༄༅།།བོད་མི་རིགས་ཀྱི་ཚེ་ཐར་སྲོག་བླུའི་ཡུལ་སྲོལ་གོམས་གཤིས་ཀྱི་སྐོར་གླེང་བ།

དཔའ་རྩེ་བྱམས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། 08-19



དཔའ་རྩེ་བྱམས།
[ནང་དོན་གནད་བསྡུས།]   རྩོམ་ཡིག་འདིའི་ནང་དུ་བོད་མི་རིགས་ཀྱི་ཚེ་ཐར་སྲོག་བླུའི་རིག་གནས་ཀྱི་སྐོར་གླེང་ཡོད་ལ།   གཅོ་བོ་ཚེ་ཐར་གྱི་ཕན་ཡོན་དང་ཚེ་ཐར་བཤས་པའི་ཉེས་དམིགས། ཆོ་ག་དངོས་དང་ཚེ་ཐར་སྲོག་བླུ་ལས་བོད་མི་རིགས་ཀྱི་ལྟ་སྤྱོད་ནོར་འཁྲུལ་སྐོར་བཅས་ཕྱོགས་བཞི་ནས་གླེང་ཡོད།
[གནད་ཚིག]    ཚེ་ཐར།    སྲུང་རྟགས།    རྟ་ནོར་ལུག་གསུམ།
        གླེང་གཞི།
        ཚེ་ཐར་སྲོག་བླུ་ཞེས་པའི་བོད་མི་རིགས་ཀྱི་ཡུལ་སྲོལ་རིག་གནས་འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པའི་གནའ་བོའི་རྒྱ་གར་དང་བོད་ཡུལ་གཉིས་སུ་དར་ཁྱབ་ཆེ་བའི་དཀར་པོ་ཆོས་ཀྱི་བྱེད་སྒོའམ་བསོད་ནམས་ཀྱི་ཚོགས་བླ་ན་མེད་པ་ཞིག་ཡིན།  བོད་མི་རིགས་ཀྱིས་ཚེ་ཐར་གཏོང་བ་ལ་རི་ཆུ་ནགས་གསུམ་དང་རྟ་ནོར་ལུག་གསུམ་སོགས་དུད་འགྲོའི་རིགས་གཏོང་བས།  རིག་གནས་འདིས་མི་དང་རང་བྱུང་ཁོར་ཡུག་བར་གྱི་འཆམ་མཐུན་དང་ཞི་བདེ།  མི་དང་སྲོག་ཆགས་བར་གྱི་འཆམ་མཐུན་དང་ཞི་བདེ་ལ་ནུས་པ་ཆེན་པོ་ཐོན་གྱིན་ཡོད། དེ་བས་རིག་གནས་འདི་ནི་ཡུལ་སྲོལ་དང་འཆམ་མཐུན། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཕྱོགས་གང་ཐད་ནས་ཧ་ཅང་གལ་ཆེ་བར་འདུག་སྙམ་ནས་འདི་སྐོར་གྱི་ངོ་སྤྲོད་ཅུང་ཙམ་བྱེད་འདོད་པས་བྲིས་པ་ཡིན། 
དང་པོ།   ཚེ་ཐར་གྱི་ཕན་ཡོན།
        ཚེ་ཐར་ཞེས་པ་ནི་ཚེ་སྲོག་ཉེན་ཁ་ལས་ཐར་པར་བྱས་པ་ཡིན་ལ། ཚེ་ཐར་གཏོང་བ་ནི་གཞན་གྱི་ཚེ་སྲོག་ཉེན་ཁ་ལས་ཐར་པར་བྱེད་པའི་དོན་ཡིན། བགེགས་དང་བར་ཆད་སོགས་བཀྲ་མི་ཤིས་པ་སེལ་བར་བྱེད་པའི་ཆོས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན། གཞན་ཚེ་ཐར་པར་བྱས་ནས་སྲོག་སྐྱོབ་པ་དང་ཚེ་སྲིང་བར་བྱེད་པ་ནི་བྱམས་པའི་སྦྱིན་པ་ཡིན། སྙིང་རྗེས་ཀུན་ནས་བསླངས་ཏེ་སེམས་ཅན་གསོད་པ་ཚེ་ཐར་དུ་གཏོང་བ་ནི་སྙིང་རྗེ་ཡིན་ལ། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་འཁོར་བ་དང་སྡུག་བསྔུལ་གྱི་གནས་ལས་སྒྲོལ་བའི་ཁུར་འཁྱེར་བའི་རྩ་བ་ལྟ་བུ་ཡིན་ཏེ། མདོ་སྡེ་རྒྱན་ལས། དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན། ། རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱད་བཟོད་པ་ཉིད་མི་འགྱུར། །དེ་བས་ན་སྙིང་རྗེ་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དང་ལྗོན་ཤིང་གི་རྩ་བ་ལྟ་བུ་ཡིན་པར་ནང་བསྟན་གྱི་གཞུང་དག་ལས་བཤད། དེ་ལྟར་བྱམས་དང་སྙིང་རྗེས་བསྐུལ་ནས་ཚེ་ཐར་གཏོང་བ་ལ་ཕན་ནུས་རླབས་ཆེན་འབྱུང་བར་བཤད་དེ། ཚེ་ཐར་བཏང་བའི་འབྲས་བུ་ལ་ཡི་དྭགས་སུ་སྐྱེ་བའི་སྒོ་གཅོད་པ་དང་ཚེ་རབས་ཐམས་ཅད་དུ་རྒྱུ་ནོར་ལོངས་སྤྱོད་ཀྱིས་ཕྱུག་ལ། བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གསུངས། ཚེ་ཐར་གཏོང་སྐབས་བྱམས་དང་སྙིང་རྗེ་ཡིས་སྐུལ་བའི་ཀུན་སློང་རྣམ་དག་ཅིག་དགོས་པར་གསུངས། ཀུན་སློང་རྣམ་དག་གིས་ཚེ་ཐར་གཅིག་བཏང་ན་བསྐལ་བ་བརྒྱ་ཡི་བར་དུ་བསགས་པའི་སྡིག་སྒྲིབ་འདག་ལ་བཅུ་ཕྲག་གཅིག་ཚེ་ཐར་བྱས་པས་བསྐལ་བ་སྟོང་དང་། བརྒྱ་ཕྲག་གིས་བསྐལ་བ་ཁྲི་ཕྲག་དང་། སྟོང་ཕྲག་གཅིག་ཙམ་བཏང་བས་བསྐལ་བ་འབུམ་བཅས་ཀྱི་བར་དུ་བསགས་པའི་སྡིག་སྒྲིག་མ་ལུས་བྱང་འགྲོ་བ་དང་། བསྐལ་བ་སྟོང་ལ་རྒྱུན་ཆད་མེད་པར་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པ་ལས་སེམས་ཅན་གཅིག་གི་སྲོག་བསྐྱབས་པའི་ཕན་ཡོན་ཆེ་བ་སོགས་མདོ་སྡེ་རྣམས་སུ་གསལ།  ཁྱད་པར་དུ་གསོད་ངེས་པའི་ར་ལུག་སྐམས་སོགས་གཅིག་ཚེ་ཐར་བྱས་པས་ངན་སོང་ལན་གཅིག་སྟོངས་པར་འགྱུར་ལ། མི་གཅིག་བསད་པའི་སྡིག་པ་ཚེ་ཐར་བརྒྱ་བཏང་བས་བྱང་བ་དང་ཚེ་ཐར་བཏང་བས་གཏོང་མཁན་གྱི་མི་རྣམས་ཚེ་དང་བསོད་ནམས་འཕེལ་ལ་རླུང་རྟ་དར་ལ་སྐྱེ་བ་ཕྱི་མར་མིའི་ལུས་རྟེན་ཐོབ་པར་མ་ཟད་བདེ་སྐྱིད་ལྡན་ཞིང་དཔལ་འབྱོར་དང་སྙན་གྲགས་རྒྱས་ལ་ནད་མེད་ཚེ་རིང་བ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་ཀྱི་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བ་སོགས་མདོ་སྡེ་རྣམས་ལས་དེ་ལྟར་གསུངས་འདུག མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། “སེམས་ཅན་དེ་གསོད་དུ་མི་བཅུག་པར་གནས་སྐབས་སུ་བདེ་བར་འདོད་པ་ནི་བྱམས་པ།  སེམས་ཅན་གསོད་པ་དེ་སྙིང་རྗེ་བས་མི་གསོད་ཚེ་ཐར་བྱེད་པ་ནི་སྙིང་རྗེ། འདི་དགེ་བའི་དངོས་པོ་ཚེ་ཐར་བྱས་པས་ཕན་ཡོན་ཡོད་སྙམ་པ་ཡིས་དགའ་ན་དགའ་བ། འདི་ནི་ཤ་ཟའོ་ཚིལ་ལྡན་ནོ་ཁྲག་འཐུང་ངོ་རུས་པ་དང་རྐང་ལྡོག་གོ ། ནང་ཆ་ཟའོ་པགས་པ་གྱོན་ནོ་སྙམ་དུ་རྣམ་རྟོག་ངན་པ་མང་པོ་མི་སྐྱེ་བ་ནི་བཏང་སྙོམས།”[1]ཞེས་པས་ཚངས་པའི་གནས་བཞི་ཡང་ལྡན་ལ། བསྡུ་དངོས་བཞི་ལྡན་ཚུལ་ནི་ཡང་དེ་ཉིད་ལས“སེམས་ཅན་དེ་ལ་སྲོག་སྦྱིན་པ་ནི་མཁོ་བ་སྦྱིན་པ། ཚེ་ཐར་དེ་ལ་འདི་ཚེ་ཐར་ཡིན་ནོ་ཞེས་མིང་བཟང་པོ་བཏགས་པ་ནི་སྙན་པར་སྨྲ་བའོ། ། དེ་ལྟར་མིང་བཏགས་པ་དང་མཐུན་པར་དུས་ནམ་ཡང་མི་བཤའ་བ་ནི་དོན་མཐུན་པའོ། །དེ་འཚོ་སྐྱོང་གསོ་གསན་བྱེད་པ་གདུལ་བྱ་དུད་འགྲོ་དེའི་དོན་སྤྱོད་པའོ། །”[2]  བསྡུ་དངོས་བཞི་ཡང་ཚང་བར་མ་ཟད། “སྲོག་སྦྱིན་པ་ནི་སྦྱིན་པའོ།  །སྲོག་གཅོད་པ་སྤོང་བ་ནི་ཚུལ་ཁྲིམས་སོ། །དེའི་ཤ་དང་པགས་པ་ལོངས་སྤྱོད་རྒྱུ་མེད་པར་བྱེད་པ་ནི་བཟོད་པ། དེའི་འཚོ་སྐྱོང་གསོ་གསན་ལ་བརྩོན་པ་ནི་བརྩོན་འགྲུས་སོ། ། འདི་བཤའ་མི་རུང་ཚེ་ཐར་ཡིན་ནོ་སྙམ་པ་ནི་བསམ་གཏན་ནོ། །དེ་བསད་ན་ཉེས་བ་ཆེ་བར་ཤེས། ཚེ་ཐར་བྱས་ན་ཕན་ཡོན་ཆེ་བར་ཤེས་པ་ནི་ཤེས་རབ་སྟེ།”[3]ཕ་རོལ་དུ་ཕྱིན་པ་དྲུག་ཀྱང་ཚེ་ཐར་ལ་ཚང་ངོ་། །“ཚེ་ཐར་བྱས་པའི་ཕན་ཡོན་ལ་ཡིད་ཆེས་པའི་དད་པའམ། ལྷ་ལ་དད་པ་བརྩོན་པ་ནི་དང་བ། སེམས་ཅན་དེའི་སྲོག་གཅོད་སྤོང་བ་ནི་ཚུལ་ཁྲིམས་སམ་སྲོག་བཅད་པ་ནི་ཉེས་དམིགས་དང་ཚེ་ཐར་བྱས་པའི་ཕན་ཡོན་ཐོས་པ་ནི་ཐོས་པ། སྲོག་བྱིན་པ་སྦྱིན་པ་བཏང་བའི་མཆོག་ཡིན་པ་དང་། ཚེ་ཐར་གྱི་རིན་འཇལ་བ་དང་། གསོན་པོ་བྱེད་པ་ནི་སྦྱིན་པ་བཏང་བ། ཕན་ཡོན་དང་ཉེས་དམིགས་ཤེས་པ་ནི་ཤེས་རབ། སེམས་ཅན་ཚེ་རབས་མང་པོའི་ཕ་མ་ཡིན་པ་དེ་མི་གསོད་ཚེ་ཐར་བཏང་བ་ནི་ཁྲེལ་ཡོད་པ། ཚེ་ཐར་བཤས་ན་གཞན་གྱི་འཕྱ་དོགས་པ་ནི་ངོ་ཚ་ཤེས་པ།”[4]ཞེས་གསུངས་པ་བཞིན་ཆོས་ཐམས་ཅད་ཀྱི་རྩ་བ་ནི་ཚངས་པའི་གནས་བཞི་དང་འགྲོ་བ་སེམས་ཅན་གྱི་དོན་མཛད་པར་བྱ་བའི་རྩ་བ་ལ་བསྡུ་དངོས་བཞི་ལས་ལྷག་པ་མེད་ལ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བརྩོན་པ་ལ་ཕར་ཕྱིན་དྲུག་ནི་ལམ་གྱི་དངོས་གཞི་དང་། འཕགས་པའི་ནོར་བདུན་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཚེ་ཐར་བྱས་པ་ལ་འདི་དག་ཐམས་ཅད་ཀྱི་ཕན་ཡོན་ལྡན་པར་བཤད།
གཉིས་པ།  ཆོ་ག་དངོས།
        ཚེ་ཐར་ཅེས་པ་ནི་གཞན་འཆི་བའི་དུས་ལ་མ་བབས་སྔོན་ལ་རང་གིས་བཙན་གྱིས་དུད་འགྲོ་དེ་དག་གི་སྲོག་གི་སྐྱེ་འགགས་མི་གཅོད་པ་དེ་ལ་ཟེར་ཅིང་། རིག་གནས་འདི་ལ་ངོས་འཛིན་ཚུལ་གཉིས་ཡོད་པ་དང་། དེ་ནི་དམངས་ཁྲོད་ཀྱི་ངོས་འཛིན་དང་ཆོས་ལུགས་ཀྱི་ངོས་འཛིན་གྱི་ཚེ་ཐར་གཏོང་ཚུལ་གཉིས་ཡིན། དམངས་ཁྲོད་ཀྱི་ངོས་འཛིན་ཚུལ་ལས་ཚེ་ཐར་གཏོང་བ་ལ་སེམས་ཅན་དུད་འགྲོའི་རིགས་དེས་རང་ལ་ཡུན་རིང་པོར་དྲིན་བྱས་པས་དེའི་དྲིན་གཟོའི་ཆེད་དུ་གཞན་ལས་ཐུན་མོང་མ་ཡིན་པའི་བདག་སྐྱོང་དང་ཚེ་བསྲིངས་ནས་རང་དབང་སྤྲད་དེ་ཚེ་ཐར་གཏོང་བ་ཡིན། ཆོས་ལུགས་ཐད་ཀྱི་ངོས་འཛིན་ནི་ཚེ་ཐར་གཏོང་བ་ལ་རྩ་བའི་བླ་མ་དང་ཕ་མ་གཉེན་ཉེ་སོགས་ཀྱི་བགེགས་བར་ཆད་སེལ་ནས་ཚེ་སྲིང་བའི་ཆེད་དུ་ཚེ་ཐར་གཏོང་བ་དང་རང་གཞན་གང་རུང་ན་ནས་སྲོག་ལ་བབས་པ་ལས་སྲོག་སྐྱོབ་པའི་ཆེད་དུ་ཚེ་ཐར་གཏོང་བ་སྟེ། འདི་ནི་བགེགས་དེ་ལས་བཟློག་ཆེད་བླུ་ཡོན་བྱིན་ནས་དུད་འགྲོ་རྣམས་ཤན་པ་སོགས་ཀྱི་ལག་ནས་བླུས་པའམ་རང་གི་ཕྱུགས་ཟོག་ལས་གང་རུང་ཚེ་ཐར་གཏོང་བ་དང་བཅས་ངོས་འཛིན་བྱེད་ཚུལ་རིགས་གཉིས་ཡིན། སྤྱིར་ཚེ་ཐར་ལ་རིགས་དབྱེ་ན་ཚེ་ཤུགས་བཏང་བའི་ཚེ་ཐར་དང་། ལྷ་ལ་རྟེན་དུ་བཙུགས་པའི་ཚེ་ཐར། ལྷ་ལ་དཀོར་དུ་ཕུལ་བའི་ཚེ་ཐར། སྲོག་བླུ་བཏང་བའི་ཚེ་ཐར་སོགས་རིགས་མང་པོ་ཡོད། ཚེ་ཐར་གཏོང་བའི་དུས་ལ་སྤྱིར་ཧོར་ཟླ་དང་པོའི་ཚེས་གཅིག་གསུམ་ལྔ་དང་བཅུ་གཅིག་དང་བཅུ་གསུམ་བཅོ་ལྔ།  ཧོར་ཟླ་བཞི་པའི་ཚེས་བདུན་དང་བཅོ་ལྔ། ཧོར་ཟླ་དྲུག་པའི་ཚེས་བཞི་དང་ཧོར་ཟླ་དགུ་པའི་ཉེར་གཉིས། དེ་མིན་དམིགས་བསལ་གྱིས་གནམ་གང་ཚེས་བརྒྱད་སོགས་དུས་ཆེན་དག་གི་ཉིན་མོར་ཆོ་ག་སྤེལ་བ་དང་དགོས་དབང་གིས་ཏེ། ནད་པ་དང་བླ་མ་སོགས་ཀྱི་ཞབས་བརྟན་ཀྱི་ཆེད་དུ་ནམ་ཡིན་ཀྱང་ཆོ་ག་སྤེལ་དགོས་པའང་ཡོད། ཚེ་ཐར་གཏོང་བ་ལ་དུད་འགྲོའི་རིགས་དང་དུད་འགྲོ་མ་ཡིན་པའི་རིགས་གཉིས་ཡོད་ལ། དུད་འགྲོ་མ་ཡིན་པའི་རིགས་ལ་རི་ཆུ་ནགས་གསུམ་སོགས་རང་བྱུང་ཁོར་ཡུག་གི་སྐྱེ་དངོས་ཀྱི་རིགས་ཚེ་ཐར་གཏོང་བ་ཡིན། རི་ཆུ་ནགས་གསུམ་ཚེ་ཐར་བཏང་བས་མི་སུ་ཡིན་ཀྱང་གནས་དེ་ནས་ས་བརྐོ་རྡོ་སློག་དང་ཤིང་ནགས་གཅོད་པ་སོགས་ཀྱི་ལས་མི་བྱེད་པ་ཡིན། རི་ཆུ་ནགས་གསུམ་ཚེ་ཐར་གཏོང་སྐབས་མར་གྱིས་ཁ་བསྐུས་རྗེས་ལྗོན་ཤིང་གི་ལོ་མ་སོགས་ཀྱི་སྟེང་སྲུང་རྟགས་དང་ཡང་ན་ཁ་བཏགས་འདོགས་པ་ཡིན། དུད་འགྲོའི་རིགས་ལ་སྒོ་ཕྱུགས་དང་སྒོ་ཕྱུགས་མ་ཡིན་པའི་ཉ་རིགས་དང་དེ་ལས་གཞན་པའི་སྲོག་ཆགས་གཞན་དག་གཏོང་བ་ཡིན། དུད་འགྲོ་མ་ཡིན་པའི་སྲོག་ཆགས་དང་རི་ཆུ་ནགས་གསུམ་ཚེ་ཐར་གཏོང་བའི་ཆོ་ག་ལ་དེ་འདྲའི་རྒྱ་ཆེན་པོ་མེད་པས་དེ་ཙམ་ལས་མ་བྲིས། འདིར་སྒོ་ཕྱུགས་ཀྱི་རིགས་གཏོང་བའི་ཆོ་ག་དངོས་ཅུང་ཙམ་གླེང་བ་ལ།  ཚེ་ཐར་གཏོང་བྱེད་ཀྱི་རྫས་ལ་སྲུང་རྟགས(འདི་ལ་ས་ཆ་ལ་ལར་ཚེར་སྐུད་ཀྱང་ཟེར) དང་མར། ཤུག་དུད་དང་འཁྲུས་དཀར(ཆུའི་ནང་དུ་འོ་མ་ཅུང་ཙམ་བསྣན་ནས་མདོག་དཀར་པོར་བསྒྱུར་བ་ལ་ཟེར)འཁྲུས་ནག་(ཆུ་གཙང་མ་རྐྱང་རྐྱང་ལ་ཟེར)དང་དར་ཚོན་སྣ་ལྔས་བཟོས་པའི་གཡང་ར་བཅས་དགོས་པ་ཡིན།  སྲུང་རྟགས་ཀྱི་རྒྱུ་ལ་བལ་དཀར་དང་ཁ་བཏགས་ཡིན་དགོས་ལ།  ཁ་བཏགས་འདོགས་སྐབས་དགུ་མདུད་བརྒྱབ་ནས་འདོགས་པ་ལས་གང་བྱུང་དུ་མི་འདོགས། སྔོན་ལ་བལ་དཀར་གྱིས་སྐུད་པ་འཁེལ་ནས་དེ་རྗེས་སྲུང་རྟགས་ལས་པ་ཡིན། སྤྱིར་སྐུད་པ་འཁེལ་བ་ལ་ཡར་འཁེལ་མར་འཁེལ་གང་བདེར་བཀལ་ཆོག་མོད།  སྲུང་རྟགས་ཀྱི་རྒྱུ་ལ་ངེས་པར་དུ་ཡར་འཁེལ་བྱེད་པ་ལས་མར་འཁེལ་བྱེད་མི་རུང་། སྲུང་རྟགས་སོགས་རྒྱུ་ཚགས་སུ་ཆུད་རྗེས་ལྷ་གསང་གཏོང་བ་དང་དེ་ནས་སྲུང་འཐེན་དགོས་པ་ཡིན། སྲུང་འཐེན(ཚེ་ཐར་གཏོང་བའི་ཆོ་ག་དངོས་ལ་སྤྱིར་སྲུང་འཐེན་པ་ཟེར)སྐབས་རྒྱུ་དེ་དག་གོ་རིམ་བཞིན་བཀོལ་དགོས་པ་ལས་གང་བྱུང་དུ་གོ་རིམ་འཆོལ་ནས་སྲུང་འཐེན་མི་རུང་།  སྔོན་ལ་ཤུག་དུད་བདུག་པ་དང་དེ་ནས་འཁྲུས་ནག་པོ་འདིས་མར་ལ་དག་སོལ་ལོ་ལོ་ཞེས་ཐོད་པ་ནས་རྔ་རྩེའི་བར་དུ་འཁྲུས་ནག་པོ་བླུགས། འདི་ཚེ་ཐར་གཏོང་ཡུལ་གྱི་སྒོ་ཕྱུགས་དེའི་སྟེང་གི་མི་གཙང་བའི་དྲི་མ་འདག་པར་བྱེད་པའི་མཚོན་རྟགས་ཡིན། དེའི་རྗེས་སུ་སྲུང་རྟགས་འདོགས་སྐབས་ངེས་པར་དུ་རྭ་ཅོ་དང་ཡང་ན་གསུས་ཁར་འདོགས་ལ། དེ་གཉིས་ལས་གཡས་ཕྱོགས་སུ་འདོགས་པ་ལས་གཡོན་ཕྱོགས་སུ་འདོགས་མི་རུང་། སྣ་མགོ་དང་རྣ་ཅོག་གཉིས་དང་རྭ་ཅོ་གཉིས། ཐོད་པ་དང་གདུང་བ་བཅས་ལ་མར་ཅུང་ཙམ་རེ་བསྐུས་ནས་ཁ་སྐུད་པ(ས་ཆ་ལ་ལར་མར་རྒྱན་གཏོང་བ་ཟེར)ཡིན། དེ་རྗེས་འཁྲུས་དཀར་པོ་འདིས་ཡར་ལ་གཙང་སོལ་ལོ་ལོ་ཞེས་རྔ་རྩེ་ནས་ཐོད་པའི་བར་དུ་ཁྲུས་དཀར་པོ་བླུགས་ནས་སྔོན་ལ་འཁྲུས་ནག་པོས་མི་གཙང་བའི་དྲི་མ་ཐམས་ཅད་དག་པར་བྱས་ནས་མཐའ་མར་འཁྲུས་དཀར་པོ་བླུགས་ཏེ་བཤལ་དགོས་པ་ཡིན། ཁ་སྐུད་པ་དང་སྲུང་རྟགས་འདོགས་པ་སོགས་ཀྱི་ཞོར་དུ་ཁ་ནས་དེ་རིང་ནས་བཟུང་ཁྱེད་ཚེ་ཐར་བཏང་བ་ཡིན། བཤས་ནས་ཤ་མི་བཟའ། བཙོང་ནས་རིན་མི་ལེན། བཀོལ་ནས་ཁལ་མི་འགེལ། རྒྱབ་ལ་རྐང་བ་མི་འཇོག བལ་རྩིད་མི་འབྲེག  བཀྲ་ཤིས་པར་ཤོག ཚེ་རིང་བར་ཤོག་ཅེས་སྨོན་ཚིག་དང་བཅས་ཚེ་ཐར་གཏོང་བ་ཡིན། རྟ་ནོར་ལུག་གསུམ་གང་ཡིན་ཀྱང་ཐོག་མའི་ཆོ་གའི་རིམ་པ་གོང་བཞིན་འདྲ་མོད་འདོན་ཆའི་ཐད་ཅུང་མི་འདྲ་བ་ཡོད་པ་འདི་ལྟ་སྟེ། ཚེ་ཐར་གཏང་བྱ་རྟ་ཡིན་སྐབས“སྐྱེ་མཆེད་ཡུལ་དབང་རབ་ཚང་ཞིང་། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་འདི། །བླ་མ་ཡི་དམ་ཚེ་ལྷ་དང་། །(དམིགས་བསལ་གྱིས་ཆོས་སྐྱོང་ལ་སྤྱན་གཟིགས་འབུལ་དགོས་ཚེ)ཁྱད་པར་མྱུར་མཛད་མགོན་པོ་དང་། །(མྱུར་མཛད་མགོན་པོ་ལ་སྲུང་མ་གཞན་ཁ་བསྒྱུར་ཚུལ་ནི། གུར་གྱི་མགོན་པོ་དང་། ཞལ་བཞིན་མགོན་པོ་དང་། དམ་ཅན་ཆོས་རྒྱལ་དང་། རྒྱལ་ཆེན་རྣམ་སྲས། དམག་ཟོར་རྒྱལ་མོ། བེག་ཙེ་ལྕམ་སྲིང་། རྒྱལ་པོ་སྐུ་ལྔ། རྡོ་རྗེ་ལེགས་པ། ཙིའུ་དམར་པོ་དང་ཞེས་རང་རང་གི་སྲུང་མ་དང་ཡུལ་ལྷ་གཞི་བདག་སོགས་ཁ་བསྒྱུར་ཤེས་པར་བྱའོ། །)ཆོས་སྐྱོང་ནོར་ལྷ་ཡུལ་ལྷའི་ཚོགས། །སྐྱེས་ལྷ་ཞིང་ལྷ་འགོ་བའི་ལྷ། །དགྲ་ལྷ་ཆེན་པོའི་ཚོགས་རྣམས་ལ། །འབུལ་ལོ་བསྔོའོ་དགྱེས་པར་མཛོད། །ཕྱྭ་དང་གཡང་གི་རྟེན་དུ་མཛོད། །དགྲ་ལས་རྒྱལ་བའི་རྟེན་དུ་མཛོད། །ཐར་རོ་ཐར་རོ་རྟེན་འདི་དག  །དུས་མིན་འཆི་བའི་ནད་ལས་ཐར། །ལས་ངན་སྡུག་པའི་འཕྲང་ལས་ཐར། །མི་ཁོམ་སྐྱོན་གྱི་གནས་ལས་ཐར། ། རྒྱལ་ལོ་དཀར་པོ་ལྷ་རྒྱལ་ལོ། །”[5]ཞེས་དང་།  དེ་བཞིན་གཡག་ཚེ་ཐར་ལ་གཏོང་སྐབས“བརྗིད་པའི་རྭ་ལྡན་རྔ་ཞོལ་ཅན། །ཤུགས་འཆང་ངར་སྒྲ་འབྱིན་པ་འདི། །”[6]ཞེས་དང་འབྲི་མོ་ལ“བརྗིད་པའི་རྭ་ལྡན་རྔ་ཞོལ་ཅན། །བདུད་བརྩིའི་རྒྱུན་འཛིན་ཞོལ་མོ་འདི། །”[7]ཞེས་དང་། ལུག་ལ“འཇམ་པའི་སྤུ་ཡི་གོས་གྱོན་ཞིང་། །ལྷང་འཚེར་དལ་བུས་རྒྱུ་བའི་ལུག །”[8]ཅེས་དང་།  ར་ལ“མཛེས་པའི་སྤུ་ཡིས་རབ་བརྗིད་ཅིང་། ། དར་གྱི་རྒྱན་ལྡན་ཅང་ཤེས་ར། །” [9]ཞེས་སོགས་རང་གི་ཚེ་ཐར་གཏོང་བྱ་མི་འདྲ་བ་ལ་ཁ་ནས་འདོན་རྒྱུའང་མི་འདྲ་མོད། འོན་ཀྱང་ཚིག་རྐང་ཐོག་མ་གཉིས་རྟ་དང་ནོར། ར་ལུག་སོགས་གང་ཚེ་ཐར་གཏང་བྱའི་སྲོག་ཆགས་ཀྱི་ཁྱད་ཆོས་བརྗོད་ཡོད་ལ་ཚིག་རྐང་དེ་གཉིས་མ་གཏོགས་སྲུང་མ་དང་ཡུལ་ལྷ་གཞི་བདག་ལ་འཕྲིན་ལས་མཐའ་དག་གི་སྐྱབས་བཅོལ་ཚུལ་གཅིག་མཚུངས་ཡིན། གཞན་ཡང་སྐེ་ལ་ཚེ་ཐར་གྱི་མིང་བྱང་བཏགས་ནས་ཆོ་ག་དངོས་མཇུག་སྒྲིལ་བ་ཡིན་ནོ། །
གསུམ་པ། ཚེ་ཐར་བཤས་པའི་ཉེས་དམིགས།
        སྤྱིར་སྲོག་བཅད་པ་ལ་འབྲས་བུ་བཟོད་དུ་མེད་པ་འབྱུང་ལ། དེ་ལ་རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ་དང་བདག་པོའི་འབྲས་བུ་གསུམ་འབྱུང་བ་ལས། རྣམ་སྨིན་གྱི་འབྲས་བུས་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་ཚད་མེད་མྱོང་བ། རྒྱུ་མཐུན་གྱི་འབྲས་བུས་གཞན་གྱི་སྲོག་བཅད་པས་རང་ལ་མཐོ་རིས་སུ་ལུས་རྟེན་ཐོབ་ཀྱང་ཚེ་ཐུང་ལ་ནད་མང་བའི་འབྲས་བུ་སྨིན་ངེས་པར་ནང་པའི་གཞུང་རྣམས་ལས་གསུངས། བདག་པོའི་འབྲས་བུས་རང་སྡོད་སའི་ཡུལ་གྱི་སྨན་ལའང་ནུས་པ་མེད་ལ་ཟས་མི་འཕྲོད་པ་སོགས་ཀྱི་འབྲས་བུ་སྨིན་ངེས་ཡིན། སྲོག་གཅོད་ཀྱི་ཉེས་དམིགས་ཤིན་ཏུ་ཆེ་སྟེ།  《ཆོས་མངོན་པ་མཛོད》ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པོ་རང་བཞིན་ལྡན། །ཞེས་པ་ལྟར་མི་རང་གིས་བསད་པ་དང་གཞན་ལ་གསོད་དུ་བཅུག་པ་གང་ཡིན་ཀྱང་རུང་། མི་གཉིས་ཀྱིས་སྲོག་གཅིག་བཅད་ན་སྡིག་པ་བགོ་བྱ་རྒྱག་རྒྱུ་མེད་པར་མི་རེ་རེར་སྲོག་གཅིག་བཅད་པའི་སྡིག་པ་འབྱུང་བ་ཡིན།   སྤྱིར་སྲོག་བཅད་པ་ལ་དེ་འདྲའི་འབྲས་བུ་སྡུག་བསྔལ་སྣ་ཚོགས་མྱོང་བར་མ་ཟད་སྔོན་ཚེ་ཐར་བཏང་ཟིན་པའི་སྲོག་གཅིག་བཅད་ན་སྡིག་པ་དེ་འདྲ་བའི་སེམས་ཅན་བརྒྱ་བསད་པའི་སྡིག་པ་འབྱུང་བར་ནང་པའི་གཞུང་ལས་དེ་ལྟར་བཤད་ལ། གོང་ལས་བཤད་པ་ལྟར་ཚེ་ཐར་ལ་རིགས་མི་འདྲ་བ་དུ་མ་ཡོད་པ་བཞིན་དེ་དག་བཤས་པའི་ཉེས་དམིགས་ཀྱང་མི་འདྲ་བ་སོ་སོ་འབྱུང་བར་བཤད།  ཚེ་ཐར་བཤས་ན་ཉེས་དམིགས་ཅི་ཙམ་ཡོད་ཅེ་ན།  དེ་ལ་སྤྱིར་སྲོག་གཅོད་ཀྱི་ཉེས་དམིགས་དང་ཚེ་ཐར་བསད་པའི་ཉེས་དམིགས་གཉིས་འབྱུང་། འདིར་ཁྱད་པར་ཚེ་ཐར་རྣམ་གྲངས་སོ་སོ་ལ་ཉེས་དམིགས་མི་འདྲ་བ་འབྱུང་བ་བཤད་པ་ལ།  “མདོ་ལུགས་ཀྱི་ཚེ་ཐར་བཤས་ན་རྫུན་སྨྲས་པའི་ཉེས་དམིགས་དང་། ངོ་ཚ་མེད་པའི་ཉེས་པ་དང་།  ཁྲེལ་མེད་པའི་ཉེས་པ་དང་། ཆད་མི་བཙན་པའི་ཉེས་དམིགས་དང་། གནའ་གཞུང་མེད་པའི་ཉེས་པ་དང་།  མི་རྣམས་ཀྱིས་འཕྱ་བ་དང་། ལྷ་རྣམས་མི་དགའ་བར་འགྱུར་རོ། །ཚེ་ཤུགས་བཏང་བའི་ཚེ་ཐར་བཤས་ན། ཚེ་ཐུང་བར་འགྱུར་བ་དང་། སངས་རྒྱས་ཚེ་དཔག་མེད་ཀྱི་དབུ་གཡོགས་པའི་ཉེས་པ་དང་། ཚེ་དཔག་མེད་ཀྱི་དཀོར་འཕྲོག་པའི་ཉེས་པ་འབྱུང་སྟེ།  སྲོག་བཅད་པས་དམྱལ་བར་སྐྱེ།  སངས་རྒྱས་ཀྱི་དབུ་གཡོགས་པས་ཐར་པར་དཀའ། སངས་རྒྱས་ཀྱི་དཀོར་འཕྲོག་པའི་ཉེས་པས་ཡི་དྭགས་སུ་སྐྱེས། ཕན་ཡོན་དང་ཉེས་དམིགས་ཁྱད་དུ་བསད་པས་དུད་འགྲོར་སྐྱེའོ།  །ལྷ་ལ་རྟེན་དུ་བཙུགས་པའི་ཚེ་ཐར་བཤས་ན། བསྟན་པ་བཤིགས་པས་ཕྱིན་ཆད་ལྷ་མི་འཁོར། ལྷ་དང་དམ་ཚིག་ཆག་པས་ལྷ་བདུད་དུ་འབབ་བོ། །རང་གིས་རང་བྲུབ་པ་ཡིན་ནོ།  །ལྷ་ལ་དཀོར་དུ་ཕུལ་བའི་ཚེ་ཐར་བཤས་ན། །ལྷ་དེའི་འོག་རྟ་གྲྭ་གལ་བསད་པ་དང་འདྲ་བས་ལྷ་བདུད་དུ་འབབ། གོད་ཁ་དང་བཀྲ་མི་ཤིས་པ་འབྱུང་ངོ་།  །སྲོག་བླུ་བཏང་བའི་ཚེ་ཐར་བཤས་ན། མི་ལ་བུ་ལོན་འཇལ་བའི་ནོར་བཅོལ་བཤས་ནས་ཟོས་པ་དང་འདྲ་བས་ལྷ་འདྲེའི་ཟ་ཁ་རང་ལ་སྟོན་པས་ཚེ་ཐུང་ནད་མང་བར་འགྱུར་རོ། ། ཡང་ཚེ་སྤོ་ཟེར་ནས་ཆེ་ཆེ་བཤས་ནས་ཆུང་ཆུང་ཚབ་བཏང་བ་ནི་ཤིན་ཏུ་མི་རུང་སྟེ། དཀོན་མཆོག་གསུམ་དང་ལྷ་རྣམས་མགོ་བསྐོར་བ་དང་། རྫུན་སྨྲས་པ་དང་།  བསྟན་པ་སྨ་ཕབ་པའི་ཉེས་པ་འབྱུང་ངོ་། །” [10]ཞེས་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཚེ་ཐར་གྱི་དབྱེ་བ་ཕན་ཡོན་ལས་དེ་ལྟར་གསུངས་སོ། ། 
བཞི་པ། ཚེ་ཐར་སྲོག་བླུ་ལས་བོད་མི་རིགས་ཀྱི་ལྟ་སྤྱོད་ནོར་འཁྲུལ་སྐོར།
        ཚེ་ཐར་སྲོག་བླུ་ནི་བགེགས་བར་ཆད་སོགས་བཀྲ་མི་ཤིས་པ་ལས་བཟློག་པར་བྱེད་པའི་དཀར་པོ་ཆོས་ཀྱི་བྱེད་སྒོའམ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཞིག་ཡིན། དེ་བས་རྣམ་དཀར་གྱི་དགེ་བའི་ལས་གང་ཞིག་བསྒྲུབས་ཀྱང་ཐོག་མར་རང་གི་ཀུན་སློང་བཅའ་རྒྱུ་ནི་གནད་གཙོ་བོ་ཞིག་ཡིན།  དགེ་མི་དགེ་དང་དེའི་འབྲས་བུ་བཟང་ངན་ཅི་འདྲ་འབྱུང་བ་ཐམས་ཅད་བསམ་པ་དང་ཀུན་སློང་ལ་རག་ལས་པ་ཞིག་ཡིན་ཏེ། རྗེ་ཙོང་ཁ་པ་ཆེན་མོའི་ཞལ་ནས“བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །”ཞེས་གསུངས་པ་ལྟར་ཆོས་རྣམ་དག་ཏུ་འགྲོ་མིན་བསམ་པ་བཟང་ངན་ལ་རག་ལས་པས་ཚེ་ཐར་གཏོང་སྐབས་ཀྱང་བསམ་པ་དང་ཀུན་སློང་རྣམ་དག་གིས་གཏོང་རྒྱུ་ཧ་ཅང་གལ་ཆེ་མོད།  བོད་མི་རྣམས་ཀྱིས་དུས་རྒྱུན་དུ་ཚེ་ཐར་གཏོང་བའི་གོ་རིམ་ཁྲོད་དུ་ཀུན་སློང་དང་བྱ་སྤྱོད་ཐད་ནོར་འཁྲུལ་འབྱུང་བཞིན་འདུག་སྟེ།  ཐོག་མར་ཀུན་སློང་ཐད་ཀྱི་ནོར་འཁྲུལ་འབྱུང་བ་ནི།  རྟ་ནོར་ལུག་གསུམ་ལས་གང་རུང་ཚེ་ཐར་གཏོང་སྐབས་རྟ་དང་ནོར་ཚེ་ཐར་གཏོང་བ་ཧ་ཅང་ཉུང་ལ།  རྟ་གཅིག་ཚེ་ཐར་བཏང་བ་ཡིན་ན་དེ་ལ་ཞོན་མི་ཆོག་ལ་བཙོང་ཡང་མི་ཆོག་པར་མ་ཟད་དུས་རྒྱུན་ཀྱི་འཚོ་སྐྱོང་བྱེད་སྐབས་གཟན་ཆས་སོགས་ཀྱང་མི་ཉུང་བ་ཞིག་དགོས་པས་རེད།  ནོར་ཚེ་ཐར་གཏོང་བའང་ཧ་ཅང་ཉུང་ལ་རྒྱུ་མཚན་གོང་གི་ཀུན་སློང་ནང་བཞིན་ཡིན།  རྟ་ནོར་ལུག་གསུམ་ལས་ལུག་མ་གཏོགས་རྟ་དང་ནོར་ཚེ་ཐར་གཏོང་བ་ཧ་ཅང་ཉུང་ལ་གལ་ཏེ་རྟ་ནོར་ལུག་གསུམ་ལས་གང་རུང་ཞིག་ཚེ་ཐར་གཏོང་སྐབས་ཀྱང་སྔོན་ལ་ཕོ་མོ་ལ་བརྟགས་ནས་མོ་ཚེ་ཐར་གཏོང་བ་ལས་ཕོ་ཚེ་ཐར་གཏོང་བ་ཧ་ཅང་ཉུང་ཉུང་ཡིན། ཕོ་མོ་གཉིས་ལས་མོ་ཕྱུགས་གཏོང་བ་མང་ལ་མོ་ཕྱུགས་ཀྱི་ནང་ནས་ཀྱང་རྒྱུད་བཟང་ངན་དང་རྒྱབ་ཀྱི་བལ་རྩིད་མང་ཉུང་དང་གཟུགས་བོངས་ཆེ་མིན་སོགས་ལ་བརྟགས་ནས་རྒྱུད་བཟང་ལ་བལ་རྫོང་མཐུག་པ་གཟུགས་བོངས་ཆེ་བ་སོགས་ལ་བལྟས་པའི་སྒེར་སེམས་དང་བདག་འཛིན་གྱིས་ཀུན་ནས་བསླངས་ཏེ་ཚེ་ཐར་གཏོང་བ་ཧ་ཅང་མང་། འདི་ནི་ཐོག་མའི་ཀུན་སློང་ཐད་ཀྱི་ནོར་འཁྲུལ་རེད། ཚེ་ཐར་བཏང་ཟིན་རྗེས་བདག་སྐྱོང་བྱེད་སྐབས་ཀྱང་ནོར་འཁྲུལ་འབྱུང་བཞིན་ཡོད་དེ། རྟ་ཚེ་ཐར་བཏང་རྗེས་ཁྱོད་ཚེ་ཐར་ཡིན་ཅེས་རྫ་མགོ་དང་རི་མགོ་སོགས་སུ་བཏང་རྗེས་རྗེས་ཕྱོགས་སུ་དེ་ལ་འཚོ་སྐྱོང་གང་ཡང་མི་བྱེད་པ་དེ་ནི་མི་ལེགས་སྙམ་སྟེ། ཚེ་ཐར་ཡིན་ཀྱང་དེ་ལ་སྔར་བཞིན་འཚོ་སྐྱོང་བྱས་ན་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་པ་ཡིན་པས་རྣམ་དག་གི་ཆོས་སུ་སོང་བ་ཡིན་པར་འདོད། ཚེ་ཐར་བཏང་ཟིན་པའི་ཕྱུགས་ཟོག་བོར་བརླག་བྱུང་བ་ཡིན་ན་དེ་ཕྱུགས་ཟོག་གཞན་བོར་བ་ནང་བཞིན་ནན་གྱིས་མི་བཙལ་ལ་སེམས་སུའང་ཚེ་ཐར་ཡིན་པས་བོར་ན་བོར་སྙམ་པའི་བསམ་བློ་འབྱུང་སྲིད་པ་དང་།  ཕྱུགས་ཟོག་ལོ་ལོན་ནས་དཔྱིད་ནམ་ངན་གྱི་སྐབས་སུ་དེ་ལ་ཤི་སོང་ན་ཆོག་སྙམ་ནས་གཟན་ཆས་མི་སྟེར་བ་སོགས་ཀྱི་བྱ་སྤྱོད་དེ་དག་ནི་ཧ་ཅང་མི་འོས་པ་ཞིག་རེད་འདོད། དེ་མིན་དུད་འགྲོ་གང་ཡང་འཚོ་གནས་ཀྱི་ཁོར་ཡུག་ལ་བརྟེན་པ་ཡིན་པས་ཁོ་ཚོ་ལའང་ཁོ་ཚོ་དང་འཚམ་པའི་ཁོར་ཡུག་ཅིག་གི་ནང་དུ་འཚོ་སྡོད་བྱེད་ཀྱིན་ཡོད་པས།  ཚེ་ཐར་གཏོང་སྐབས་གཏང་བྱ་དུད་འགྲོ་དེ་གང་དུ་གཏོང་བའི་ཡུལ་ལ་ལེགས་པར་བརྟགས་ནས་གཏོང་བ་ལས་གང་འདོད་དུ་གཏོང་མི་རུང་། དཔེར་ན། ས་དྲོ་སའི་ཉ་རྣམས་ས་འཁྱག་སའི་ཆུ་འཁྱག་ཏུ་བཏང་བ་དང་། ཚྭ་ཆུའི་ནང་གི་ཉ་རྣམས་ཚྭ་མེད་པའི་ཆུར་བཏང་ན་ཁོ་ཚོ་ཆུ་རུ་འཚོ་བ་ཡིན་ཀྱང་ཆུ་མ་འཕྲོད་པས་ཤི་འགྲོ་ཉེན་ཡོད། དེ་ནི་ཀུན་སློང་དགེ་བས་སྦྱར་ནས་དགེ་བའི་ཆོས་བྱས་པ་ཡིན་ཀྱང་འབྲས་བུ་མི་དགེ་བར་འགྲོ། དེ་མིན་ཉ་འཚོང་རྒྱག་མཁན་རྣམས་ཉ་ཚེ་ཐར་གཏོང་མཁན་ལ་ཚོང་ལོག་རྒྱག་པའི་ཆེད་དུ་ཉ་མང་པོ་འཛིན་པ་དང་། དུས་བཟང་སོགས་སུ་ཚེ་ཐར་གཏོང་བར་ཤེས་ནས་སྒུག་བསྡད་དེ་ཉིན་དེར་ཉ་སོགས་སྲོག་ཆགས་མང་པོ་འཚོང་བའང་ཡོད། ད་དུང་གཅན་ཚའི་ས་ཆར་སྣང་ཚུལ་འདི་ལྟ་བུའང་ཡོད་དེ།  རྨ་ཆུའི་ཚུ་རོལ་ཏུ་བོད་མི་རྣམས་ཀྱིས་དུས་ཆེན་སོགས་སུ་ཉ་མང་པོ་ཚེ་ཐར་བཏང་ན། རྨ་ཆུའི་ཕ་རོལ་ཏུ་ཧེ་རིགས་རྣམས་ཀྱིས་སླར་བཟུང་ནས་ཕྱིར་བཙོང་བཞིན་པའི་སྤྱོད་ངན་སོགས་ཀྱང་མངོན་སུམ་དུ་ཡོད་འདུག  དེ་བས་ཚེ་ཐར་བཏང་བའི་ལས་དེ་ནི་གཞན་མི་རིགས་གྱི་གཡོ་སྒྱུའི་ཚོང་ལོག་སྤེལ་མཁན་ཚོར་དཔལ་འབྱོར་གྱི་མཐུན་རྐྱེན་བསྐྲུན་པ་མིན་ནམ། བཤས་རར་སོང་ནས་ཤན་པས་གསོད་ངེས་པའི་ཕྱུགས་ཟོག་ཉོས་ནས་ཚེ་ཐར་གཏོང་བ་ལའང་བསམ་དགོས་པའི་གནད་ཅིག་འདུག་སྟེ། ཤན་པས་འབྲོག་ཕྱོགས་ནས་ཉོས་པའི་སྐམས་ལུག་དེ་དག་བཤས་རར་ཉོས་ནས་ཚེ་ཐར་བཏང་ན་དེ་ནི་ཤན་པ་དེ་ལ་སྐམས་ལུག་འབོར་ཆེན་ཉོ་བྱེད་ཀྱི་སྒོར་མོའི་གྲངས་འབོར་ཇེ་མང་དུ་བཏང་བར་མ་ཟད་སྐམས་ལུག་གསོད་པའི་གྲངས་ཀའང་ཇེ་མང་དུ་བཏང་བར་འདོད་དེ།  དཔེར་ན།  ཤན་པ་ཞིག་གིས་སྐམས་རེར་སྒོར་སྟོང་གཅིག་རེ་བྱིན་ནས་སྐམས་བཅུ་ཉོས་ཏེ་བཤས་རར་ཐོན་པའི་དབང་དུ་བཏང་ན། བོད་མི་བྱམས་སྙིང་རྗེ་ཅན་ཞིག་གིས་དེ་དག་འཆི་བར་མ་བཟོད་པར་ཤན་པའི་ལག་ནས་ཉོ་བ་ཡིན་ན།  ཤན་པ་དེས་སྔོན་གྱི་རིན་གོང་ལྟར་བཙོང་རྒྱུ་ནི་དཔེ་མི་སྲིད་པ་ཞིག་རེད།  གལ་ཏེ་སྐམས་རེའི་རིན་གོང་ལས་སྒོར་བརྒྱ་རེ་འཕར་ནས་བཙོངས་རྗེས་ཕྱི་ཉིན་སླར་འབྲོག་ཕྱོགས་སུ་སྐམས་ཉོ་རུ་ཕྱིན་ཚེ་སྔོན་གྱི་མ་དངུལ་གྱིས་སྐམས་བཅུ་མ་གཏོགས་ཉོ་མི་ཐུབ་ཀྱང་།  ཐེངས་དེར་སྐམས་བཅུ་གཅིག་ཉོ་ཐུབ་པས་སྲོག་གཅོད་ཀྱི་ཁ་གྲངས་ཇེ་མང་དུ་སོང་བར་མ་ཟད།  དུས་ཡུན་ཐུང་ཐུང་ནང་དཔལ་འབྱོར་གྱི་ཁེ་ཕན་ཡང་ཇེ་མཐོར་སོང་ཡོད་པས།  དེ་ཡང་ཤན་པ་དེ་ལ་རོགས་རམ་བྱས་པ་དང་གཅིག་མཚུངས་རེད་སྙམ།  དེས་ན་སྐམས་ལུག་ཉོས་ནས་ཚེ་ཐར་གཏོང་ན་ཅི་ལྟར་བྱས་ན་ལེགས་ཟེར་ན། ཐད་ཀར་འབྲོག་ཕྱོགས་སུ་སོང་ནས་ཚེ་ཐར་ལ་གཏོང་རྒྱུའི་ཕྱུགས་ཟོག་ཉོས་ནས་ཚེ་ཐར་བཏང་རྗེས་ཕྱིར་བདག་པོའི་ཕྱུགས་ཁྱུར་བཏང་ན་ཀུན་ལ་ཕན་པར་འདོད་སྟེ། འབྲོག་མི་རྣམས་ཀྱིས་ཀྱང་ཚེ་ཐར་ཡིན་བསམས་ནས་རིན་གོང་ཅུང་དམའ་བར་བཙོང་ལ་རྗེས་ཕྱོགས་སུ་ཚེ་ཐར་བཏང་ཟིན་པའི་ཕྱུགས་ཟོག་དེ་ལ་སྔར་བཞིན་བདག་སྐྱོང་བྱེད་མཁན་གྱི་བདག་པོའང་ཡོད་འདུག  གོང་སྨོས་དེ་དག་གི་དབང་གིས་ཚེ་ཐར་གཏོང་སྐབས་རྟ་ནོར་ལུག་གསུམ་ལས་ལུག་དང་ཕོ་མོའི་དབྱེ་བ། རྒྱུད་བཟང་ངན་དང་གཟུགས་བོངས་ཆེ་ཆུང་སོགས་ཀྱི་དབྱེ་བ་མི་འཛིན་ལ། ཚེ་ཐར་བཏང་བའི་དུད་འགྲོ་དེ་དག་གནས་གང་དུ་གཏོང་བའི་ཡུལ་སོགས་ལ་ལེགས་པར་བརྟགས་ནས་བྱམས་དང་སྙིང་རྗེའི་སྒོ་ནས་བསམ་པ་རྣམ་དག་གིས་ཚེ་ཐར་བྱས་ན་དེ་ལས་ལྷག་པའི་ཕན་ཡོན་འབྱུང་སྲིད་དོ། །
        ཟུར་བལྟའི་དཔྱད་གཞི།                 
        [1][2][3][4][10] དབྱར་རྩྭ་དགུན་འབུའི་ཚོང་གཉེར་པ་ལྷན་ནས་རིན་མེད་ཆོས་སྦྱིན་དུ་ཕུལ།《ཚེ་ཐར་སྲོག་བླུའི་འདོན་ཆ་འཆི་མེད་དཔལ་སྟར།》 ཤོག་ངོས238.239.240.241-242 
        [5][6][7][8][9] ནགས་གཙང་བྱམས་པ་ངག་དབང་།[M] རྒྱུན་མཁོའི་ཆོ་ག་ཕྱག་ལེན་སྣ་ཚོགས། མི་རིགས་དཔེ་སྐྲུན་ཁང་། 2009: 116.116.117.117.117.

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1