ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་མི་སྣར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-19



          འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་སྨན་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་མི་སྣར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
          ཞི་ཅིན་ཕིང་གིས། རྒྱ་ཆེའི་སྨན་དོན་ལས་དོན་པ་ནི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་རྒྱ་ཆེའི་སྨན་དོན་ལས་དོན་མི་སྣས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཕྱིར་བཤོལ་སྤུ་ཙམ་མེད་པའི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་དེ་དུས་ཚོད་བརྩོན་ལེན་གྱིས་ནད་གདོན་ལ་ཁ་གཏད་གཅོག་པ་དང་། སྙིང་རུས་ཆེན་པོས་ཉིན་མཚན་མེད་པར་འབད་འཐབ་བྱས་ཏེ། རིམས་ནད་ལ་འགོག་རྒོལ་བྱེད་པར་དཀའ་སྤྱད་འབད་བརྩོན་དང་བྱས་རྗེས་གལ་ཆེན་བཞག་ཡོད་ཅིང་། དེའི་ཐོག་ནས་ཚེ་སྲོག་གོང་དུ་བཀུར་བ་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་འདོད་ཆེ་བ། བྱམས་སེམས་ཆེ་བ་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མཚོན་ཡོད་པས། ཏང་དང་མི་དམངས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད་ཅེས་གསུངས་ཡོད་པ་རེད།
          ཞི་ཅིན་ཕིང་གིས། རྒྱ་ཆེའི་སྨན་དོན་ལས་དོན་མི་སྣས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྨན་པའི་ཀུན་སྤྱོད་ལ་བརྩི་མཐོང་དར་སྤེལ་དང་། སྨན་པའི་ལག་རྩལ་ལ་བརྩོན་ཞིབ། སྨན་པའི་སྲོལ་བཟང་རྒྱུན་འཛིན། ལས་འགན་ལྗིད་པོ་འཁུར་ཕོད་པ་བཅས་བྱས་ནས། གསོ་རིག་ཡར་ཐོན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་དང་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། སྤྱི་ཚོགས་ཡོངས་བཅས་ཀྱིས་སྨན་དོན་ལས་དོན་སྒྲུབ་མཁན་རྣམས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། སྔོན་ཐོན་བྱས་རྗེས་དར་སྤེལ་གཏོང་བ། ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། དཀའ་ངལ་སེལ་རོགས་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་སྨན་བཅོས་ལ་བརྩི་འཇོག་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་རྒྱ་ཁྱབ་ངང་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1