་གཉིས་ཀས་རོལ་མོའི་སྒྲ་ལ་ཉན་བཞིན་གོམ་པ་སྤོ་བ་དང་ཡར་ལངས་མར་ཉལ་བྱེད་དགོས་པས་གཡག་འཆམ་མཁན་གྱི་ལུས་པོ་བདེ་ཐང་དང་དབུགས་སྣ་རིང་པོ་དགོས། བཞི་ནས་གཡག་འཆམ་གྱི་རོལ་མོ། རྔ་ལ་ལྟ་བཞིན་གར་འཁྲབ་ཅེས་པ་ལྟར། གཡག་འཆམ་ལ་དུང་ཆེན་ཟུང་དང་རྔ་བོ་ཆེ་གཅིག་ངེས་པར་དུ་དགོས། དུང་ཆེན་འབུད་མཁན་ལ་ཡུན་རིང་སྦྱོང་བརྡར་བྱེད་དགོས། དེ་ཡང་གཅིག་ནས་གློ་བ་བདེ་ཐང་ཡིན་དགོས་ཤིང་དབུགས་སྣ་རིང་དགོས། གཉིས་ནས་དབུགས་འབྱིན་རྔུབ་ཀྱི་ཚད་ལ་མཁས་དགོས། གསུམ་ནས་མི་ངང་རྒྱུད་རིང་པོ་ཡིན་དགོས། དེ་ལྟ་བུའི་མཐུན་རྐྱེན་ལེགས་ཚོགས་འཛོམས་པའི་ཚེ། གཡག་འཆམ་གྱི་སྒྲ་དབྱངས་དྲག་ཅིང་འཆམ་སྟབས་རྩུབ་པས་དངོས་སུ་བྱང་ཐང་གི་འབྲོང་ཞིག་འཆམ་ར་ལ་སླེབས་པ་ལྟ་བུའི་ཉམས་སྣང་འཆར་ལ་སྟོན་མོ་བ་ཐམས་ཅད་ཀྱི་སྣང་བ་སྤྲོ་ལྷོང་ལྷོང་དང་ལུས་ཀྱི་བྱ་སྤྱོད་གཡོ་འགུལ་ཟིང་ཟིང་དུ་འགྲོའོ།
        བྲག་དཀར་ཟླ་ཤེལ་གྱི་ཁྱད་ཆོས། དཀར་མཛེས་རྫོང་གི་བྲག་དཀར་བཙུན་དགོན་ལ་ཐུན་མོང་མ་ཡིན་པའི་ཟླ་ཤེལ་རིལ་བུ་ཞེས་ཡོངས་སུ་གྲགས་པ་ཕན་ནུས་ཆེ་བ་ཞིག་ཡོད་པ་དེ་ནི་རྗེ་བྱམས་པ་རབ་བརྟན་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཞལ་མངོན་སུམ་དུ་བསྟན་ཏེ་ཟླ་ཤེལ་རིལ་བུའི་རྒྱུ་དང་། སྦྱོར་བ་ཇི་ལྟར་བྱ་དགོས་མིན་བཅས་ལུང་བསྟན་པ་བཞིན། དཀར་པོ་ཆིག་ཐུབ། བྱ་འཕུར་ལེབ་བམ་ཀོ་བྱི། ཅོང་ཞི། སྤང་སྤོས། ཏིག་ཏའི་རིགས་སོགས་དང་། ཧོང་ལེན་སོགས་ཀྱི་རྒྱུ་ལས་གྲུབ་པ། ཆང་བཟང་པོས་ནང་དུ་བསྙལ། སྐྱེས་བུ་དམ་པས་གདུང་རུས་སོགས་བྱིན་རྟེན་གང་འཛོམ་བཅས་བསྡུས་ཁ་ལེགས་པར་སྤྲད་དེ། རིལ་ནག་གི་རྣམ་པར་ཡོད་པ་འདིས་ནི། ཕོ་ནད། མཁྲིས་ནད། བཤལ་ནད། ཚ་ནད། མཆིན་ནད། ཟས་དུག་གི་རིགས། ལྡབ་རླུང་སོགས་ནད་རིགས་ཤིན་ཏུ་མང་པོ་ཞིག་ལ་ཕན་པ་ཡོངས་གྲགས་དང་། དེའི་གནད་ཀྱིས་སྟོད་མངའ་རིས་མན་ཆད་དང་། སྨད་རྒྱ་ཡུལ། བྱང་སོག་ཡུལ་ཚུན་ཆད་ལ་གྲགས་པ་ཤིན་ཏུ་ཆེ་ཞིང་། མིང་ལའང་ཟླ་ཤེལ་རིལ་བུ་དང་། དགེ་མ་ཟླ་ཤེལ་དང་། དཀར་མཛེས་རིལ་ནག་གམ་རིལ་བུ་ཞེས་ཡོངས་གྲགས་སུ་གྱུར། འདིའི་མདོག་ནག་པོ་བྱས་པའང་ཚོན་ནག་གང་བྱུང་གིས་མི་ཆོག་པར་སྔར་ཡིན་ན་དགོན་པའི་ཁྲོ་ཟངས་འོག་གི་དུ་དྲེག་དང་། སྤྱིར་བཏང་གི་སྨན་ལྟར་སྨན་སྦྱོར་ཚང་ཙམ་གྱིས་མི་ཆོག་པར་སྒྲུབ་པ་པོ་མང་ཉུང་ཅི་རིགས་ཀྱིས་སྨན་བླའི་མདོ་ཆོག་སྟེང་ནས་ཉིན་བདུན་ཙམ་ལ་བསྒྲུབ་དགོས་པར་གསུངས། ཟླ་ཤེལ་རིལ་བུ་འདི་བྱུང་ནས་ད་བར་ལོ་ཉིས་བརྒྱ་དང་བདུན་ཅུ་ལྷག་ཙམ་སོང་བར་བཤད།
        ཆོས་བརྒྱུད་རིས་མེད་ཀྱི་ཁྱད་ཆོས། དཀར་མཛེས་ཡུལ་དུ་གནའ་ནས་བོན་ཆོས་དང་གསང་སྔགས་རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་ཀྱི་ཆོས་བརྒྱུད་དར་ཞིང་དགོན་སྡེ་ཆགས། དང་པོ་བོན་ཆོས་དགོན་པ་གཅིག་མ་གཏོགས་མེད་པ་དེ་ནི་གོང་ལམ་ཡུལ་ཚོའི་མངའ་ཁོངས་སུ་ཆགས་ཤིང་མིང་ལ་གཡུང་དྲུང་གླིང་དགོན་པ་ཟེར། གཉིས་པ་གསང་སྔགས་སྔ་འགྱུར་རྙིང་མ་བའི་དགོན་པ་ལ། སྔ་འགྱུར་གྲྭ་ལག་དགོན་མདོ་སྔགས་བཤད་སྒྲུབ་གླིང་འབྲུ་ཤུག་དགོན་ནམ་རྭ་བསྐོར་འགབ་མའི་དགོན། འབུམ་ཐང་དགོན་བཀྲ་ཤིས་ཆོས་གླིང་། འབོལ་ཆེན་དགོན་ནམ་འབོལ་ཆེན་བཀྲ་ཤིས་ཆོས་གླིང་། གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་། འབྲས་ཚལ་དགོན་འོད་གསལ་བསམ་གཏན་གླིང་། གླིང་མདའ་དགོན་ཨོ་རྒྱན་ཆོས་འཁོར་གླིང་། སྔ་འགྱུར་གཡར་དགོན་དཔལ་རི་བསམ་གཏན་ཆོས་འཁོར་གླིང་། གུར་ལུང་དགོན་གསང་སྔགས་བསྟན་རྒྱས་གླིང་། འབྲས་ཚལ་བདེ་ཆེན་མཁའ་སྤྱོད་གླིང་། རི་ཁྲོད་བདེ་ཆེན་བྱང་ཆུབ་གླིང་བཅས་བཅུ་གཅིག་དང་། གསུམ་པ་བཀའ་བརྒྱུད་པའི་ཆོས་བརྒྱུད་ལ་བན་རྒན་དགོན་ཕུན་ཚོགས་རྣམ་རྒྱལ་གླིང་། འོག་མིན་གཉིས་པ་ཀརྨ་དགོན་གསར་དགོན་པ། ཀརྨ་རི་བྲག་དགོན། མཁར་མགོ་ཇོ་མོ་དགོན་བཅས་བཞི། བཞི་པ་ས་སྐྱའི་ཆོས་བརྒྱུད་ལ་གླང་སྣ་དགོན་ཐུབ་བསྟན་བསམ་གྲུབ་མཐོང་གྲོལ་གླིང་། ཉ་བྲག་དགོན་དཔལ་ན་ལེནྡྲ་གསུམ་པ་ལུང་རྟོགས་པདྨ་རྒྱས་པའི་དགའ་ཚལ། གདོང་ཐོག་དགོན་ཆོས་སྡེ་རིག་གྲོལ་ཕུན་ཚོགས་གླིང་། ཕུ་མགོ་བཀྲ་ཤིས་ཆོས་ལྡན་དགོན། ཁ་ནོན་དགོན་ཐུབ་བསྟན་ཉིན་བྱེད་དགའ་ཚལ་གླིང་བཅས་ལྔ། ལྔ་པ་དགེ་ལུགས་པའི་ཆོས་བརྒྱུད་ལ་དཀར་མཛེས་བཀྲ་ཤིས་བཤད་སྒྲུབ་དར་རྒྱས་ནོར་བུའི་གླིང་། རྫ་དགའ་ལྡན་བསམ་འགྲུབ་དགོན། བྲག་ལྕོགས་དགའ་ལྡན་བྱམས་པ་གླིང་། བཀྲ་ཤིས་དར་རྒྱས་དགོན་དགེ་ལྡན་བསམ་གཏན་བྱང་ཆུབ་ཆོས་གླིང་། ཁང་དམར་དགོན་དགེ་ལྡན་བསམ་འགྲུབ་གླིང་། ཤར་མཁར་གཉལ་བཀྲ་ཤིས་བདེ་ཆེན་གླིང་། བེ་རི་དགོན་དཔལ་ལྡན་འགྲོ་ཕན་གླིང་། རྩིས་ཚང་དགོན་དགའ་ལྡན་ཆོས་འབྱོར་གླིང་། སྟོང་སྐོར་དགོན་གསང་ཆེན་མི་འགྱུར་རྡོ་རྗེ་གླིང་། ཉི་ཐང་བཀྲ་ཤིས་དར་རྒྱས་གླིང་དགོན། ལུ་གུ་ཆོས་ལྡན་བཀྲ་ཤིས་འཁྱིལ། བླ་དགོན་དགོན་པ། ཉ་རྒྱས་དགེ་ཚུལ་དགོན། ཧ་ངྷི་དགེ་ཚུལ་བཤད་སྒྲུབ་ཐུབ་བསྟན་འོད་གསལ་ལྷུན་གྲུབ་བདེ་ཆེན་གླིང་། དགའ་ལྡན་ཆོས་གླིང་། བྲག་དཀར་ཕན་བདེ་གླིང་། ཡར་སྟེང་དགེ་འཕེལ་འཇམ་དབྱངས་ཆོས་གླིང་། ནགས་གཙང་རི་ཁྲོད། ལམ་བྲག་བཙུན་དགོན་དགེ་འཕེལ་གླིང་། གཞི་གླིང་རི་ཁྲོད། སྤང་རི་སྣ་བཀྲ་ཤིས་དགེ་འཕེལ་གླིང་། ཉིན་མོ་དགེ་ཚུལ་དགོན། འབྲུག་ལང་རི་ཁྲོད། དགེ་མ་བྲག་གཡང་ངམ་དགེ་བྲག་སྤྱན་སྔ་བསམ་གཏན་ཆོས་གླིང་། སྟོང་སྐོར་ཇོ་མོ་དགོན་བཅས་ཉེར་ལྔ་ཡོད། དགོན་འདི་དག་ཀྱང་དཀར་མཛེས་རྫོང་གི་གྲོང་རྡལ་དང་ཡུལ་ཚོ་བཅུ་དགུ་ལ་ཁྱབ་ཡོད་ཅིང་ཀུན་ཀྱང་བསྟན་པ་འཛིན་སྐྱོང་གི་ལས་ལ་བྲེལ་བཞིན་མཆིས། དམིགས་བསལ་ཁྱད་ཆོས། གཅིག་ནས་དགོན་ཁག་སོ་སོའི་བླ་སྤྲུལ་དགེ་བའི་བཤེས་གཉེན་སོགས་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་ལྷན་འཛོམས་ཐོག་ལྟ་གྲུབ་བགྲོ་གླེང་གནང་ཞིང་ཕན་ཚུན་སློབ་སྦྱོང་བྱེད་པ། གཉིས་ནས་དགོན་ཁག་དུ་མའི་གྲྭ་བཙུན་ལྷན་འཛོམས་གནང་ནས་བཟང་སྤྱོད་སྨོན་ལམ་སོགས་རིས་མེད་སྨོན་ལམ་འཚོགས་པ། གསུམ་ནས་རྫོང་འཐབ་ཕྱོགས་གཅིག་གྱུར་གྱིས་རྩ་འཛུགས་དང་བཀོད་སྒྲིག་འོག་ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ཅུས་ཀྱི་ལས་བྱེད། དགོན་ཁག་སོ་སོའི་ལས་འཛིན་ལྷན་འཛོམས་ཚོགས་ཆེན་བསྡུས་ནས་ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་དང་སྲོལ་ཡིག་སློབ་སྦྱོང་། ཁྱད་པར་དུ་ལྔ་གཉིས་གསུམ་གྱི་དགོངས་དོན་སློབ་སྦྱོང་མཛད། བཞི་ནས་གྲོང་ཁྱེར་དང་གྲོང་གསེབ་རོང་འབྲོག་ས་ཁུལ་དུ་སྐུ་རིམ་ཞབས་བརྟན་ཚོགས་པ་དང་འདས་མཆོད་སྨོན་ལམ་གང་ཟབ་གནང་བ་སོགས་མདོར་ན་སྲིད་གཞུང་དང་དགོན་ཁག་བར་གྱི་འབྲེལ་འདྲིས་བཟང་ཞིང་ལས་བྱེད་དང་གྲྭ་བཙུན་བར་གྱི་མཐུན་ལམ་བཟང་ལ། ཡུལ་དགོན་ཆུ་དང་ཉ་མོ་ལྟར་ཁ་བྲལ་ཐབས་མེད་པར་ཆགས་ཡོད།
        རྒན་སྐྱོང་ཡ་རབས་ཀྱི་ཁྱད་ཆོས། དང་པོ། ལས་ཀ་བྱ་བ་གང་ཞིག་སྒྲུབ་ཀྱང་མི་ལ་རྒན་གཞོན་བགྲང་སྲོལ་བཟང་པོ་ཞིག་ཡོད་དེ་ལས་ཀ་ལྕི་བ་དང་དཀའ་བ་གཞོན་པས་བསྒྲུབ་ཅིང་སླ་བ་དང་ཡང་བ་རྒན་པས་བསྒྲུབ་ཆོག །གཉིས་པ། ཡུལ་དུས་གང་དུ་འདུ་འཛོམས་བྱེད་ཀྱང་རྒན་པ་གྲལ་མགོ་དང་གཞོན་པ་གྲལ་འདབས་སྡོད་དགོས། གཞོན་བྱིས་སུ་ཞིག་གིས་བརྩི་སྲུང་མ་བྱེད་ན་འཕྱ་སྲོལ་ཡོད། གསུམ་པ། ཁྱོ་ཤུག་གཉིས་ལ་བུ་རྒྱུད་ག་ཚོད་ཡོད་ཀྱང་འདྲ། འཇོན་ནུས་ཇི་ཙམ་ལྡན་ཡང་རུང་། གོ་ཐོབ་ག་ཚོད་མཐོ་ཡང་འདྲ་ཕ་མ་གཉིས་ཀྱི་འགྲམ་དུ་བུའམ་བུ་མོ་གང་རུང་ཞིག་སྡོད་དེ་གཡོག་བྱ་དགོས་ཏེ་ཕ་མ་དང་རྒན་རབས་ལ་མཁོ་བ་ནི་གོ་ཐོབ་དང་དཔལ་འབྱོར་ཙམ་མ་ཡིན་པར་བུ་རྒྱུད་ཀྱི་བརྩེ་བའོ། བཞི་པ། བུ་རྒྱུད་མེད་པར་གྱུར་པའི་གྲོང་ནང་རྒན་རྒོན་ལ་གྲོང་མི་གཞོན་བྱིས་རྣམས་ཀྱིས་རོགས་སྲོལ་ཡོད་པ། ལྔ་པ། དཔལ་འབྱོར་མཐུན་རྐྱེན་ཡོད་མེད་ལ་མ་བལྟས་པར་རྒན་རྒོན་ཡིན་ཕྱིན་གྲོང་པའི་བདེ་སྡུག་ཅི་བྱུང་གི་བྱ་འགུལ་ལ་ཞུགས་དགོས་པ། དྲུག་པ། རྒན་རྒོན་ལོ་ལོན་ཡིན་ཕྱིན་རྟ་ཟོག་རྫི་རེས་དང་སོ་ནམ་ཞིང་ལས་ལ་ཞུགས་མི་དགོས་པར་གྲོང་མིས་རོགས་པ། བདུན་པ། ལོ་ཟླ་ཞག་གསུམ་ལ་གྲོང་པའི་རྒན་རྒོན་རྣམས་ལྷན་དུ་ཁྲུས་བརྒྱབ་སར་འགྲོ་བ་དང་དབྱར་སྐྱིད་གཏོང་བ། སྒྲོལ་སྔགས་དང་མ་ཎི་སྒྲོག་འདོན། གནས་སྐོར་མཉམ་འགྲོ་སོགས་བྱེད་པའི་ཁོམ་ལོང་ཡོད་པ་ལྟ་བུའོ། རྒྱུ་མཚན་དེས་ན་ཉེ་བའི་ལོ་ཤས་སྔོན་ལ་དཀར་མཛེས་རྫོང་དམངས་སྲིད་ཅུས་ནས་རྒས་གསོ་ཁང་ཁག་འགའ་བཙུགས་ནས་རྒན་རྒོན་དང་དབང་སྐྱོན་བསྡུ་རུབ་བྱས་ཀྱང་། གཞི་རྒྱ་ཆེན་པོ་མེད་ཅིང་མི་གྲངས་ཉུང་ཉུང་ཡིན། གཞུང་གི་བྱམས་བརྩེ་ཡིས་མི་འདང་བར་མ་ཡིན་པར་ཡུལ་ལུང་འདི་རུ་སྔར་ནས་རྒས་སྐྱོང་གི་སྲོལ་བཟང་པོ་ཡོད་ཅིང་ཐུན་མིན་གྱི་ཡ་རབས་སྤྱོད་བཟང་གི་ཁྱད་ཆོས་ལྡན།
        ཆུ་གཤེར་རྩམ་པའི་ཁྱད་ཆོས། བོད་རིགས་མི་དམངས་ཀྱིས་གནའ་ནས་ད་བར་གཙོ་བོ་རྩམ་པ་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། དེ་ཡང་དཀར་མཛེས་བདེ་མཆོག་ཆུ་གཤེར་རྩམ་པ་ས་གནས་གཞན་གྱི་རྩམ་པ་དང་དམིགས་བསལ་ཡིན་ལུགས་ནི། དཀར་མཛེས་ཡུལ་དུ་རྩམ་པ་ལོངས་སུ་སྤྱོད་མཁན་མང་བས་ཡུལ་ལུང་སོ་སོ་དང་དུད་ཚང་ཕན་ཚུན་བར་དུ་ཡང་གོང་དུ་བཤད་པ་ལྟར་རྩམ་པ་འཐག་སྟངས་མི་གཅིག་པ་མང་། དཀར་མཛེས་བདེ་མཆོག་ཆུ་གཤེར་རྩམ་པ་ནི་གཅིག་ནས་མི་རབས་སྔོན་མའི་ནམ་རྒྱུན་ཆུ་བཤེར་རྩམ་པ་ཁོ་ནར་ལོངས་སུ་སྤྱོད་ཅིང་བརྔོ་འཐག་བྱེད་སྟངས་ཀྱི་ལག་རྩལ་ལ་རྒྱུན་འཛིན་རང་བཞིན་གྱི་ཁྱད་ཆོས་ཡོད། གཉིས་ནས་རྩམ་པའི་རྒྱུ་ནས་ཡིན་པས་ནས་ལ་གདམ་ག་བྱེད་མཁས་པ། གསུམ་ནས་ལས་སྣོན་གྱི་གོ་རིམ་འཐུས་ཚང་ལ་མ་འཁྲུགས་པ། བཞི་ནས་འབྲེལ་ཡོད་ལས་ཁུངས་ཀྱིས་ཚན་རིག་དང་མཐུན་པར་ཚོད་ལེན་བྱས་ཏེ་གདེང་འཇོག་ཡག་པོ་ཐོབ་པ། ལྔ་ནས་ཚོང་རར་འགྲེམས་ཆོག་པའི་དཔང་ཡིག་ཚད་ལྡན་ལེན་ཡོད་པ་སོགས་མདོར་ན་དཀར་མཛེས་བདེ་མཆོག་རྩམ་པའི་རྒྱུན་འཛིན་ཚད་ལྡན་དང་ཚོང་རྫས་ཚད་ལྡན་ཡིན་པས་ཀུན་གྱིས་བློ་བདེ་བག་ཕེབས་ངང་འཛད་སྤྱོད་བྱ་ཆོག །

མཇུག་གི་གཏམ།
        ཏྲེ་ཤོད་གངས་ཀྱི་ར་བའམ་དཀར་མཛེས་རྫོང་གི་ཡུལ་སྡེ་མི་གསུམ་ངོ་སྤྲོད་མདོར་ཙམ་ཞུ་ན། རྫོང་འདི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་ཁུལ་དང་གཡང་ཀླུང་གཙང་པོའི་སྟོད་ཕྱོགས་སུ། ཤར་བྲག་མགོ། ནུབ་སྡེ་དགེ །ལྷོ་ཉག་རོང་དང་དཔལ་ཡུལ། བྱང་སེར་ཤུལ་དང་གསེར་རྟ་བཅས་དང་ཕན་ཚུན་མཐའ་མཚམས་འབྲེལ་ནས་ཆགས་ཡོད་ལ། ཟླ་ཐང་མའི་ས་མཚམས་མཚོ་སྔོན་ཞིང་ཆེན་དང་ཡང་འབྲེལ་ཡོད། རྫོང་ཡོངས་ལ་མིག་སྔར་སྲིད་འཛིན་གྲོང་ཚོ་198ཡོད། རོང་འབྲོག་གཉིས་དང་ལག་ཤེས་བཟོ་ལས། ཞབས་འདེགས་ལས་རིགས་ཕུན་སུམ་ཚོགས། ཡུལ་འདིའི་བྱང་ཤར་མཚམས་སུ་སྟོང་སྐོར་གནས་རི་དང་ཤར་ཕྱོགས་ཁ་བ་ལུང་རིང་། ལྷོ་ཕྱོགས་བདེ་མཆོག་ཕོ་བྲང་དང་ཙཱ་ཟླ་གནས་རི། ལྷོ་ནུབ་ལྷ་མོ་ཕུག་དང་བྲག་དཀར་མཆོག་རྫོང་། ནུབ་ཏུ་བྲག་རི་གཡང་འཁོར་དང་འོ་ཟླ་བྲག་དཀར་སོགས་གནས་མཆོག་དུ་མས་བསྐོར་ཡོད། ཤར་གྱི་ལྷོ་པ་དང་གསེར་ཆུ་སྟེང་ཡུལ་ཚོ་ནས་ནུབ་ཀྱི་འདན་མ་གྲོང་རྡལ་བར་རང་བྱུང་ཆུ་ཚན་གྱི་ཐོན་ཁུངས་འབེལ་ལ་ལུས་ཁམས་འབྱུང་འཁྲུག་གི་ནད་གཞི་འདྲ་མིན་ལ་ཕན་པའི་ཚ་ཆུ་མང་བས་མདོ་དབུས་ཁམས་གསུམ་གྱི་ས་ཕྱོགས་གང་ས་ནས་རང་བྱུང་ཆུ་ཚན་གྱི་ཁྲུས་ལ་ཡོང་མཁན་ཧ་ཅང་མང་། དུས་རབས་ཉི་ཤུ་ཡི་ལོ་རབས་བརྒྱད་ཅུ་ནས་ཆོས་སྒོ་ཕྱེས་པའི་ཆོས་བརྒྱུད་ཁག་གི་དགོན་སྡེ་འཛུགས་སྐྲུན་བརྗིད་ཉམས་ཆེ། ལྷག་པར་ཉེ་བའི་ལོ་ཤས་ནང་གསར་དུ་བཞེངས་པའི་གེ་སར་མཁར་གྲོང་དང་གེ་སར་འབྲུ་ནས་རིག་གནས་ཐོན་ལས་ཁུལ། ཟླ་སྟོད་ཡུལ་གྱི་མ་ཎི་རྡོ་འབུམ་དང་བྱང་ཆུབ་མཆོད་རྟེན། ནགས་ཚང་དབྱེན་ཟླུམ་མཆོད་རྟེན། སྐྱབས་མགོན་དཔལ་འཁོར་མཆོད་རྟེན། གྲྭ་ལག་འཛམ་གླིང་ཞི་བདེ་གསེར་སྡོང་ཆེན་མོ་སོགས་རྟེན་བྱིན་ཅན་མཇལ་དུ་ཡོད་པས་ཡུལ་མི་སུ་ཞིག་གནས་མཇལ་ལ་ཡོང་ན་བློ་ཡིད་ཚིམ་པར་ཡོང་ངེས། སྔར་ཡོད་ཀྱི་སློབ་གྲྭའི་རྣམ་པ་འགྱུར་ཞིང་བཀོད་པ་མཛེས་པ། གཞི་རྒྱ་ཆེ་བ། དགེ་སློབ་མང་བའི་ཁར་སློབ་གསོའི་སྤུས་ཚད་ལོ་ལྟར་ཇེ་བཟང་འགྲོ་བ། གསར་དུ་བཏབ་པའི་མཐའ་མཚམས་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སློབ་གྲྭ་ཡིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད། དབུལ་སེལ་འགག་སྒྲོལ་གྱི་སྲིད་ཇུས་ལག་ལེན་བསྟར་བས་རྨང་གཞིའི་འཛུགས་སྐྲུན་བཟང་། ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་གྲོང་གི་ཚད་གཞིར་སླེབས་ཤིང་ཆོག་མཆན་ཐོབ། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་གྲོང་འཛུགས་འཆར་གྱི་རེ་ཞུ་འདོན་མུས་མཆིས། གྲོང་གསེབ་གྲོང་ཁྱེར་ཡོངས་ཀྱི་རྣམ་པ་བརྗེ། །ཕྱི་ནང་འགྲུལ་བཞུད་མི་ཡིས་བསྟོད་བསྔགས་གནང་། །སྐྱེ་ཁམས་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག །མི་རིགས་མཐུན་ལམ་བཟང་བས་འགྲོ་འོང་བདེ། །ཉིན་མོར་ཉི་མས་གསལ་ལྟར་མཚན་མོར་གསལ། །གློག་གི་ཐོན་ཁུངས་བརྟན་ཞིང་ཐོན་སྐྱེད་བདེ། །མེ་ཏོག་ལྡུམ་ར་དང་ནི་སྐྱེད་ཚལ་མང་། །གླུ་གར་རོལ་རྩེད་ལུས་རྩལ་ར་བ་འབེལ། །བདེ་མྱུར་བྲོ་དང་སྙན་འཇེབས་གླུ་དབྱངས་ལེན། །རོ་བརྒྱའི་ཟས་དང་བདུད་རྩིའི་བཏུང་བ་ཞིམ། །མདོར་ན་གཞུང་དམངས་ཐམས་ཅད་བག་ཕེབས་ཤིང་། །བཀྲ་ཤིས་ཕུན་སུམ་ཚོགས་པའི་འཚོ་བར་རོལ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1